བཤེས་གཉེན་ཆེན་མོ་ལྡོང་དངོས་དཔལ་འབྱོར་རྒྱ་མཚོའི་མཛད་རྣམ།

    སྤེལ་དུས།  2023-08-26 16:17:45     རྩོམ་པ་པོ།   ལྡོང་བསྟན་ཤེར།    ཀློག་ཐེངས།  

དགེ་བའི་བཤེས་གཉེན་ཆེན་མོ་ལྡོང་དངོས་དཔལ་འབྱོར་རྒྱ་མཚོའི་མཛད་རྣམ་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་བརྗོད་པ་དྲི་མེད་ནོར་བུའི་གཟི་བྱིན།

微信图片_20230826153031.bmp

བདུད་དཔུང་འཚུབ་པའི་གཡུལ་ངོར་ཏིང་འཛིན་གྱིས།།

གཡོ་མེད་ཐུགས་རྗེའི་འོད་དཀར་འཕྲོས་པའི་གཉེན།།

གྲངས་མེད་འགྲོ་བ་འདྲེན་མཁས་སྲས་གཙང་སྲས།།

འབྲལ་མེད་སྤྱི་གཙུག་རལ་བའི་གདན་ལ་བཞུགས།།

དམིགས་མེད་བརྩེ་ཆེན་སྤྲིན་དཀར་གཡོ་བའི་ཀློང་།།

དགེ་ལེགས་གྲུ་ཆར་འཇོ་བའི་གཟི་བྱིན་གྱིས།།

སྐྱེ་དགུའི་ཡིད་ཀྱི་ནོར་འཛིན་ཡངས་པོའི་ཁྱོན།།

བརླན་མཁས་ཙོང་ཁ་བ་དེར་སྙིང་ནས་འདུད།།

མཁྱེན་རབ་ཆུ་འཛིན་འཁྲིགས་པའི་སྡིངས་ཀ་ལས།།

ལེགས་ཚོགས་བདུད་རྩིའི་ཆར་རྒྱན་འབུམ་འཛག་པ།།

ཤེས་རབ་ལྷ་མཆོག་རྗེ་བཙུན་མཁྱེན་པའི་གཏེར།།

རྨོངས་མིན་དྲ་བ་གཅོད་མཛད་དེ་ཡིས་སྲུངས།།

ཟླ་དཀར་གཞོན་ནུ་སྟོང་གི་གཟི་འཁྱུགས་པའི།།

མཉེས་གཤིན་མཛེས་འཛུམ་འབུམ་གྱིས་སྒེག་པ་མོ།།

མཁྱེན་གཏེར་བརྩེ་བའི་བདག་མོ་མཚོ་བྱུང་མ།།

བདག་ཡིད་མགྲིན་པ་འཁོར་ལོའི་གདན་ལ་ཞུ།།

ཟླ་མེད་རྣམ་དཔྱོད་ལང་ཚོའི་དཔ༵ལ་འབར་ཞིང་།།

བཅུ་ཕྲག་རིག་པའི་འབྱོ༵ར་བས་ཐུགས་རྒྱུད་གཏམས།།

འཕྲིན་ལས་རྒྱ༵་མཚོ༵འི་རླབས་རྒྱུན་འཕྱོ་བའི་གཉེན།།

མཚན་ལྡན་བཤེས་གཉེན་མགོན་དེས་རྟག་ཏུ་སྐྱོངས།།

མཚན་དཔེའི་བསུང་ངད་ཕྱོགས་མེད་རབ་ཐུལ་བ།།

ཤེས་སྟོབས་རྩལ་གྱིས་མངོན་པར་འཕགས་པའི་བཤེས།།

མཛད་འཕྲིན་འོ་མཚོ་འཁྱོམ་པའི་ཐིགས་པ་ཙམ།།

དད་གསུམ་མགྲིན་པའི་ཀློང་ནས་བརྗོད་ལ་རངས།།

ཞེས་ཤིས་པར་བརྗོད་པའི་སྙན་ཚིག་མེ་ཏོག་དཀར་པོའི་ཕྲེང་བ་སྔོན་དུ་བགྲང་སྟེ་གང་ཞུ་ན། དེ་ཡང་མདོ་སྨད་དྷཱིཿཚ་དགེ་ལྡན་བཀྲ་ཤིས་ཆོས་སྡིངས་ཀྱི་སྤྱི་ལོ་ང་བརྒྱད་ཡར་སྔོན་གྱི་མཁས་དབང་གསེར་རིའི་ཕྲེང་བ་ཚར་དུ་དངར་བའི་ཡ་གྱལ།རྣམ་དཔྱོད་བློ་གྲོས་གྱི་གཟིགས་པ་ནམ་མཁའི་ཁྱོན་ལྟར་ཡངས་ཤིང་།ལེགས་མཛད་འཕྲིན་ལས་ཀྱི་སྙིང་སྟོབས་རི་བོའི་གཏོས་ལྟར་མཐོ་བའི་ངེས་དོན་གྱི་སྐྱེས་བུ་སྙིང་རུས་ཅན། མཚོ་སྔོན་པོ་རིག་སྨོན་ལྡོང་དངོས་སྡེ་བའི་དགེ་བའི་བཤེས་གཉེན་ཆེན་པོ་ལྡོང་དངོས་དཔལ་འབྱོར་རྒྱ་མཚོའི་རྣམ་པར་ཐར་བ་འཆད་པ་ལ་གསུམ།དང་པོ། སྐུ་བལྟམས་ཚུལ་དང་བསྟན་པ་ལ་རབ་ཏུ་བྱུང་ནས་སློབ་གཉེར་གནང་ཚུལ།གཉིས་པ། རང་དགོན་དུ་བསྟན་འགྲོའི་དོན་རླབས་པོ་ཆེ་གནང་ཚུལ།གསུམ་པ།མི་རིགས་སློབ་གསོ་དར་སྤེལ་དང་རླབས་ཆེན་གྱི་མཛད་བཟང་བསྒྲུབས་ཚུལ་ལོ།།

དང་པོ་སྐུ་བལྟམས་ཚུལ་ནི།དམ་པ་གང་ཉིད་སྐུ་བལྟམས་པའི་ཡུལ་ནི་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གདུལ་བྱའི་ཞིང་ཁམས་ཁྱད་པར་དུ་གྱུར་པ།གངས་རིའི་ས་འཛིན་གྱི་ཕྲེང་བ་ཚར་དུ་དངར་བའི་བསིལ་ལྡན་ཁ་བའི་གནས་མཆོག་དམ་པ། བོད་དང་བོད་ཆེན་པོ་གཉིས་སུ་ཕྱེ་བའི་ཕྱི་མ་བོད་ཆེན་པོའི་ཡུལ་གྲུ་མདོ་ཁམས་གཡེར་མོ་ཐང་ཞེས་མཚན་སྙན་གྱི་བ་དན་དཀར་པོ་སྲིད་པའི་རྩེ་མོར་གཡོ་ཞིང་།རྒྱ་བོད་ཀྱི་ལོ་རྒྱུས་ཡིག་ཚང་སོགས་སུ་ས་མིང་དེ་དག་ཡང་དང་ཡང་དུ་ཐོན་པའི་ཁུངས་ལྡན་གཡེར་མོ་ཐང་ཞེས་འཁོད་པའི་སའི་དཀྱིལ་འཁོར་གྱི་ལྟེ་བ།བྱེ་བྲག་གངས་རིའི་བླ་མཚོ་ཆེན་མོ་མཚོ་ཆེན་ཁྲི་ཤོག་རྒྱལ་མོའི་རླབས་ཕྲེང་མཁའ་རུ་རྩེན་པའི་འདབས་རོལ།སྐྱེ་ལྷ་བློན་པོ་གསེར་ཆེན་གྱི་ས་འཛིན་དགུང་ལ་སྙེག་པའི་ཤར་ལྷོ།སྨན་བཙུན་དབང་ཕྱུག་མའི་གནས་རི་གྲགས་ཅན་ཟོ་དགུ་གཡུ་མཚོ་ཕྱུག་མོའི་ནུབ་ཕྱོགས། རིག་སྨོན་གསེར་གཞོངས་རིང་མོའི་ནང་ལུང་གི་འབྲོག་སྡེ་ཆེན་མོ།ལྡོང་དངོས་ཚོ་བ་ཞེས་པའི་རིགས་རུས་ཕུན་སུམ་ཚོགས་ཤིང་འབྱོར་ཕྱུག་ཀླུ་ལ་འགྲན་པའི་སྡེ་ལུང་དེར། ཡབ་ཀླུ་ཐོ་དང་ཡུམ་ལྷ་མོ་ཡག་ཞེས་པའི་དཀོན་མཆོག་ལ་དད་གུས་ཆེ་བ་དང་དབུལ་ཕོངས་ལ་བྱམས་སྐྱོང་མངའ་བའི་ཡབ་ཡུམ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་དོན་གྲུབ་ཅེས་པ་ས་མོ་ལུག་གི་ལོ་སྟེ་སྤྱི་ལོ 1919 ལོར་སྐུ་བལྟམས་ཤིང་།བྱིས་དུས་ལྷན་སྐྱེས་ཀྱི་རིག་པ་རྣོ་ཞིང་སྔོན་བསགས་བསོད་ནམས་ཀྱི་དགེ་འབྲས་དཀར་པོས་བླ་མ་སེར་མོ་བ་མཐོང་ཚུལ་ལ་དགའ་གུས་ཆེ་ལ།བྱིས་དུས་ཀྱི་རྩེད་མོ་ཚུན་ཆད་རྣམ་དཀར་དགེ་བའི་ལས་ཀྱིས་ཟིན་པ།སྐད་ཆ་ཅུང་ཙམ་ཤོད་ཐུབ་དུས་ནས་འཕགས་ཚོགས་འདུས་པའི་སྡེ་རུ་གྲྭ་བ་ཕེབས་རྒྱུའི་ཐུགས་འདུན་ཡོད་པ་བཞིན།སྤྱི་ལོ་1930 ལོ་སྟེ་དགུང་ལོ་བཅུ་གཅིག་སྟེང་ལུང་རིགས་དབྱངས་སྙན་མཆེད་པའི་ཆོས་ཀྱི་ཞིང་མཆོག་དམ་པར་གྱུར་པ། མདོ་སྨད་བྱང་རྒྱུད་ཀྱི་དཔལ་ན་ལེཎྡྲ་གཉིས་པ་ཞེས་ཡོངས་སུ་གྲགས་པའི་ཆོས་སྡེ་ཆེན་པོ་དྷཱིཿཚ་དགེ་ལྡན་བཀྲ་ཤིས་ཆོས་སྡིངས་སུ་རབ་ཏུ་བྱུང་སྟེ།འདུལ་འཛིན་པ་ཆེན་པོ་ཨ་ཁུ་གྲ་གྲོང་ངམ་དར་གྲོང་སྦྱིན་པ་རྒྱ་མཚོ་མཆོག་གི་མདུན་དུ་བཅར་ནས་ཡི་གེའི་སྦྱོར་ཀློག་དང་ཚོགས་འདོན་མཐའ་དག་ཆད་ལྷག་མེད་པར་ཐུགས་འཛིན་གནང་ཞིང་། གཞུང་བརྒྱ་སྨྲ་བའི་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་ལྷ་སྡེ་ཚང་། མ་ཧཱ་པཎྚིཏ་རྗེ་བཙུན་གྲགས་པ་དར་རྒྱས་ཚང་། མཁས་ཤིང་གྲུབ་པའི་དབང་ཕྱུག་དམ་པ་ཁ་རྒྱའི་ཨ་ཁུ་ཕུན་ཚོགས་ཚང་དང་། ཁོང་གི་དགེ་རྒན་བཀའ་དྲིན་ཅན་ཨ་ཁུ་དར་གྲོང་ཚང་། རྗེ་ཞྭ་དམར་བ་སྐུ་ཕྲེང་དྲུག་པའི་ཡོངས་འཛིན་རྗེ་བཙུན་ཕུན་ཚོགས་དར་རྒྱས་ཚང་སོགས་ངེས་དོན་དགེ་བའི་བཤེས་གཉེན་མང་པོ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ནས་བསྡུས་གྲྭ་དང་གྲུབ་དོན་ས་གསུམ།ཕར་ཕྱིན་མཛོད་འདུལ་སོགས་ནང་དོན་རིག་པ་སྤྱི་དང་། སུམ་རྟགས་དག་གསུམ་དང་། སྒྲ་རིག་པ། སྙན་ངག་སོགས་ཐུན་མོང་རིག་གནས་སོགས་ལ་ཕྱོགས་རིས་མེད་པར་སློབ་གཉེར་ཞིབ་ཚགས་སུ་གནང་ཞིང་། སྐྱབས་རྗེ་ལྷ་རི་རྡོ་རྗེ་འཆང་ཆེན་པོའི་མདུན་དུ་དུས་འཁོར་དབང་མོ་ཆེ་དང་གསང་བདེ་འཇིགས་གསུམ། མི་ཏྲ་བརྒྱ་རྩ་དང་མི་ཏྲ་རྡོར་ཕྲེང་སོགས་མང་དུ་གསན་པ་དང་།གཞན་ཆོས་བཀའ་བ་ཆེན་པོ་རྗེ་མ་ཏི་ཟི་གྲགས་པ་རྒྱ་མཚོའི་མདུན་དུ་དབྱངས་ཅན་མ་དཀར་དམར་གྱི་རྗེས་གནང་དང་། བརྒྱ་རྩའི་ཕྱག་ཁྲིད། སྤྱོད་འཇུག་གཟབ་ཁྲིད། ལམ་རིམ་ཆེ་འབྲིང་ཆུང་གསུམ་གྱི་བཤད་ལུང་།འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས། རྟ་མགྲིན་གསང་སྒྲུབ་ཀྱི་དབང་དང་མགོན་པོ་ཕྱག་དྲུག་པའི་རྗེས་གནང་སོགས་དབང་ལུང་མན་ངག་མང་པོ་མནོས།གཞན་ཡང་ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེ་ཚང་དང་རྗེ་བཙུན་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་སོགས་སྐྱེས་ཆེན་དུ་མ་ལས་དབང་ལུང་མན་ངག་མང་པོས་ཐུགས་རྒྱུད་གཏམས་པར་བྱས་ཏེ། བསླབ་གསུམ་རིམ་གཉིས་ཀྱི་ཉམས་ལེན་ལ་གཞོལ་བའི་མུར་ཟབ་རྒྱས་ཆོས་ཀྱི་བདུད་རྩི་མང་དུ་བཞེས་པའི་ཚུལ་ལགས་སོ།།

གཉིས་པ། རང་དགོན་དུ་བསྟན་འགྲོའི་དོན་རླབས་པོ་ཆེ་གནང་ཚུལ།

དམ་པ་གང་ཉིད་ཆོས་ཐོགས་ནམ་ཡོད་དང་བསྟུན་ནས་ཚོགས་ཆོས་གྲྭར་ཆག་མེད་དུ་ཕེབས་ཤིང།རིས་སུ་མ་ཆད་པའི་སློབ་བུ་མང་པོར་བསྡུས་གྲྭ་དང་བློ་རྟགས་ཕར་ཕྱིན་སོགས་ཀྱི་དཔེ་ཁྲིད་རྒྱུན་པར་གནང་བ་དང་། ཆོས་མཚམས་ནམ་ཡོད་ལ་སུམ་རྟགས་དག་གསུམ་དང་། སྒྲ་སྙན་ངག་སོགས་ཀྱིས་མཚོན་པའི་ཐུན་མོང་རིག་གནས་ཀྱི་འཆད་ཁྲིད་མང་དུ་གནང་མྱོང་བར་མ་ཟད།སྐབས་དེའི་དགེ་བཤེས་རྣམས་དང་ལྷན་དུ་འཛིན་གྲྭ་སོ་སོར་བློ་སྐྱོར་གནང་བར་ཕེབས་ཏེ་ཁས་ལེན་འཛིན་ཚུལ་དང་རྟགས་གསལ་གཏོང་ལུགས་སོགས་འཛིན་གྲྭ་གོང་འོག་བར་གསུམ་ལ་བཀའ་དྲིན་བླ་མེད་བསྐྱངས་ཤིང་།ཕྱིས་སུ་དགོན་པའི་ལས་སྣེ་རྣམས་ཀྱི་ཟུར་དུ་ཡོད་པའི་གནས་བརྟན་རྒན་པ་དག་གི་གྲས་སུ་གདམས་ཏེ་དགེ་འདུན་སྤྱིའི་བྱ་བཞག་ཆེ་ཕྲ་མཐའ་དག་དྲང་བདེན་དང་གནས་ལུགས་ཀྱིས་ཐག་གཅོད་བྱས་པས་ཀུན་གྱིས་བསྟོད་བསྔགས་རྒྱ་ཆེར་གནང་ཞིང་།བྱ་བ་ཆེ་ཆུང་གང་ལ་འཕྲད་ཀྱང་ལས་སྣེ་རྣམས་ཀྱིས་ཨ་ཁུ་དཔལ་འབྱོར་གྱིས་ཅི་གསུངས་ལྟར་ཡིན་ཞེས་ཁོང་ཉིད་ཀྱིས་ཐག་གཅོད་གང་བྱས་ཐམས་ཅད་གཟུར་གནས་ཀྱི་ཚངས་ཐིག་ལྟ་བུར་གྱུར་པས།ལུགས་གཉིས་ཀྱི་བྱ་བ་གང་ལ་ཡང་བློ་འདྲི་བྱེད་ཡུལ་གྱི་མི་སྣ་གཙོ་བོར་གྱུར་ཏེ། ལུང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་ཆོས་འཆད་ཉན་དང་། ལམ་བསླབ་པ་གསུམ་དང་རིམ་པ་གཉིས་ཀྱི་ཉམས་ལེན་སོགས།སློབ་གཉེར་ཡར་རྒྱས་ཀྱི་ཆེད་དུ་དཀའ་ལས་མང་དུ་མཛད་དེ་རྣམ་དཀར་འཕྲིན་ལས་ཀྱི་མཛད་བཟང་རྨད་དུ་བྱུང་བ་བསྐྲུན།སྐབས་དེར་རྣམ་དཔྱོད་ཡངས་ཤིང་དགེ་བའི་ཕྱོགས་ལ་སྙིང་སྟོབས་ཆེ་བ་ཁོང་གིས་སྤྱིར་བསྟན་པའི་འཕེལ་རྒྱུས་དང་འགྲོ་བའི་བདེ་སྐྱིད།ཁྱད་པར་དུ་རྡོ་རྗེ་འཆང་ཆེན་པོ༧ རྗེ་བཙུན་བློ་བཟང་བཤད་སྒྲུབ་བསྟན་འཛིན་རྒྱ་མཚོའི་ཐུགས་ཀྱི་བཞེད་པ་བསྒྲུབ་སླད།སྡེ་འདིའི་བཤད་སྒྲུབ་འཕེལ་ཕྱིར། ཡང་སྒོས་སུ་མཆོག་སྤྲུལ་རིན་པོ་ཆེ་སྐུ་ཚེ་བརྟན་ཅིང་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་རང་ཆས་སུ་བཞེས་ཕྱིར་སོགས་སྒོ་དུ་མའི་ཆེད་དུ་དམིགས་ནས། སྐྱབས་རྗེ་སྐུ་མཆེད་འཇམ་དབྱངས་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་གཙོས་དགེ་འདུན་འདུས་ཚོགས་ལྷན་རྒྱས་ཀྱི་དྲུང་དུ་འཇམ་དབྱངས་ཀུན་གཟིགས་ཀྱི་ལྷ་ཁང་ཞིག་བཞེང་འདུན་གྱི་སྙན་སྒྲོན་ཕུལ།སྐབས་དེར་སྤྲུལ་སྐུ་རིན་པོ་ཆེ་དེ་ཉིད་དང་ཚོགས་འདུས་བཅས་ནས་ལྷ་རྫས་རེ་རེ་གནང་སྟེ་བཀའ་ལུང་ཡང་དག་པར་བསྩལ།དེ་མཚུངས་སུ་མི་དབང་ཆེན་པོ་ནང་སོ་དགེ་འདུན་ཡར་འཕེལ་ནས་ཀྱང་ལྷ་རྫས་རེ་གནང་སྟེ་བསྔགས་བརྗོད་རྟིང་སྐུལ་མཛད་དེ།མཚོ་སྔོན་པོའི་ཕྱོགས་སུ་དཀར་ཐིགས་ལ་འགྲོ་བར་བརྩམས་པ་ན་དགེ་བའི་ཕྱོགས་ལ་སྙིང་སྟོབས་མི་དམན་པ་འཁྱག་སྐོར་རབ་འབྱོར་གྱིས་རོགས་གྲོགས་བགྱི་བར་ཁས་བླངས་ཏེ་རང་ཡུལ་ཉིན་ལུང་ལ་དཀར་ཐིགས་སུ་ཕེབས། དཔལ་ལྡན་སའི་ཚངས་པ་ཉིན་ལུང་སྟོང་དཔོན་ཆེན་མོ་ཆོས་སྐྱོང་རྒྱལ་ནས་ལྷ་ཁང་ཆེན་མོའི་ནང་རྟེན་རྗེ་སྟོང་སྐུའི་སྦྱིན་བདག་ཞལ་བཞེས་མཛད་པ་དང་། བསྟན་པའི་སྲོག་ཤིང་གོང་ས་ལཱ་མོ་ཞབས་དྲུང་དཀར་པོ་ཚང་གིས་རྟ་གཅིགཡོངས་ཀྱི་དགེ་བའི་བཤེས་གཉེན་བྱ་མདོ་ཚུལ་ཁྲིམས་ཚང་གིས་སྒོར་བརྒྱ་དང་ལྷ་རྫས་བཅུ།གསོ་བྱེད་མཁས་པ་ཨ་ཁུ་དགེ་འཕེལ་ཚང་གིས་སྒོར་བརྒྱ་དང་ལྔ་བཅུ།ལུགས་གཉིས་གཟིགས་པའི་སྤྱན་ཡངས་པ་ཨ་ཁུ་གསུང་རབ་རྒྱ་མཚོས་སྒོར་བརྒྱ་དང་རིན་པོ་ཆེའི་འཕྲ་སྣ་ཚོགས། ཨ་ཁུ་དགེ་ལེགས་ཀྱིས་སྒོར་བརྒྱ། གཞུང་ལུགས་སྨྲ་བ་རྨོག་རུ་ཨ་ཁུ་མཐའ་ཡས་ཚང་གིས་ཆུ་ཟི་ཕྲོའུ་ཁ་ཉེར་ལྔ་དང་ལྷ་རྫས།ཡོངས་འཛིན་རྗེ་བཙུན་ཕུན་ཚོགས་དར་རྒྱས་ཚང་གིས་སྒོར་བརྒྱ། སྤྲེལ་རྫོང་མཆོག་སྤྲུལ་གྱིས་སྒོར་བརྒྱ་བཅས་ཐོགས་མར་ཕུལ།བོང་སྟག་དགོན་གཞུང་ནས་སྒོར་བརྒྱ། མི་དབང་ཆེན་པོ་བོང་སྟག་སྟོང་དཔོན་བསྟན་ཁོ་དང་བསྟན་ལོ་གཉིས་ཀྱིས་སྒོར་ཉིས་སྟོང་།ཡུལ་བ་ཕྱོགས་ནས་རྟ་ནོར་ལུག་གསུམ་སོགས་ཕྱོགས་ཡས་མས་ནས་དཀར་ཐིགས་ཕུལ་བ་མང་དུ་འདུས། འཇམ་མགོན་བསྟན་པའི་སྦྱིན་བདག་མགོན་མེད་ཟས་སྦྱིན་གཉིས་པ་ཉིན་ལུང་སྟོང་དཔོན་ཆོས་སྐྱོང་རྒྱལ་ནས་སྔར་གྱི་ཞལ་བཞེས་བཞིན་སྤྱིར་བསྟན་པའི་འཕེལ་རྒྱས་དང་འགྲོ་བའི་བདེ་སྐྱིད། ཡང་སྒོས་མི་དབང་ཉིད་ཀྱི་ལེགས་ལམ་འགྲུབ་ཕྱིར། འབྲེལ་ཐོགས་འདས་གསོན་ཀུན་ཀྱི་དགེ་རྩ་སོགས་སུ་དམིགས་ཏེ།རྗེ་བླ་མ་རིགས་གསུམ་མའི་སྐུ་བརྙན་གཙོ་སྐུ་ཁྲི་ཚད་ཅན་གཡས་ན་སྤྱན་རས་གཟིགས་དང་གཡོན་ན་ཕྱག་རྡོར་གྱི་སྐུ་ཚོན་གང་ཅན་སྟོང་ཕྲག་གསར་བཞེངས་དང་།རྗེ་སྟོང་སྐུ་བྱིན་རླབས་ཀྱི་གཟི་འོད་འབར་བ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་བསྐྲུན། གཞན་ཡང་འཇམ་དབྱངས་ཀུན་གཟིགས་ཀྱི་གཡས་གཡོན་དུ་འཇམ་དབྱངས་རིགས་ལྔ་དང་།བརྟན་པའི་འཁོར་ལོ་བཅས་ཀྱི་ལི་སྐུ་ཁྲི་ཚད་མ་དྲུག་དང་།སྟེང་གི་འཕྲེད་ལ་ཇོ་བོ་ཨ་ཏི་ཤ།དུས་འཁོར། གསང་འདུས། འཇིགས་བྱེད། བདེ་མཆོགཀྱེ་རྡོར། རྗེ་རིན་པོ་ཆེ་བཅས་དང་།ཤར་ནུབ་ཀྱི་ལོགས་གཉིས་སུ་རིམ་པར་གྲལ་བསྒྲིགས་པའི་ཚུལ་དུ་ཉེ་སྲས་བརྒྱད་བཞེངས་སྐུ། མགོན་པོ།ཆོས་རྒྱལ། ལྷ་མོ། རྣམ་སྲས་རྣམས་མི་ཚད་ཅན་རྒྱབ་ཡོལ་དང་བཅས་པ།ཐོག་སོར་གྱན་ཐང་བརྒྱད་ལས། ལྷོ་ལྟའི་གཡས་གཡོན་དུ་ལམ་རིམ་ཚོགས་ཞིང་དང་། རི་བོ་གྲུ་འཛིན་གྱི་ཞིང་བཀོད། ཤར་ནུབ་གཉིས་ཀའི་མཐར་སངས་རྒྱས་སྟོང་སྐུ་ལ་གྱན་ཐང་གཉིས་བྱས་པའི་རེ་རེ་དང་།སྒོའི་ནང་གཡས་གཡོན་དུ་ཀུན་རིག་གི་ལྷ་སོ་བདུན་དང་།གཡོན་དུ་བཤགས་ལྷ་སོ་ལྔ་གནས་བརྟན་བཅུ་དྲུག་བཅས་དང་། སྒོའི་ཕྱི་རོལ་དུ་རྒྱ་ཆེན་རིགས་བཞིའི་གྱན་ཐང་ཤིན་ཏུ་བྱོན་ལེགས་བཅས་བཞུགས་སོ།། „  སྐུ་བརྙན་དེ་དག་གི་གཟུངས་གཞུག་ལ།གཟུངས་གཞུག་འབྲིང་བ་རེ་རེ།པཎ་ཆེན་སྐུ་ཕྲེང་དྲུག་པའི་ན་བཟའ་བྱིན་ཅན།རྡོ་རྗེ་འཆང་རྗེ་དགེ་འདུན་བསྟན་འཛིན་རྒྱ་མཚོའི་ན་བཟའ། སྐུ་མཆེད་སྔ་ཕྱི་དག་གི་ན་བཟའ།ཡབ་རྗེ་ཕྲེང་ལྔ་བའི་ན་བཟའ། རིགས་བརྒྱའི་བྱེད་པོ་རྗེ་གྲགས་པ་རྒྱ་མཚོའི་དབུ་ལོ། སངས་རྒྱས་འོ་སྲུངས་ཀྱི་འཕེལ་གདུང་གཅིགསྐུ་འབུམ་ཙན་དན་ལོ་མ།དགའ་ལྡན་འཁན་པ།ས་སྣ་ཆུ་སྣ་བཅས་དང་།བསྟན་པའི་མཛེས་རྒྱན་དམ་པ་ཐང་རིང་རྒྱལ་བ་ཚང་ནས་འཇམ་དབྱངས་ཀུན་གཟིགས་ཀྱི་གཟུངས་གཞུག་ལ་དམིགས་ནས་ཨ་ར་པ་ཙ་དུང་ཕྱུར།མ་ཎི།གསང་བདག་གི་སྔགས།སེང་གདོང་མའི་སྔགས།ཡིག་བརྒྱ་རྣམས་བྱེ་བ་རེ་བསྒྲུབས།དད་ལྡན་བསྟན་པའི་སྦྱིན་བདག་འཁྱམ་རུའི་ཡིག་མཁན་ལྷུན་གྲུབ་ནས་ཁོ་རང་གི་གཏན་གྱི་འདུན་མ་འགྲུབ་ཕྱིར་དང་འབྲེལ་ཐོགས་འདས་གསོན་ཀུན་གྱི་དགེ་རྩ་སོགས་སུ་དམིགས་ནས་མ་ཎི་དུང་ཕྱུར་གྱི་འཁོར་ལོ་བཅུ་ཕྲག་གཅིག་བྱས་ཏེ་སྒོ་སྦྱོར་གཡས་གཡོན་དུ་བསྐོར།དེ་ལྟར་ཁ་མགོ་བ་གཉིས་ཀྱིས་དད་གུས་རྩེ་གཅིག་པས་སྣ་དྲངས།བརྩོན་པས་དཔུད་བསྐྱེད་དེ་རབ་རྒྱལ་ཤིང་ཕོ་རྟ་སྤྱི་ལོ་༡༩༥༤ལོར་མགོ་བརྩམས་ནས་བགྲང་གསུམ་གྱི་རིང་ལ་བསྒྲུབས་པས་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་ལེགས་པར་གྲུབ་པས་དགེ་འདུན་པ་བརྒྱ་ཕྲག་ལྔ་ལྷག་གིས་རབ་གནས་མཛད་ཅིང་མེ་ཏོག་གཏོར་ནས་བྱིན་རླབས་ཀྱི་གཏེར་དུ་བསྒྲུབས་པ་ལགས་པས་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་ཞིང་། ཡོངས་འཛིན་རྗེ་བཙུན་ཕུན་ཚོགས་དར་རྒྱས་ཚང་གིས་ལྗགས་རྩོམ་གནང་བའི་རི་ཁྲོད་བཀྲ་ཤིས་ཆོས་སྡིངས་ཀྱི་གདན་རབས་ཚིག་བཅད་མ་ལས། འཇམ་མགོན་སྐུ་བརྙན་རྗེ་སྐུ་སྟོད་ཕྲག་བཅས།། འཇམ་དབྱངས་ཀུན་གཟིགས་ལྷ་ཁང་གསར་བ་ནི།།རྣམ་དཔྱོད་ཡངས་པ་ལྡོང་དངོས་དཔལ་འབྱོར་དང་།། འཁྱག་སྐོར་རབ་འབྱོར་གཉིས་ནས་དད་པས་བསྐྲུན།། ཞེས་སོགས་ཀྱི་བསྔགས་བརྗོད་ཀྱི་མེ་ཏོག་གང་མང་འཐོར་བའི་སྐབས་དེར་སྤྱི་ལོ་ང་བརྒྱད་ཀྱི་དུས་འགྱུར་འཐོར་རླུང་ནག་པོ་སྨག་རུམ་བཞིན་ཐོན་ཏེ་གཙོ་སྐུ་དང་གྱན་ཐང་།ཚོན་རྩི་རྣམས་དུས་ཀྱི་འཕོ་འགྱུར་གྱི་དབང་གིས་སྐྱ་བཟོ་ཙམ་ལས་ལེགས་འགྲུབ་མ་བྱུང་ལ། ངན་པའི་གདུབ་རྩུབ་ཀྱི་དུག་མཚོ་མཁའ་རུ་འཕྱོ་ཞིང་རྒྱལ་བསྟན་ཉི་གཞོན་གྱི་འཛུམ་ཞལ་མི་འདོད་སྤྲིན་པ་ནག་པོས་ཡོངས་སུ་བསྒྲིབས་ཏེ། དགོན་སྡེ་མང་པོ་བཙན་སྟོར་དང་དགེ་འདུན་པ་མང་པོ་ཕྱོགས་ཕྱོགས་སུ་སྟོར་བ་དང་། གཙུག་ལག་ཁང་མང་པོ་འབྱུང་བཞིའི་དྭངས་མར་རོ་གཅིག་ཏུ་གྱུར་ཏེ་རྒྱལ་བསྟན་འཕྲིན་ལས་ཀྱི་འོད་སྣང་མེད་པར་བྱས་པ་དེ་ནི་ཤིན་ཏུ་བློ་ཕམ་བྱུང་བའི་གནས་སུ་འཁུམས་སོ།།

གསུམ་པ།མི་རིགས་སློབ་གསོ་དར་སྤེལ་དང་རླབས་ཆེན་གྱི་མཛད་བཟང་བསྒྲུབས་ཚུལ།

དགུང་ལོ་བཞི་བཅུ་སྟེ་སྤྱི་ལོ1958 ལོར་བཱ་ཡན་གཤོང་ཤན་གྱི་སྡེ་བ་ཞིག་གི་ནང་ཟླ་འགར་ངལ་རྩོལ་གྱི་ལས་ཀར་ཞུགས་ཤིང་།སྐབས་དེར་མཁས་དབང་གསུང་རབ་རྒྱ་མཚོའི་གདན་ཞུས་གནང་བ་ལྟར་ཁོང་རྗེ་བཙུན་ཕུན་ཚོགས་དར་རྒྱས་ཚང་དང་ལྷན་དུ་ཟི་ལིང་དུ་ཕེབས་ཏེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་བགྲང་བྱ་གཉིས་ལྷག་ལ་གེ་སར་སྒྲུང་གི་གཙོས་བོད་ཡིག་དཔེ་དེབ་མང་པོ་ཞུ་དག་གནང་སྟེ་ཕྱོགས་བསྒྲིགས་བྱས་པ་དང་། གཞན་ཡང་མི་རིགས་སློབ་གསོ་སོགས་ཀྱི་དཔེ་དེབ་དུ་མ་ལེགས་བསྒྲིགས་བྱས། ཞོར་དུ་མཚོ་སྔོན་རྒྱང་བསྒྲགས་ཁང་དུ་རྒྱང་བསྒྲགས་པའི་ལས་ཀའང་གཉེར་མྱོང་། སྤྱི་ལོ1961 ལོར་རང་ཡུལ་གྱི་ཨ་མ་རྒན་མོའི་རེ་འདོད་ལྟར་ཁོང་གི་མ་སྤུན་ཚེ་ཐར་འབུམ་གྱིས་ཟི་ལིང་དུ་བཞུགས་སུ་མ་བཅུག་པར་རང་ཡུལ་དུ་ཕེབས་རྒྱུའི་རེ་སྐུལ་ནན་མོར་བྱས་ཏེ་རང་ཡུལ་དུ་ཕེབས་ཤིང་། ལོ་ངོ་ལྔ་ལྷག་ལ་སྡེ་བའི་རྩིས་གཉེར་བའི་འགན་ཁུར་ཏེ་མང་ཚོགས་ལ་ཕན་པ་བླ་མེད་བསྐྲུན།སྤྱི་ལོ1966ལོར་གསར་དུ་གཙུགས་པའི་༼སྡེ་བའི་རིག་གནས་ཁང་ ༽དུ་དགེ་རྒན་གྱི་ལས་ཀ་གཉེར་ཏེ་མི་རིགས་སྐད་ཡིག་དང་སུམ་རྟགས་དག་གསུམ། ལམ་རིམ་སོགས་ཀྱི་དཔེ་ཁྲིད་ལན་མང་གནང་བས་སྐབས་ཐོགས་དེའི་སྡེ་བའི་ན་གཞོན་རྣམས་ཀྱི་ཁྲོད་དུ་བོད་ཡིག་མི་ཤེས་མཁན་གཅིག་ཀྱང་མེད་པ་དེ་ཡང་ཁོང་གི་བཀའ་དྲིན་ཁོ་ན་ལས་མ་འདས།སྤྱི་ལོ1970 ལོར་སྦྲ་གུར་སློབ་གྲྭ་སོགས་སུ་དམངས་སྒྲུབ་དགེ་རྒན་གྱི་ཕྱག་ལས་རྒྱུན་རིང་གནང་ཞིང་།ཕྱིས་སུ་རིག་སྨོན་བཅའ་སྡོད་སློབ་གྲྭའི་གདན་ཞུ་ལྟར་སློབ་གྲྭ་དེ་གའི་དགེ་རྒན་ཆེན་མོའི་འགན་ཁུར་ཏེ་མི་རིགས་རིག་གནས་སྲུང་སྐྱོབ་དང་དར་སྤེལ་ཐད་དགེ་མཚན་བླ་མེད་བསྐྲུན། སློབ་གྲྭའི་དགེ་རྒན་རྣམས་གཙོས་ཕྱོགས་ཡས་མས་ཀྱི་སློབ་གཉེར་བ་མང་པོར་བརྡ་སྤྲོད་དང་སྙན་ངགལོ་རྒྱུས་སོགས་ཀྱི་དཔེ་ཁྲིད་རྒྱུན་རིང་གནང་། གཞན་མཚོ་ལྷོ་ཁུལ་དགེ་འོས་སློབ་གྲྭས་གདན་ཞུས་ལྟར་ཁོང་དང་ཨ་ལགས་ཆུ་སྐྱ་ཞབས་དྲུང་རྣམ་གཉིས་སློབ་གླིང་དེར་ཐེངས་མང་པོར་ཕེབས་ཏེ་བོད་ཀྱི་བརྡ་སྤྲོད་སྤྱི་དང་། སྙན་ངག ལོ་རྒྱུས། ལམ་རིམ་བློ་སྦྱོང་སྐོར་གྱི་སློབ་ཁྲིད་གནང་བཞིན་མི་རིགས་རིག་གནས་སྲུང་སྐྱོབ་དང་སློབ་གསོ་གོང་འཕེལ་ཐད་བྱས་རྗེས་བླ་མེད་བསྐྲུན་པས།ཁུལ་རིམ་པ་དང་རྫོང་རིམ་པའི་སློབ་གསོའི་ གཟེངས་རྟགས་ཡང་གང་མང་གནང་མྱོང་། གཉན་འཕྲང་གི་དུས་སྐབས་དེར་བོད་སྐད་ཡིག་གི་ཚེ་སྲོག་ལ་འོད་སྣང་སྩོལ་བའི་ཁོང་དང་ཁོང་ལྟ་བུའི་འཕྲིན་ལས་ཀྱི་དགེ་མཚན་མང་པོ་ང་ཚོས་ངེས་པར་ཤེས་དགོས་པའི་གནས་ཤིག་ཅི་ལ་མིན།སྤྱི་ལོ1980 ལོར་དགོན་པ་རྣམས་ཆོས་སྒོ་ཕྱེས་པའི་སྐབས་དང་བསྟུན་ནས་ཁོང་དང་རང་སྡེ་བའི་འདུལ་བ་འཛིན་པ་ཨ་ཁུ་མཐའ་ཡས་ཚང་རྣམ་གཉིས་ཀྱིས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་བ་དང་། སྒོས་མཁའ་མཉམ་འགྲོ་བ་ཡོངས་ལ་བདེ་སྐྱིད་འབྱུང་བ། ཁྱད་པར་དུ་སེམས་ཅན་ཚེ་འདས་རྣམས་ཀྱི་དགེ་རྩ་དང་། འབྲེལ་ཐོགས་ཚེ་ལྡན་རྣམས་ཀྱི་འདི་ཕྱིའི་ལེགས་ལམ་འགྲུབ་ཕྱིར་སོགས་ལ་དམིགས་ནས་རང་དགོན་དྷཱིཿཚ་དགེ་ལྡན་བཀྲ་ཤིས་ཆོས་སྡིངས་སུ་ཚེ་སྒྲུབ་ཆེན་མོའི་ཉིན་འཁྱོངས་གཅིག་གི་རྒྱུན་བཙུགས་ཏེ།ད་ལྟའི་བར་ཆད་ལུས་མེད་པར་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བ་འདིས་སྡེ་བའི་རྒན་གཞོན་བར་གསུམ་གྱི་ཚེ་ཐག་གི་ཆུ་རྒྱུན་བསྲིངས་པ་དང་། ཚེ་བསོད་ཀྱི་ཀླུང་རྟ་དར་བ་སོགས་བཀའ་དྲིན་ཤིན་ཏུ་ཆེ།གཞན་ཡང་ཆོས་སྒོ་ཕྱེས་པའི་སྐལ་བཟང་མངོན་པར་ཤར་བ་ན་རང་དགོན་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་ཀྱི་ཚོགས་ཆེན་འདུ་ཁང་ཆེན་མོ་བསྐྱར་བཞེངས་གནང་བའི་ནང་དུ་དགའ་ལྡན་ལྷ་བརྒྱ་མའི་གྱན་ཐང་རྒྱན་དྲུག་མཆོག་གཉིས་ཀྱིས་བསྐོར་བ་སྤུས་ལེགས་སྦྱོར་འཇགས་གནང་བ་གདོང་གྲལ་གྱི་ཉིས་ཐོག་དབུས་སུ་བཞུགས་པ་དང་།སྡེ་བར་དགེ་སྐུལ་གནང་སྟེ་ལྟུང་བཤགས་ལྷ་གྲངས་སོ་ལྔའི་སྨན་སྐུ་གསར་བཞེང་གནང་བཅུག་སྟེ་འདུ་ཁང་གཡོན་ཕྱོགས་སུ་བཞུགས་པའི་རྗེ་སྐུ་བྱིན་ཅན་གྱི་མཐའ་བསྐོར་དུ་བཞུགས་སུ་གསོལ་བ་སོགས་རྣམ་དཀར་དགེ་བའི་ལས་ལ་རྟག་པར་བརྩོན་པ་མ་ལྷོད་པ་ནི་སྐྱེས་བུ་དམ་པའི་རྟགས་མཚན་ཁྱད་པར་ཞིག་ཏུ་མཐོང་།རྗེས་སུ་རང་དགོན་གྱི་བླ་གྲྭ་ཉི་ཤུ་གདན་འདྲེན་ཞུས་ཏེ་རིག་སྨོན་ན་གསེར་མགོ་རུ་འབོད་པ་དེར་རྒྱལ་བའི་བཀའ་འགྱུར་རོ་ཅོག་ལེགས་པར་གསུངས་ཤིང་། ཡོངས་འཛིན་རིན་པོ་ཆེ་རྗེ་བཙུན་ཕུན་ཚོགས་དར་རྒྱས་དཔལ་བཟང་པོ་མཆོག་གིས་སེམས་བསྐྱེད་མཆོད་པ་གསུངས་དུས་མཆོད་དཔོན་གནང་སྟེ་མཆོད་སྒྲིག་ངོ་མཚར་བ་བསྐྲུན་པ་སོགས་ཀྱི་བཀའ་དྲིན་བསྐྱངས། སྤྱི་ལོ1980 ལོར་གངས་ཅན་འགྲོ་བའི་མགོན་པོ་པཎ་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་མོ་སྐུ་ཕྲེང་བཅུ་བ་བློ་བཟང་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་མཚོ་ལྷོར་ཕེབས་དུས་ཁོང་དང་ཇི་དགེ་ཐུབ་བསྟན་གཉིས་ཀྱིས་རིག་སྨོན་ས་ཁུལ་གྱི་ཚོ་སྡེ་ཡོངས་ལ་དབུ་ཁྲིད་དང་བཀོད་སྒྲིག་གང་ལེགས་བྱས། ཕྱིས་སུ་པཎ་ཆེན་རིན་པོ་ཆེའི་མཆོག་གི་བཞུགས་ཁྲིའི་ཤུལ་དུ་བྱང་ཆུབ་མཆོད་རྟེན་ཆེན་མོ་གསར་བཞེངས་གནང་སྟེ།བསོད་ནམས་བསོག་པའི་ཞིང་མཆོག་ཁྱད་པར་བ་བསྐྲུན་པ་ད་ལྟ་ཡང་མཇལ་རྒྱུ་ཡོད་པའི་རི་བོ་ཉི་ཟླའི་མདུན་ཐད་གཡེར་མོ་ཐང་དུ་བཞུགས་པ་དེར་ས་ག་ཟླ་བ་སོགས་དུས་ཚེས་བཟང་པོར་སོགས་སུ་སོག་རུ་ཚོ་བའི་སྨྱུང་གནས་སྲུང་བ་སོགས་རྣམ་དཀར་བསོད་ནམས་ཀྱི་ཞིང་ས་དམ་པར་གྱུར་ཡོད། སྐབས་དེ་ནས་བཟུང་ཁ་སྟོད་ཚོ་བ་བཅུ་བོ་གཙོ་བྱས་ཉིན་ལུང་ནང་ཁུལ་གྱི་གྱོད་སྣ་ཁ་མཆུ་མང་པོ་འདུམ་སྒྲིག་བྱས་ཏེ་སྤྱི་ཚོགས་འཆམ་མཐུན་ཡོང་བ་དང་མཐུན་སྒྲིལ་ཡར་རྒྱས་ཡོང་དགོས་པའི་བསླབ་བྱ་གནད་དུ་འགྲོ་བ་མང་པོ་གནང་སྟེ་སྤྱི་ཚོགས་ལ་ཕན་བདེ་བླ་མེད་བསྐྲུན། ཁོང་གི་བརྩམས་ཆོས་སྐོར་ལ་ཡང་༼རྒྱལ་བསྟན་བྱང་དུ་དར་ཚུལ་མདོ་ཙམ་བརྗོད་པ་འོད་སྟོང་འཛུམ་པའི་སྐྱ་རེངས༽ ཞེས་པ་དང་། ༼ཉི་ཟླའི་བྱང་ཆུབ་མཆོད་རྟེན་གྱི་དཀར་ཆགབོད་ཡུལ་གངས་ཅན་གྱི་ལྗོངས་འདིར་དམ་པའི་ཆོས་དར་ཚུལ་དང་གྲུབ་མཐའི་འབྱུང་ཁུངས་མདོ་ཙམ་བརྗོད་པ།༽ལྷ་སའི་ཇོ་ཁང་ཆེན་མོའི་ལོ་རྒྱུས་མདོར་བསྡུས།༽སྒྲོལ་མའི་གཡང་འགུག་དངོས་གྲུབ་ཆར་འབབ་མ།༽ལྷ་བསངས་ཡུལ་ལྷ་དགྱེས་པའི་མཆོད་སྤྲིན། ༽གཞན་ཡང་ཐོར་བུའི་སྐོར་སྙན་ངག་དང་ཞུ་འཕྲིན་སོགས་གསུང་རྩོམ་འགའ་རེ་ཡང་བཞུགས།

སྤྱི་ལོ1983 ལོའི་ཧོར་ཟླ་6 པའི་ཚེས་6ཉིན་སྙན་གྲགས་ཀྱི་བ་དན་སྲིད་ན་གཡོ་བའི་རི་བོ་ཉི་ཟླ་ཞེས་གྲགས་པའི་གནས་རིའི་རྩེ་མོར་ལ་ཙེ་དགྲ་འདུལ་སྟོབས་ལྡན་དབང་ཕྱུག་གསར་བསྟོད་བྱས་ཏེ་ཁ་སྟོད་ཚོ་བ་བཅུ་གཙོ་བྱས་ནས།ཡུལ་ཕྱོགས་འདིར་ཁ་འཛིན་དཔུང་ཉེན་བྱེད་པའི་གནས་བདག་མཐུ་བོ་ཆེ་འདི་ཉིད་མགོ་བོས་བཀུར་བའི་ལྷ་དང་དཔུང་གཉེན་བྱེད་པའི་གྲོགས་སུ་བསྟད་པ་དང་།ཞྭ་སེར་བསྟན་པའི་འབྱུང་གནས་གདན་ས་སྐུ་འབུམ་བྱམས་པ་གླིང་དུ་བླ་གྲྭ་བརྒྱད་ཅུ་ལྷག་གདན་ཞུས་ཏེ་རབ་གནས་ཀྱི་ཆོ་གའི་མཛད་སྒོ་རྒྱ་ཆེར་སྤེལ་བས། གནམ་ལ་འཇའ་ཚོན་སྣ་ལྔའི་འོད་མདངས་འཁྱུགས་ཤིང་ས་ལ་དགེ་ལེགས་བདུད་རྩིའི་གྲུ་ཆར་འཇོ་བ་སོགས་བཀྲ་ཤིས་པའི་དགེ་མཚན་དུ་མ་བྱུང་། དུས་དེ་ནས་བཟུང་རིག་སྨོན་ས་ཁུལ་གྱི་ཁ་སྟོད་ཚོ་བ་བཅུ་ལྷག་ལ་མཐུན་སྒྲིལ་མཉམ་གནས་དང་སྟོབས་ཤུགས་གཅིག་བསྡུས་ཡོང་བ་སོགས་ཀྱི་མཛད་བཟང་བླ་མེད་བསྐྲུན་ཏེ་ལོ་འཁོར་བཞི་བཅུ་ལྷག་འདས་ཀྱང་། ཚོ་སྡེ་བཅུ་ལྷག་གིས་གཙོས་ཡུལ་ཕྱོགས་འདི་དག་གི་ཚོ་བ་ཡོངས་ཀྱིས་ལོ་རེ་བཞིན་ཧོར་ཟླ་དྲུག་པའི་ཚེས་དྲུག་ཉིན་ཏེ་དུས་ཚེས་ཁྱད་པར་འདི་དང་འབྲེལ་བར་ལབ་ཙེ་བསྟོད་ཅིང་།དམངས་སྲོལ་རིག་གནས་ཀྱི་དུས་སྟོན་ཁྱད་པར་ཅན་ཞིག་ཆགས་འདུག་པ་འདི་ནི་དམ་པ་ཁོང་གི་ཐུགས་རྗེ་བརྩེ་ཆེན་དཀར་པོའི་ཆུ་རྒྱུན་རིང་མོ་ནམ་ཡང་ཆད་པ་མེད་པར་བླ་ནས་བླ་དང་རིང་ནས་རིང་དུ་མཆེད་བཞིན་པ་འདི་ལགས་ལ།མདོར་ན་དགོན་གྲོང་གཉིས་སུ་ཁོང་གི་འཕྲིན་ལས་ཀྱི་གདུགས་དཀར་ཡུག་གཅིག་གིས་ཁྱབ་པ་འདིས་ཀྱང་དམ་པ་ཁོང་གི་སྐུ་ཚེ་གང་བོར་ནང་བསྟན་རིག་གཞུང་གི་གཙོས་སྤྱི་ཚོགས་འཆམ་མཐུན་དང་། མི་རིགས་སློབ་གསོའི་ཐད་ལ་འབད་བརྩོན་རྒྱུན་པར་གནང་ཞིང་། ཡུལ་ཕྱོགས་འདིའི་ཚོ་སྡེ་མང་པོའི་ནང་དུ་གྱོད་སྣ་ཁ་མཆུ་མང་པོ་འདུམ་བསྒྲིགས་བྱས་པ་སོགས།ཆོས་འཇིག་རྟེན་གཉིས་ཀྱི་ཆ་ལ་ཕན་འབྲས་བླ་ན་མེད་པ་བསྐྲུན་པའི་མཛད་བཟང་རྨད་དུ་བྱུང་འདི་ནི།ལོ་རྒྱུས་ཀྱི་རྡོ་རིང་ལ་བཞག་པའི་སྐྱེས་ཆེན་དམ་པ་ཞིག་གི་གསུབ་ཏུ་མེད་པའི་ཞབས་རྗེས་ཁོ་ན་ཡིན།སྤྱི་ལོ1984 ལོ་སྟེ་དགུང་ལོ་རེ་ལྔར་སོན་པའི་དབྱར་ཟླ་ལྔ་བའི་ཚེས་23ཉིན་རང་ཡུལ་ནས་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་ལགས་སོ།།

སྨྲས་པ།

རྣམ་དཔྱོད་སྣང་བ་འབར་བའི་ཆ་རེར་ཡང་།།

རྨོངས་མུན་སྨག་རིམ་གཞོམ་པའི་རྩལ་རྫོགས་པ།།

ལེགས་གསུང་ཆོས་ཀྱི་འབྱུང་གནས་དགེ་བའི་བཤེས།།

ཚེ་རབས་ཕྲེང་བར་གཙུག་གི་རྒྱན་དུ་མཆོད།།

བདག་ཀྱང་ཚེ་རབས་ལས་ཀྱི་འཕྲོ་རྙེད་དེ།།

ཁྱེད་སྐུ་ཟླ་གཞོན་གསར་བའི་ཚར་སྐྱེས་ཤིང་།།

རིན་ཆེན་དབྱངས་གསལ་སོ་བཞིའི་སྡོང་རུས་ལ།།

ཁྱེད་ཐུགས་སྒྲོན་མེའི་སྣང་བས་སྦར་བ་དྲན།།

མགོན་ཁྱེད་འཕྲིན་ལས་ཡར་ངོའི་ཟླ་བའི་དཔལ།།

མངོན་པར་རྒྱས་པའི་འགྲན་ལ་མ་བཟོད་ནས།།

རང་རློམ་ཁེངས་དྲེགས་མཐོ་བའི་སྐྱེས་བོ་འགར།།

ཁྱེད་ཐུགས་ཏིང་འཛིན་གཡོ་མེད་བརྟན་པོས་བཅོམ།།

གང་གི་རྣམ་ཐར་དབྱར་གྱི་ཆུ་གཏེར་ལས།།

ཉུང་ངུར་བསྡུས་པའི་སྐྲ་རྩེའི་ཐིགས་པ་ཙམ།།

སྒྲོ་བཏགས་འུད་བསྟོད་ཟོལ་སྦྱོར་ཡོངས་སྤང་སྟེ།།

གང་ཤེས་སྲོང་བོར་བརྗོད་ལ་ཡིད་རབ་དྭངས།།

ཕྱོགས་ལྷུང་གཏམ་གྱི་སྦྱོར་བས་མ་དཀྲིས་ཤིང་།།

གཡོ་ཟོལ་ཀུན་སློང་ནག་པོས་མ་བསྒྲིབས་པར།།

ཐ་སྙད་བདེན་པ་བདར་བའི་བརྗོད་བྱའི་ཡུལ།།

སྲོང་བོར་སྨྲ་བའི་འབད་པ་བདག་གིས་བགྱིས།།

འདི་བྲིས་རྣམ་དཀར་དགེ་བའི་ཉི་གཞོན་འབུམ།།

མངོན་པར་ཤར་བའི་ལོག་རྟོག་རབ་བཅོམ་ཏེ།།

ལེགས་མཛད་དགེ་བའི་རྩ་བ་ཅི་མཆིས་པ།།

བྱང་ཆུབ་ལམ་བཟང་འཐོབ་པའི་རྒྱུ་རུ་བསྔོ།།

གསལ་བཤད་མཆན།

དགེ་བའི་བཤེས་གཉེན་དམ་པ་དགེ་འདུན་དཔལ་འབྱོར་རམ་དཔལ་འབྱོར་རྒྱ་མཚོའི་མཛད་རྣམ་ཉུང་བསྡུས་འདི་ནི་དམ་པ་ཁོང་གི་ཡང་ཚར་གྱུར་པ་ལྡོང་དངོས་བསྟན་འཛིན་ཤེས་རབ་བམ་ལྡོང་བསྟན་ཤེར་དུ་འབོད་པས་ཡོངས་འཛིན་རྗེ་བཙུན་ཕུན་ཚོགས་དར་རྒྱས་དཔལ་བཟང་པོ་མཆོག་གིས་མཛད་པའི་འཇམ་དབྱངས་ཀུན་གཟིགས་ལྷ་ཁང་གི་དཀར་ཆག་རིན་ཆེན་ནོར་བུའི་མེ་ལོང་དང་།དྷཱི་ཿཚའི་གདན་རབས་སོགས་ཁུངས་ལྡན་ཡིག་ཆ་ཁག་དང་།རང་དགོན་གྱི་ཨ་ཁུ་ཞིང་གཤེགས་དམ་པ་གྲགས་པ་རྒྱ་མཚོ་འམ་ཡོངས་གྲགས་སུ་ཨ་ཁུ་རཏྣ་ཚང་དང་ཀ་རྒྱའི་ཨ་ཁུ་བསམ་གཏན་ཚང་། རང་གི་ཨ་མྱེས་བཀའ་དྲིན་ཅན་འདས་པོ་ཚེ་ཐར་འབུམ། དམ་པ་ཁོང་གི་ལས་གྲོགས་འཁྱག་སྐོར་རབ་འབྱོར།ཁོང་གི་སློབ་མར་གྱུར་པའི་དགེ་རྒན་སོགས་གནད་ཡོད་མི་སྣ་དུ་མའི་མདུན་སར་ཆེད་དུ་སྐྱོད་དེ་དངོས་ཡོད་ལོ་རྒྱུས་རྣམས་ཡིག་ངོར་ཕབ་སྟེ་རྒྱུ་ཆ་ཁུངས་ལྡན་རྣམས་གོང་བསྒྲིགས་ནས་སྤྱི་ལོ ༢༠༡༣ ལོའི་ཧོར་ཟླ ༤ ཚེས་༨ ཉིན་བྲིས་པ་ཛ་ཡནྟུ།

རྩོམ་སྒྲིག་པ།བྱ་མདོ་གུར་ཀུམ།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 




བརྒྱུད་འགོད།