རྭ་རྒྱ་དགོན་པའི་དགེ་བཤེས་བཟོད་པ་རྒྱ་མཚོ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-12-07 08:48:52     རྩོམ་པ་པོ།   རྭ་རྒྱའི་བཟོད་པ།     ཀློག་ཐེངས།  

微信图片_20231207084819.jpg

མཁན་ཆེན་བཟོད་པ་རྒྱ་མཚོ་མཆོག་ནི་རིགས་རུས་ཕུན་སུམ་ཚོགས་པ་ཡབ་ཁམས་པའི་ཆོས་འཕེལ་དང་ཡུམ་གཅོད་གྲས་གཉིས་ཀྱི་སྲས་སུ་སྤྱི་ལོ༡༩༢༧སྐུ་འཁྲུངས། དགུང་ལོ་བཅུ་གསུམ་སྟེང་ཆོས་སྡེ་ཆེན་པོ་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་སུ་མཁས་པའི་དབང་བོ་ཁམས་པའི་ཆོས་རྒྱམ་གྱི་དྲུང་དུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་དགེ་བསྙེན། བར་མ་རབ་བྱུང་། ཚིག་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་མནོས་ཏེ་མཚན་ལ་བཟོད་པ་རྒྱ་མཚོ་ཞེས་གསོལ།

མཁས་པའི་དབང་ཕྱུག་ངག་དབང་དགེ་བཟོད་དང་། ངག་དབང་དགེ་བཟང་། བློ་བཟང་བསྟན་དར། སྟག་ཡན་ཉི་ཆོས་སོགས་མཁས་གྲུབ་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་མང་བོ་བསྟེན་ཏེ་ནང་རིག་པའི་གཞུང་ལུགས་མཐའ་དག་ལ་གསན་སྦྱངས་མཐའ་ཆོད་པ་གནང་། དགུང་ལོ་ཉེར་ལྔའི་སྟེང་ཨ་ལགས་གཞི་ཆེན་རིན་པོ་ཆེའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཡང་དག་པར་བཞེས་ཏེ་ཉེས་བྱས་ཀྱི་ཆ་ཕྲ་མོ་ཙམ་གྱིས་མ་གོས་པར་འདུལ་བསྟན་རིན་པོ་ཆེའི་དགག་སྒྲུབ་གནང་གསུམ་གྱི་ཆ་ཕྲ་ཞིང་ཕྲ་བ་ཐམས་ཅད་ཐུགས་སུ་ཆུད་པར་མཛད་དེ་གཞི་གསུམ་གྱི་ཉམས་ལེན་ལ་རྩེ་གཅིག་གཞོལ་བས་འདུལ་འཛིན་སྟོང་གི་དབུས་ན་རྒྱལ་མཚན་གྱི་ཏོག་ལྟར་གྱུར།

བསྟན་པ་ཡང་དར་གྱི་སྐབས་རྭ་རྒྱ་དགོན་པའི་སྔོན་གྱི་ཕྱག་སྲོལ་བཞིན་སྒྲིག་ཀུན་སྤྱོད། བསླབ་པ་སློབ་གཉེར། འདོན་ཕྱག་ལེན། དཔེ་གཟིགས་དཔེ་ཁྲིད། རབ་བྱུང་དགེ་ཚུལ་སྒྲུབ་པ་སོགས་བསྟན་པ་རིན་པོ་ཆེའི་རྨང་གཞི་བརྟན་པར་མཛད། དགུང་ལོ་རེ་གཉིས་སྟེང་མཁན་པོར་བཞུགས་ཏེ་གཞི་གསུམ་གྱི་ཕྱག་ལེན་དང་། བསླབ་པ་སློར་གཉེར་ལ་རྟིང་སྐུལ་གནང་སྟེ་བསྟན་པའི་བྱ་བ་རྒྱ་ཆེར་མཛད། གཞན་ཡང་རང་དགོན་གྱི་འཛིན་གྲྭ་གོང་འོག་ཀུན་ལ་གཞུང་ཆེན་བཀའ་པོད་ལྔ་དང་། སུམ་རྟགས་དག་གསུམ། སྙན་ངག་སོགས་ཀྱི་དཔེ་ཁྲིད་གང་མང་གནང་། དབང་ལུང་མན་ངག་སོགས་ཀྱི་ཟབ་རྒྱས་ཆོས་ཀྱི་བདུད་རྩི་ཕངས་མེད་གནང་། མཐར་དགུང་ལོ་གྱ་ལྔ་བཞེས་པ་སྤྱི་ལོ༢༠༡༡ལོར་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ནོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།