སྤྲེལ་རྫོང་དགོན་པའི་དགེ་བཤེས་བཀའ་འགྱུར་བ་བསྐལ་བཟང་དོན་གྲུབ།

ཡོང་ཁུངས།   དགེ་ལུགས་དྲ་བ     སྤེལ་དུས།  2023-03-07 21:56:26     རྩོམ་པ་པོ།   ཧྲོང་བོ་བསྟན་འཛིན་ཐོགས་མེད།    ཀློག་ཐེངས།  

༄༅།།དགེ་བའི་བཤེས་གཉེན་རྗེ་བསྐལ་བཟང་དོན་གྲུབ་མཆོག་ནི། ས་ཕོ་སྤྲེལ་༡༩༦༨ལོར་རྨ་བྱང་ཤ་སྦྲང་ཚོ་དྲུག་གི་ནང་ཚན་ལྔ་རྒྱ་ཞེས་བྱ་བའི་འབྲོག་སྡེ་ཆེན་པོ་དེར། ཡབ་བློ་བཟང་རྒྱལ་དང་ཡུམ་ཧྲོང་བཟའ་སྐྱིད་མོ་རྒྱལ་གཉིས་ཀྱི་སྲས་སུ་འཁྲུངས་ཏེ། ཆུང་དུས་སློབ་གྲྭར་འགྲིམ་པའི་གོ་སྐབས་མ་བྱུང་བར་ཉིད་ཀྱི་ཕུ་བོ་སྐྱིད་པོ་རྒྱལ་ལས་ཡི་གེ་འབྲི་ཀློག་སློབ་པར་མཛད། དགུང་གྲངས་བཅོ་ལྔར་སོན་པ་སྤྱི་ལོ་༡༩༨༢ལོར་ཆོས་སྒོ་ཕྱེ་བའི་ཕྱི་ལོ་དེར་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་༧བསྐལ་བཟང་ཚུལ་ཁྲིམས་འོད་ཟེར་ལས་རབ་ཏུ་བྱུང་། ལོ་དེ་ཀའི་ཧོར་ཟླ་བཞི་བའི་ཚེས་བཞིའི་ཉིན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཆོས་སྡེ་ཆེན་པོ་བྲག་དཀར་སྤྲེལ་རྫོང་དགོན་རྨད་བྱུང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་གི་ཆོས་སྒོར་ཞུགས། བཤེས་གཉེན་དམ་པ་ངག་དབང་ཆོས་དར་རིན་པོ་ཆེ་ཚང་ཆེས་ཐོག་མའི་དགེ་རྒན་དུ་བསྟེན་ནས་གྲྭ་ཚང་གི་འདོན་ཆ་ཡོངས་རྫོགས་དབྱངས་རྟ་ས་གསུམ་དང་བཅས་པ་ཐུགས་ལ་བྱང་བར་བཟུང་། གོང་གི་དགེ་བའི་བཤེས་གཉེན་རྣམ་པ་གཉིས་དང་ལྷ་རྗེ་བློ་བཟང་དོབ་གྲུབ་གསུམ་བསྟེན་ཏེ་བསྡུས་གྲྭ་དང་བློ་རྟགས། གྲུབ་མཐའ་རིན་ཕྲེང་། ཕར་ཕྱིན། འདུལ་བ་སོགས་མདོ་སྔགས་ཀྱི་གཞུང་མང་པོ་དང་། སུམ་ཅུ་བ་དང་རྟགས་འཇུག ནག་རྩིས་སོགས་ཐ་སྙད་རིག་གནས་ཀྱང་གསན། གསང་འདུས་རྩ་རྒྱུད། རྒྱན་འཇུག་དང་སྨན་ཀྱི་རྒྱུད་ཆུང་གསུམ། སྐྱབས་རྗེ་ཨ་རོལ་ཚང་གི་གསུང་འབུམ་ལས་ཕྱག་ཏུ་གང་འབྱོར་གྱི་ལུང་སོགས་ལུང་མང་པོ་གསན།

རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ༧ཆུ་ཀྱཱ་བློ་བཟང་ཐུབ་བསྟན་ཉི་མ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་དང་། སྐྱབས་རྗེ་བྲག་དཀར་བློ་བཟང་ཆོས་ཀྱི་ཉི་མ་རྣམ་གཉིས་ཀྱི་མདུན་ནས་བདེ་གསང་འཇིགས་གསུམ་དང་། སྨན་བླ། གདུགས་དཀར་སོགས་དང་། ཁྱད་པར་སྐྱབས་རྗེ་ཨ་རོལ་བའི་བརྒྱུད་འཛིན་རྣམ་པའི་ཐུན་མིན་གྱི་ཆོས་སྐོར་བླ་མ་ཁོང་གཉིས་ཀྱིས་གང་གསུང་ཡོངས་རྫོགས་མ་གསན་པ་མེད། སྣང་བ་མཐའ་ཡས་པཎ་ཆེན་བཅུ་བ་ལས་སེམས་བསྐྱེད་མཆོད་པ་སོགས་གསན། མདོ་སྔགས་ཡོངས་སུ་རྫོགས་པའི་མངའ་བདག་སྐུ་འབུམ་དགེ་བཤེས་ཚང་འཇམ་དབྱངས་བསྟན་པ་རབ་རྒྱས་ཀྱི་མདུན་ནཱ་ནས་ཀྱང་རོ་མཁའ་སྤྱོད་མའི་ཆོས་སྐོར་སོགས་གསན།

དགུང་གྲངས་བཅུ་དགུ་བཞེས་པ་ཟད་པ་ཞེས་པའི་མེ་སྟག་༡༩༨༦ལོར་མཁས་གྲུབ་བྱེ་བའི་བསྟི་གནས་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཆེད་དུ་ཕེབས་ནས་ལྔ་རིག་མཁས་པའི་དབང་བོ་རྗེ་༧དགེ་འདུན་རྒྱ་མཚོ་ཚང་། རབ་འབྱམས་སྨྲ་བའི་རིགས་པའི་དབང་ཕྱུག་ཆེན་པོ་རྗེ་འཇམ་དབྱངས་རྒྱ་མཚོ། མ་ཧཱ་པཎ་ཊི་ཏ་རྗེ་དགུ་དགེ་བསམ་གཏན་རྒྱ་མཚོ། རྡོ་རམས་པ་ཕུན་ཚོགས་ཚང་། གྲུབ་པའི་དབང་ཕྱུག་རྗེ་འཇམ་དབྱངས་ཉི་མ་དང་། སྐད་གཉིས་སྨྲ་བའི་དབང་བོ་རྗེ་བློ་བཟང་རྒྱ་མཚོ། བཤེས་གཉེན་ཆེན་པོ་རྔ་བའི་གྲགས་པ་ཚང་སོགས་དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་བསམ་སྦྱོར་གཉིས་ཀྱི་སྒོ་ནས་བསྟེན་དེ་བསེ་བསྡུས་གྲྭ་དང་། ཀུན་མཁྱེན་བློ་རྟགས། རྒྱན་འཇུག་གཉིས་དང་། རྒྱན་གྱི་འགྲེལ་ཆུང་དོན་གསལ། དྲངས་བའི་ལེགས་བཤད་སྙིང་པོ། གྲུབ་མཐའ་རྩ་བ། ཀུན་མཁྱེན་གཉིས་པའི་ས་ལམ། དོན་བདུན་ཅུ། ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ཕལ་ཆེར། སྐབས་བཞི་བའི་སྡོམ་སོགས་གཞུང་ཆེན་དུ་མ་བློར་བཟུང་བའི་སྟེང་སློབ་གཉེར་རྡོ་རུས་ཐུག་པ་གནང་། ཞར་དུ་སུམ་རྟགས། སྒྲ་དང་སྙན་ངག རྩིས་དང་ས་དཔྱད་སོགས་རིག་པའི་གནས་ཆུང་བ་དག་ལ་ཡང་སྦྱངས། དགུང་གྲངས་ཉེར་གཉིས་པ་ས་སྤྲུལ་

༡༩༨༩ལོར་གངས་རིའི་ལྗོངས་ཀྱི་ཉེ་བར་འཁོར་གཉིས་པ་༧རྗེ་དགེ་འདུན་རྒྱ་མཚོས་མཁན་པོ་མཛད་ནས་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་ད་ཆོག་ཉེས་མེད་ཕུན་ཚོགས་ཀྱི་སྒོ་ནས་བསྙེན་པར་རྫོགས། སོག་པོ་དགེ་བཤེས་བསྟན་འཛིན་རྒྱ་མཚོ་ལས་རྒྱལ་བའི་བཀའ་བོད་དུ་འགྱུར་རོ་ཅོག་གི་ལྗགས་ལུང་ཆ་ཚང་བར་མནོས། དཔལ་དུས་ཀྱི་འཁོར་ལོ་ངུར་སྨྲིག་གར་དུ་རོལ་བ་སྐྱབས་རྗེ་༧གུང་ཐང་བསྟན་པའི་དབང་ཕྱུག་དཔལ་བཟང་པོ་དང་། ཆུ་བཟང་རིན་པོ་ཆེ་གཉིས་གས་དུས་འཁོར་དབང་ཆེན་སོགས་ཆོས་བཀའ་མང་དུ་གསན།

དགུང་གྲངས་ཉེར་བཞི་བ་ལྕགས་ལུག་༡༩༩༡ལོར་ཕྱིར་རང་དགོན་དུ་ཕེབས། གྲྭ་ཚང་གི་དགེ་རྒན་གྱི་འགན་བཞེས། རྗེ་སངས་རྒྱས་རྒྱ་མཚོ་བསྟེན་ནས་ཕར་ཕྱིར་དང་དབུ་མའི་གཞུང་ལ་སྦྱངས། ལྷ་རྗེ་དོན་གྲུབ་རིན་པོ་ཆེ་ལས་འདུལ་སྡོམ་སོགས་གསན།

མེ་བྱི་༡༩༩༦ལོར་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་གནང་། མེ་གླང་༡༩༩༧ལོར་གྲྭ་ཚང་གི་དགེ་བསྐོས་ཀྱི་འགན་བཞེས། ལ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་ལས་གུང་ཐང་སྐྱབས་ཁྲིད་ཀྱི་སྒོ་ནས་སྐྱབས་འགྲོའི་ཁྲིད་དང་། བདེ་གསང་འཇིགས་གསུམ་དང་གསང་བདག་འཁོར་ཆེན་སོགས་ཀྱི་དབང་གསན།

མེ་ཁྱི་༢༠༠༦ལོར་སླར་ཡང་བླ་བྲང་དུ་ཆེད་དུ་ཕེབས་ནས་དགེ་བའི་བཤེས་གཉེན་ཆེན་པོ་སྨད་སོགས་བསོད་ནམས་རྒྱ་མཚོ་དང་། རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ། བཤེས་གཉེན་གྲགས་པ་རྒྱ་མཚོ་སོགས་ཀྱི་མདུན་ནས་མདོ་སྔགས་ཀྱི་གཞུང་དང་མན་ངག་ལག་ལེན་སོགས་དཀོན་ལ་ཟབ་པའི་ཆོས་བཀའ་མང་བོ་ཆེད་ཞུས་མཛད། ཕྱིར་ཕེབས་ནས་རང་དགོན་དུ་སྔར་བཞིན་དགེ་རྒན་གྱི་འགན་བཞེས། ཧང་རྫོང་ས་སྣ་དགོན་པའི་དགོན་བདག་གུང་ཡུ་མཆོག་སྤྲུལ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་དང་། ཨོའུ་རྒྱ་བློ་བཟང་ལུང་རྟོགས་བསྟན་འཛིན་ཉི་མ། ཕུར་ཚྭ་བློ་བཟང་བསོད་ནམས་རྒྱ་མཚོ་སོགས་བླ་སྤྲུལ་དུ་མས་གཙུག་ཏུ་བཀུར།

ས་བྱི་༢༠༠༨ལོར་ཧྲོང་བོ་སྡེ་བའི་ཆེས་ཐོག་མའི་བོད་ཡིག་ཟབ་སྦྱོང་འཛིན་གྲྭའི་མགོན་དུ་ཕེབས་པ་སོགས་ཆེ་ས་ཕྲ་ས་ནས་བོད་ཀྱི་རིག་གཞུང་འཛིན་སྐྱོང་ལ་མཛད་པ་མཐའ་ཡས།

ལྕགས་ཡོས་༢༠༡༡ལོར་ཨ་ཚོགས་དགེ་བཤེས་བཀྲ་ཤིས་རྒྱ་མཚོས་ཞུས་ངོར་ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་དུ་བྱ་ཁྱུང་དགོན་པའི་ཨ་ལགས་གཅན་ཚ་ཚང་དང་། གཡོན་རུ་དགོན་པའི་ཨ་ལགས་དམ་ཆོས་ཚང་། དགེ་བཤེས་བཀྲ་ཤིས་རྒྱ་མཚོ། སྔགས་པ་འཇིགས་མེད་སོགས་གཙོས་གྲུབ་མཐའ་རིས་མེད་ཀྱི་བླ་གྲྭ་དང་། ཇོ་མོ་དང་། མི་སྐྱ་མང་པོར་རྒྱལ་བའི་བཀའ་བོད་དུ་འགྱུར་རོ་ཅོག་གི་ལྗགས་ལུང་དང་། ཞོར་དུ་དགེ་བཤེས་བཀྲ་ཤིས་རྒྱ་མཚོ་སོགས་འཁོར་ཉུང་འདུས་ཤིག་ལ་གསེར་ཕྲེང་དང་། སྦྱིན་སྲེག་གི་ཁྲིད་ཡིག་དངོས་གྲུབ་རྒྱ་མཚོ། གཟུངས་འབུལ་ཤེལ་དཀར་མེ་ལོང་སོགས་ཀྱི་ཁྲིད་གནང་། ཇོ་ནང་ལུང་སྐྱ་དགོན་པའི་མཆོག་སྤྲུལ་བསྟན་པའི་རྒྱལ་མཚན་དང་ཇོ་ནང་བསེ་དགོན་པའི་མཁན་ཆེན་ཀུན་དགའ་ཆོས་འཕེལ་སོགས་ལ་གཟུངས་འབུལ་ཤེལ་དཀར་མེ་ལོང་སོགས་ཀྱི་ཁྲིད་གནང་། འཕགས་བོད་མཁས་གྲུབ་ཡོངས་ཀྱི་གཙུག་ནོར་ལྷ་རམས་འབོ་རའི་ཡོན་ཏན་རྒྱ་མཚོ་དང་། གོང་སའི་ཡོངས་འཛིན་མགོ་ལོག་གྲགས་པ་རྒྱ་མཚོ། རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་གསུམ་གར་ཕེབས་ཀྱི་རྗེས་འབྲངས་ནས་གསུང་ཆོས་གང་གསུངས་ལ་གསན་པ་སོགས་ལ་དབང་ལུང་མན་ངག་གི་རིགས་མ་ཚང་བ་མེད་པ་ལྟ་བུའི་མཛོད་དུ་བཞུགས།

དགུང་གྲངས་ཉེར་བཞི་བ་ལྕགས་ལུག་༡༩༩༡ལོར་ནས་བཟུང་ད་བར་དུ་དཔེ་ཁྲིད་གནང་བས་སློབ་མ་ཡང་སློབ་ལ་ལུང་དང་རིགས་པ་སྨྲ་བ་མང་དུ་བྱོན་ཏེ། དགོན་འདིའི་བཤད་སྒྲུབ་ཀྱི་བསྟན་པར་ཕྱག་རྗེས་རྨད་དུ་བྱུང་བ་བཞག་ཅིང་། རྗེ་འདི་བ་ནས་བརྒྱུད་པའི་ཆོས་རྒྱུན་དང་སློབ་རྒྱུན་ཕྱོགས་གཞན་དུ་ཡང་འཕེལ་དང་འཕེལ་བཞིན་པར་བརྟེན། ཤིང་ལུག་༢༠༡༥ལོར་སྲིད་གཞུང་གིས་ཀྱང་ནང་བསྟན་དགོན་སྡེའི་དཔེ་ཁྲིད་དགེ་རྒན་གྱི་ཕྱག་རྟགས་ཕུལ་ལ། རྒྱ་ནང་གི་ཡུལ་གྲུ་མང་པོར་ལྟ་སྐོར་གནང་། དཔེ་ཁྲིད་དང་བཀའ་ཆོས་ཀྱི་ཞར་ལ་དགོན་འདིའི་གདན་རབས་དང་། སྤྲེལ་རྫོང་གི་གནས་ཡིག་བཀའ་རྩོམ་གནང་བ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། 

དེང་གི་ཆར་ཡང་དུས་བཞི་ཁོར་མོ་ཡུག་ཏུ་དགོན་པར་བཞུགས་ཏེ་གཙོ་བོ་གདུལ་བྱ་བུ་སློབ་རྣམས་ལ་གཞུང་ཆེན་ཁག་དང་རིག་གནས་སྣ་ཚོགས་ཀྱི་དཔེ་ཁྲིད་དང་། གཞན་ཡང་དབང་དང་རྗེས་གནང་། བཀླགས་ལུང་དང་བཤད་ལུང་སྩོལ་སོགས། དོན་གཉེར་ཅན་རྣམས་ལ་རང་རང་གི་འདོད་མོས་ལྟར་བརྩེ་བས་གཟིགས་ཏེ་ཆོ་ག་དང་ལག་ལེན་སྣ་ཚོགས་ཀྱི་ཉེར་མཁོའི་མཐོང་བརྒྱུད་ཀྱི་ཕྱག་ལེན་ཚུན་ཆད་ཁྲིད་པར་མཛད་ཅིང་།རྒྱལ་བསྟན་རིན་པོ་ཆེ་ཆ་ལག་དང་བཅས་པ་འཛིན་སྐྱོང་དར་སྤེལ་གྱི་མཛད་པས་བདག་ཅག་སློབ་བུ་ལྟོས་བཅས་ཡོངས་ཀྱི་ཆོས་ཀྱི་དེད་དཔོན་དམ་པར་འཚོ་གཞེས་མཛད་བཞིན་པའོ། །

ཞེས་པ་འདི་ནི་དམ་པ་ཉིད་ཀྱིས་གཞོན་ནུའི་དུས་ནས་གསུང་གི་བདུད་རྩིས་ལེགས་པར་བསྐྱངས་པའི་སློབ་བུ་འབྲས་སྒོ་བཀའ་བཅུ་དགེ་བཤེས་ཧྲོང་བོ་བསྟན་འཛིན་ཐོགས་མེད་དུ་འབོད་པས་གུས་པས་སྦྱར་བའོ། །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།