གཙང་དགོན་པའི་དགེ་བཤེས་སེ་མཆོད་ཡོན་རྒྱ་མཚོའི་རྣམ་ཐར་མདོར་བསྡུས། 

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-12-07 10:07:45     རྩོམ་པ་པོ།   བློ་བཟང་བྱམས་པ།    ཀློག་ཐེངས།  

微信图片_20231207101316.jpg


འཆད་རྩོད་རྩོམ་གསུམ་ལ་འགྲན་པའི་ཟླ་དང་བྲལ་བའི་དཔལ་ལྡན་བླ་མ་དམ་པ་སེ་མཆོད་ཡོན་རྒྱ་མཚོ་མཆོག་ནི་སྤྱི་ལོ་1972ལོའི་བོད་ཟླ་5ཚེས་17ཉིན་གཡུ་རྔོག་ཆུ་དམར་ཚོ་བར་ཡུམ་ལྷ་མོ་དང་། ཡབ་བློ་བཟང་བསྟན་རྒྱས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།

 དགུང་གྲངས་དགུ་ནས་བཅུ་གསུམ་བར་སྦྲ་གུར་སློབ་གྲྭ་སོགས་སུ་ཕེབས་པ་དང་དེའི་ཞོར་དུ་ཡབ་ཀྱི་དྲུང་དུ་སུམ་རྟགས་དག་གསུམ་དང་བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་སོགས་ལ་སྦྱང་བརྩོན་ལྷོད་མེད་གནང་། 

དགུང་ལོ་བཅོ་ལྔའི་སྟེང་རྗེ་བཙུན་ཆོས་འཕེལ་རྒྱ་མཚོའི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞེས། དེ་ནས་གཙང་དགོན་པའི་ཚོགས་རྒྱུགས་དང་གཞུང་ཆེན་གང་མང་ཐུགས་འཛིན་གནང་།

 དགུང་ལོ་བཅུ་བདུན་སྟེང་བསྡུས་གྲྭ་ནས་བཟུང་ཕར་ཕྱིན་བར་ཐོས་བསམ་ཚུལ་བཞིན་མཛད། 

1999ལོར་སེ་ར་ཐེག་ཆེན་གླིང་དུ་ཕེབས་ཏེ་རྗེ་བཙུན་ངག་དབང་ཟླ་གྲགས་མཆོག་གི་ཞབས་པད་སྤྱི་བོས་རྒྱན་དུ་བསྟེན་ཏེ་ལོ་བཅུ་གཅིག་ཡས་མས་སུ་གཞུང་ཆེན་བཀའ་པོད་ལྔ་སོགས་མདོ་སྔགས་རིག་གནས་ཀུན་ལ་སློབ་གཉེར་ནན་ཏན་མཛད། 

1999ལོའི་ཟླ་བ་བཅུ་བའི་ནང་སེ་ར་ཐེག་ཆེན་གླིང་དུ་ཕར་ཕྱིན་འཛིན་གྲྭའི་སྟོན་མོ་སོགས་ཆོས་གྲོགས་རྣམས་དང་ལྷན་དུ་རོལ་མྱོང་བྱེད་རྒྱུའི་སྐལ་བ་བཟང་བོ་ལྡན། དེའི་ཞོར་ལ་སེ་འབྲས་དགེ་གསུམ་སོགས་ཀྱི་འཇང་དགུན་ཆོས་ལ་ཐེངས་གང་མང་ཕེབས་པར་མ་ཟད་དེ་གར་དམ་བཅའ་ཡང་འཇོག་གནང་མཛད། 

2003ལོ་ནས་སྦྲང་ཆར་དང་། བོད་ཀྱི་རྩོམ་རིགས་སྒྱུ་རྩལ། གངས་ལྗོངས་རིག་གནས། གངས་རྒྱན་མེ་ཏོག ལྷ་སའི་དགོང་དྲོའི་ཚགས་པར། ལྷ་སའི་ཉིན་རེའི་ཚགས་པར། ལྷ་སའི་གཞོན་ནུའི་ཚགས་པར། གུར་གུམ་ཆུན་པོ། དགེ་ལུགས་ཞིབ་འཇུག་སོགས་སྒེར་གཞུང་གི་དུས་དེབ་ཚད་ལྡན་གང་མང་གི་སྟེང་དུ་དཔྱད་རྩོམ་དང་སྙན་རྩོམ་རིན་ཐང་ཅན་སྣ་ཚོགས་སྤེལ། དེ་ནས་གཞུང་རྣམས་མཐར་ཕྱིན་རྗེས་རང་དགོན་དུ་ཕེབས་ཏེ་དགེ་རྒན་གྱི་འགན་འཁུར་བཞིན་ལེགས་བཤད་སྙིང་པོ། རྩ་འཇུག་གཉིས། ལྷག་མཐོང་ཆེ་ཆུང་། ལྟ་བའི་ལེགས་བཤད་སོགས་རིག་གནས་ཀུན་གྱི་དཀའ་གནད་བཟེད་བཀྲོལ་གནང་བར་མཛད། མ་ཟད་གཙང་རྭ་རྒྱ། རེབ་གོང་། བྲག་དཀར་སྦྲེལ་རྫོང་། རུ་སྔོན་དགོན། བྱ་ཁྱུང་དགོན། མཚོ་ལྷོའི་འཇང་ཆོས་སོགས་སུ་ཐེངས་གང་མང་ལ་ཕེབས། 

2012ལོར་མཚོ་ལྷོ་ཁུལ་ནང་བསྟན་བགྲོ་གླེང་སྐབས་བཞི་བ་མཐོ་ལས་དགོན་དུ་འཚོགས་པའི་དབུས་སུ་འཆད་ཁྲིད་དང་དཔྱད་རྩོམ་སྤེལ་བས་བསྔགས་བརྗོད་གྲངས་མེད་ཐོབ།  

2015ལོའི་འཇང་ཆོས་རུ་སྔོན་དགོན་དུ་འཚོགས་སྐབས་ཕུལ་བྱུང་རིགས་སྨྲ་བར་བདམས་པས་དཔང་ཡིག་ཀྱང་མཚོ་ལྷོ་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་གནང་། 

2017ལོར་མཚོ་ལྷོ་ཁུལ་བོད་བརྒྱུད་ནང་བསྟན་དགོན་པའི་དཔེ་ཁྲིད་དགེ་རྒན་གྱི་གསོ་སྦྱོང་འཛིན་གྲྭའི་སློབ་སྦྱོང་ལ་ཞུགས། གཞན་ཡང་རང་དགོན་དང་རྭ་རྒྱ་དགོན་གྱི་ཟབ་དོན་དབུ་མའི་བགྲོ་གླེང་འཚོགས་སྐབས་དམ་བཅའ་དང་དཔྱད་རྩོམ་སྤེལ་བར་མཛད། ད་ལྟ་དཔེ་ཁྲིད་གནང་ཞོར་འཆད་རྩོད་རྩོམ་གསུམ་ལ་བརྩོན་བཞིན་འཚོ་ཞིང་གཞེས་སོ། །

ཞེས་དམ་པ་ཁོང་གི་སློབ་བུ་བློ་བཟང་བྱམས་པ་ལྷུན་གྲུབ་རྒྱ་མཚོས་སྤྱི་ལོ2023.12.5དང་། བོད་ཟླ10.23ཉིན་གྱི་དགོང་མོ་ཆུ་ཚོད་23:11སྟེང་རྣམ་ཐར་མདོར་བསྡུས་ཤིག་གུས་པ་ཆེན་པོས་སྦྱར་བའོ། །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།