རྭ་རྒྱ་དགོན་པའི་དགེ་བའི་བཤེས་གཉེན་འོད་ཟེར་བཟང་བོའི་མཛད་རྣམ་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-12-07 10:11:21     རྩོམ་པ་པོ།   རྭ་རྒྱའི་བཟོད་པ།     ཀློག་ཐེངས།  

微信图片_20231217121254.jpg

དགེ་བའི་བཤེས་གཉེན་ཆེན་མོ་མཁན་ཆེན༧འོད་ཟེར་བཟང་བོ་མཆོག་ནི། རྭ་རྒྱའི་ལྷ་འབངས་ཡག་ཁྱ་ཞེས་པར་ཡབ་བཤད་སྒྲུབ་དང་ཡུམ་མཚོ་སྐྱིད་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༩༢༥ལོར་འཁྲུངས། ཆུང་ངུའི་དུས་ནས་བློ་རིག་ཤིན་ཏུ་རྒོད་པས་གཞན་གྱི་སྐྱོར་སྦྱོང་བྱེད་པ་ཐོས་པ་ཙམ་གྱིས་ཀྱང་མདོ་གདུགས་སྒྲོལ་གསུམ་སོགས་ཆེད་དུ་སྐྱོར་སྦྱོང་བྱེད་མ་དགོས་པར་ལོབས། སྤྱི་ལོ༡༩༣༣ལོར་དགེ་བའི་བཤེས་གཉེན་ཆེན་མོ་ཡག་ཁྱའི་ཆོས་དར་གྱི་དྲུང་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་འོད་ཟེར་བཟང་བོ་ཞེས་གསོལ། རྭ་རྒྱ་དགོན་པར་ཚོགས་ཞུགས་གནང་སྟེ་ལོ་ལྔའི་རིང་འདོན་ཕྱག་ལེན་དང་དབྱངས་བར་རྟ་ས་གསུམ། ཕྱག་རྒྱ་བཅའ་ལུགས། ཐིགས་རྡུལ་ཚོན་སོགས་དགོན་པའི་འདོན་ཕྱག་ལེན་ཡོངས་སུ་རྗོགས་པ་ཐུགས་ལ་བྱུང་བར་མཛད།

དགེ་བའི་བཤེས་གཉེན་ཆེན་མོ་ངག་དབང་དགེ་བཟོད་དང་། དགེ་བཤེས་དགེ་འདུན་བཟང་བོ་སོགས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཏེ་བསྡུས་གྲྭ་ཁག་གསུམ། བློ་རྟགས་དང་གྲུབ་དོན་ས་གསུམ། ཚད་མ་རྣམ་འགྲེལ། ཕར་ཕྱིན་དང་དབུ་མ། མཛོད་འདུལ་སོགས་ནང་རིག་པའི་གཞུང་ཆེན་བཀའ་པོད་ལྔ་ལ་ཐུགས་གཉེར་རྒྱ་ཆེན་མཛད། དྲང་ངེ་ལེགས་བཤད་སྙིང་བོ་དང་སྤྱོད་འཇུག་ཆེན་མོ་གཉིས་ཐུགས་ལ་བཟུང་སྟེ་ཞལ་འདོན་ཆགས་མེད་མཛད། སྐུ་ཕྱོགས་ཨ་ཀ་རིན་པོ་ཆེས་རྒྱུགས་སྤྲོད་ཨང་དང་བོའི་གཟེངས་བསྟོད་དང་གསོལ་རས་གྱ་ནོམ་པ་གནང་། ༡༩༤༩ལོར་ཤིང་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གི་མཚན་ཉིད་ཞབས་ཞུར་བཞག ཤིང་བཟའ་བློ་བཟང་མཁས་བཙུན་བཤད་སྒྲུབ་དམ་ཆོས་རྒྱ་མཚོ་ལས་དཔལ་དུས་ཀྱི་འཁོར་ལོའི་རྡུལ་ཚོན་ལ་བརྟེན་པའི་དབང་ཆེན་དང་། པཎ་ཆེན་ཆོས་ཀྱི་ཉི་མའི་དྲུང་ནས་ཐུགས་རྗེ་ཆེན་པོའི་དབང་། རྟ་ཕྱག་ཁྱུང་གསུམ་གྱི་ལུང་། དུས་འཁོར་ལྷན་སྐྱེས་ཀྱི་དབང་། དགའ་ལྡན་ལྷ་བརྒྱ་མ་དང་ལམ་གཙོ་རྣམ་གསུམ་སོགས་ཀྱི་དབང་ལུང་མང་བོ་ཐོབ།

ཆོས་སྒོ་གསར་དུ་ཕྱེས་རྗེས་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་གི་མཁན་པོ་རུ་ལོ་བརྒྱད་ལ་བཞུགས་ཏེ་སློབ་གཉེར་བ་རྣམས་ཀྱི་ན་བཟའ་མནབ་ལུགས་དང་། བཞེས་པ་བཞེས་ལུགས། འདོན་དབྱངས་རྟ་ས་གསུམ། ཐིག་རྡུལ་ཚོན། སྒྲིག་ཀུན་སྤྱོད། ཐ་ན་གཏོར་བཟོ་ཚུན་ཆད་སྔོན་གྱི་ཕྱག་ལེན་སྔོན་བཞིན་བཙུགས།

དབུ་བསྡུས་གྲྭ་ནས་བཟུང་རིམ་བཞིན་འཛིན་གྲྭ་བཅུ་གསུམ་བདག་སྐྱོང་མཛད་དེ།བསྡུས་གྲྭ། རྣམ་འགྲེལ། ཕར་ཕྱིན། དབུ་མ། མཛོད། འདུལ་བ་སོགས་ཀྱི་དཔེ་ཁྲིད་དང་རྩོད་རྒྱུགས་འབུལ་ལུགས་ལ་མཛུབ་སྟོན་གནང་སྟེ་རྭ་རྒྱ་དགོན་པའི་བསྟན་པ་ཡང་དར་གྱི་སློབ་གཉེར་འཕེལ་རྒྱས་ལ་མཛད་རྗེས་རྨད་དུ་བྱུང་བ་བཞག

སྔ་ཕྱིར་བློ་གསལ་དོན་གཉེར་ཅན་མང་བོ་ལ་དབང་ལུང་རྗེས་གསུམ་གནང་བ་ནི་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་། དྲང་ངེས་ལེགས་བཤད་སྙིང་བོའི་བཤད་ལུང་། སྐྱབས་འགྲོ། ལྟུང་བཤགས། སྤྱི་བཤགས། གཙོ་རྒྱལ་མ། རྒྱན་འཇུག ཡོན་ཏན་གཞིར་གྱུར་མ། དྲེགས་པོ་སུམ་སྒྲིལ། དགའ་ལྡན་ལྷ་བརྒྱ་མ་སོགས་བཤད་ལུང་རྗེས་གནང་མང་དུ་གསུངས།

རང་དགོན་དུ་བསྐྱངས་པའི་སློབ་མ་ལའང་གཙོ་རི་མཆོག་སྤྲུལ་འཇིགས་མེད་བསྟན་པའི་རྒྱལ་མཚན། སྐུ་ཕྱོགས་རྒྱལ་བ་མཁྱེན་རབ་རྒྱ་མཚོ། སྨན་ཤུལ་བློ་བཟང་དགེ་འདུན་རྒྱ་མཚོ། ཇེ་ཚང་བསྟན་པའི་རྒྱལ་མཚན། སྟོང་སྐོར་བློ་བཟང་གསུང་རབ་རྒྱ་མཚོ། མ་ཁྱེ་འཇིགས་མེད་ཐུབ་བསྟན་རྒྱ་མཚོ། མཁན་ཟུར་འཇམ་དཔལ་རྒྱ་མཚོ། མཁན་ཟུར་བློ་བཟང་བསྟན་པ། མཁན་ཟུར་ངག་དབང་རྒྱ་མཚོ་སོགས་རྭ་རྒྱ་དགོན་པར་ཁོང་གི་སློབ་མར་མ་གྱུར་བ་ཕལ་ཆེར་གཅིག་ཀྱང་མེད། དེ་མིན། གཙང་དགོན་དང་། རྭ་རྒྱ་དགོན། ཤ་སྤྲང་དགོན། ཧྭ་སྐོར་དགོན་སོགས་ཀྱི་བསྒྲུབ་བྱ་མང་བོར་རབ་བྱུང་དགེ་ཚུལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་ཏེ་ཚུལ་ཁྲིམས་ཀྱི་ཕུང་བོ་རྣམ་པར་དག་པའི་དཔལ་ལ་བཀོད། མཐར་དགུང་ལོ་གྱ་གསུམ་སྟེང་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།