སྤྲེལ་རྫོང་དགོན་པའི་བཤེས་གཉེན་རྡོ་རམས་པ་བསྟན་འཛིན་རྒྱ་མཚོ།
༄༅། །སྤྲེལ་རྫོང་དགོན་པའི་བཤེས་གཉེན་རྡོ་རམས་པ་བསྟན་འཛིན་རྒྱ་མཚོ་ལགས་ཀྱི་རྣམ་པར་ཐར་བ་མདོ་ཙམ་བརྗོད་པ་ལ། ཁོང་སྤྱི་ལོ་༡༩༦༨ .༥.༩ ཤ་སྦྲང་ཕྱིས་རྒྱའི་གཅོད་སྐོར་སྡེ་བར་ཡབ་བློ་བཟང་བརྩོན་འགྲུས་དང་། ཡུམ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས།
ཆུང་དུས་སུ་དད་པ་བརྟན་ཞིང་། ཤེས་རབ་ཆེ་བ། གཤིས་རྒྱུད་དྲང་ཞིང་། ཡ་རབས་ཀྱི་ལས་ལ་བརྩོན་པ་ཞིག་ཡིན། རྗེས་སུ་དགུང་གྲངས་བཅུ་བཞི་བ་ལྕགས་བྱ་སྟེ། ༡༩༨༡ ལོར་སྤྲེལ་རྫོང་དགོན་པའི་ཆོས་སྒོ་གསར་དུ་ཕྱེ་བའི་སྐབས་སུ་གྲྭ་རྒྱུན་ཐོག་མའི་གྲས་སུ་ཚོགས་གྲལ་དུ་ཞུགས་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་ཁོང་སྐལ་བཟང་ཚུལ་ཁྲིམས་འོད་ཟེར་ཚང་གི་ཞལ་སྔ་ནས་རབ་བྱུང་དགེ་ཚུལ་བསྙེན་རྫོགས་བཅས་ཀྱི་སྡོམ་པ་རིམ་བཞིན་ཡང་དག་པར་བླངས། སྐྱབས་མཆོག་ཨ་རོལ་རྡོ་རྗེ་འཆང་ཆེན་པོའི་སྐུའི་མེ་ཏོག་ཕྲེང་བརྒྱུད་ཀྱི་རིམ་པ་གང་ག་ཕོག་པའི་ལྷ་སྐལ་༧རྗེ་བཙུན་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ་མཆོག་གི་རྒྱལ་ཚབ་དམ་པ་ཆུ་ཀྱཱ་རྡོ་རྗེ་འཆང་བློ་བཟང་ཐུབ་བསྟན་ཉི་མ་མཆོག་གི་ཞལ་སྔར་དབུ་སྐྱབས་འགྲོ་ནས་བཟུང་དབང་ལུང་བཀའ་ཆོས་ཀྱི་རིམ་པ་ལོ་དུ་མའི་རིང་ལ་གྲྭ་ཚང་འདུས་པ་རྒྱ་མཚོ་དང་ལྷན་དུ་གསན།
༡༩༨༣ ལོར་ཡར་འཚོགས་ཀྱི་འདོན་ཆོས་དང་། ལུས་ངག་གི་ཀུན་སྤྱོད་ཚུལ་དང་མཐུན་པའི་ཐད་ལ་གཟིགས་ནས་དབུ་མཛད་ཆེ་ཆུང་གཉིས་དང་། རྒན་པ་ཆེ་ཁག་རྣམས་ཀྱིས་བསྟོད་བསྔགས་གནང་སྟེ། གདོང་གྲལ་དུ་ཕུལ། དེ་ནས་བཟུང་སྤྲེལ་རྫོང་དགོན་པའི་ཆོ་ག་ཆོས་སྤྱོད་ཀྱི་འདོན་པ་ཆ་ཚང་བ་དེ། འདོན་རྒྱུགས་སྤྲོད་ཐེངས་གཅིག་ལ་རྒྱུགས་ཐེབས་གཉིས་དང་། ཡང་ན་གསུམ་སྤྲད་པར་གྲྭ་ཚང་རིན་པོ་ཆེའི་དབུས་སུ་བླ་མ་ལས་སྣེ་ཡོངས་ཀྱིས་ཞལ་གཡང་དྲོན་མོའི་བསྟོད་བསྔགས་དང་། ཆེས་མཐོ་བའི་བྱ་དགའི་བདག་རྐྱེན་མང་བོ་གནང་།
༡༩༨༤ ལོར་བསྡུས་ཆུང་གི་འཛིན་གྲྭའི་སྐྱོར་དཔོན་ལ་ཁོང་བསྟན་འཛིན་རྒྱ་མཚོ་འདི་བ་ཚང་བཞག་ལ། དེར་བརྟེན་ཁོང་རང་ཉིད་ནས་བསེ་བསྡུས་གྲྭ་ཆ་ཚང་དང་། གྲུབ་མཐའ་རྩ་བ་སོགས་ཚོགས་རྒྱུགས་ལ་སྤྲད་དེ་རང་སྟེང་དུ་མཚན་ཉིད་པའི་གཞི་རྐང་བརྟན་མོ་བཙུགས། དེ་ནས་ཡོངས་རྫོགས་བསྟན་པའི་མངའ་བདག་རྗེ་སྐལ་བཟང་ཚུལ་ཁྲིམས་འོད་ཟེར་ཚང་། དགེ་བའི་བཤེས་གཉེན་ཆེན་མོ་ལྷ་རྗེ་དོན་གྲུབ་ཚང་། བཤེས་གཉེན་ཆེན་མོ་ངག་དབང་ཆོས་དར་ཚང་སོགས་ཀྱི་ཞབས་རྡུལ་སྤྱི་བོར་བརྟེན་ཏེ། རིམ་བཞིམ་བསྡུས་གྲྭ རྣམ་འགྲེལ། དབུ་ཕར། མཛོད་འདུལ་བཅས་གཞུང་ཆེན་བཀའ་པོད་ལྔ་ལ་འཆད་ཉན་ལེགས་པོར་སྦྱངས། གནས་ལྔ་ཡོངས་སུ་གཟིགས་པའི་དགེན་འཇིགས་མེད་བློ་གྲོས་ཚང་གི་མདུན་དུ་སྐར་རྩིས་ཀྱི་ཁྲིད་ཆ་ཚང་ཐོབ་སྟེ། རི་མོའི་སྦྱངས་་པ་ཡོངས་སུ་བྱང་།
༡༩༩༢ ལོར་སྤྲེལ་རྫོང་དགོན་པའི་དམངས་གཙོ་དོ་དམ་ཁང་གི་རིག་གནས་སྡེ་ཁག་གི་འགན་ལོ་དུ་མར་ཁུར་ནས་འཆད་ཉན་གྱི་བྱ་བ་ལ་ཞབས་ཞུ་གང་ལེགས་བསྒྲུབས།
༡༩༩༣ ལོའི་ས་ག་ཟླ་བའི་ཚེས་༡༥་ལ་སྤྲེལ་རྫོང་དགོན་པའི་བླ་མ་གཞུང་ལས་པ་འམ་བརྩི་བཞག་བླ་མ་ལ་ལོ་དུ་མར་བཞུགས།
༡༩༩༥ལོར་ཕར་ཕྱིན་དམ་བཅའ་བའི་འཛིན་གྲྭའི་སྐྱོར་དཔོན་དང་། འཛིན་གྲྭའི་དགེ་བསྐོས་ཀྱི་འགན་གཅིག་ལྕོགས་སུ་ཁུར་ནས་རང་དང་འཛིན་གྲྭ་གཅིག་པའི་གྲོགས་རིགས་པ་སྨྲ་བ་བཅུ་ཕྲག་དྲུག་ལ་ཉེ་བ་དང་ལྷན་དུ་བསྟན་པ་ཡང་དར་སྐབས་ཀྱི་སྤྲེལ་རྫོང་དུ་གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམ་བཅའ་ཐོག་མ་བཞག
༡༩༩༣ལོའི་ས་ག་ཟླ་བའི་ཚེས་གསུམ་ཉིན་རྗེ་བཙུན་བླ་མ་དམ་པ་བྱམས་བརྩེའི་གཏེར་ཆེན་གྱི་བདག་པོ་རང་ཅག་རྣམས་ལ་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་ཁོང་ཨ་ལགས་བྲག་དཀར་རིན་པོ་ཆེ་ཚང་གིས་ཁོང་འདི་བ་ཚང་རྡོ་རམས་ལས་ཐོག་པར་བསྐོ་བཞག་མཛད་དེ་འཆད་ཉན་གྱི་འགན་གཙོ་ཤས་རྣམས་བཀལ། རྗེས་སོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་བསྟུད་མར་ལོ་གསུམ་གྱི་རིང་ལ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་ཁོང་ཨ་ཁུ་དགེ་འདུན་རྒྱ་མཚོ་ཚངདང་། མཁས་པའིི་དབང་བོ་ཨ་ཁུ་འཇམ་དབྱངས་རྒྱ་མཚོ་ཚང་སོགས་བཤེས་གཉེན་དུ་མའི་མདུན་དྲུང་དུ་གསུང་ཁྲིད་མང་བོ་ཐོབ། མཁས་པའི་དབང་བོ་ཨ་ཁུ་བསམ་འགྲུབ་ཚང་གི་མདུན་དུ་ཁོང་དེ་ཉིད་ཀྱིས་གསུངས་པའི་སྐར་རྩིས་ཀུན་འདུས་ཀྱི་ཁྲིད་དང་། རིག་པའི་གནས་ལ་ནང་བྱན་ཆུབ་པའི་ཁོང་སྨད་སོག་བཛྲ་ཚང་གི་མདུན་དུ་དབྱངས་ཅན་སྒྲ་ཊིཀ་ཆ་ཚང་ཐོབ།
༢༠༠༡ ལོར་དབུས་གྲྭ་ས་ཆེན་མོ་དཔལ་ལྡན་འབྲས་སྤུངས་སྒོ་མང་དུ། གྲུབ་མཐའ་རྒྱ་མཚོའི་མངའ་བདག་དགེན་ཆོས་འཕེལ་རྣམ་རྒྱལ་ཚང་དང་། སྙིགས་དུས་ཀྱི་བསྟན་པའི་སྒྲོན་མེ་ཁོང་བློ་བཟང་བསྟན་འཛིན་རིན་པོ་ཆེ་རྣམ་གཉིས་ཀྱི་ཞབས་པད་སྤྱི་བོར་བརྟེན་ཏེ། ཕར་ཕྱིན་གཞུང་གསར་ནས་དབུ་བཙུགས་ཏེ་གཞུང་བཀའ་པོད་ལྔ་ལ་བསྐྱར་གཟིགས་བྱས་ནས་ཆོས་གྲྭ་གོ་རིམ་བཞིན་ཆག་མེད་བརྩལ། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་དམ་པ་གཙང་སྔགས་འཆང་རིན་པོ་ཆེའི་ཞལ་སྔ་ནས་ཐོབ་དཀའ་བའི་དབང་ལུང་མང་བོ་གསན་ཏེ་ལོ་བརྒྱད་ལ་ཐོས་བསམ་འཆད་ཉན་ལ་སྦྱངས་པ་རྩེར་སོན་མཛད།
༢༠༡༠ ལོར་སྤྲེལ་རྫོང་དགོན་པར་གྲྭ་ས་ཆེན་མོའི་ཕྱག་བཞེས་བཞིན་མཚན་ཉིད་པའི་བསྟི་གནས་ཁམས་ཚན་ཆེན་མོ་ཞིག་གསར་བཞེངས་མཛད་དེ་བླ་སྤྲུལ་ཁག་དང་། སློབ་གཉེར་བ་མང་བོ་ལ་ཆོས་ཚུལ་བཞིན་བསྒྲུབས་པའི་མཐུན་རྐྱེན་སྦྱར་བའི་སྐུ་དྲིན་བསྐྱངས། ལོ་དེའི་ས་ག་ཟླ་བའི་ཡར་ཚེས་ལ་སྤྲེལ་རྫོང་དགོན་པའི་བླ་མ་ཁྲི་གདན་ཟུར་བ་དོ་དམ་ཁང་གི་འགོ་གཙོ་རྒན་གཞོན་དང་ཚོགས་ཆེན་དགེ་བསྐོས་ཞལ་ངོ་སོགས་ནས་གཞུང་བཀའ་པོད་ལྔ་སྔགས་རིག་གནས་དང་བཅས་པ་ཁྲིད་པའི་དགེ་རྒན་ཆེན་མོར་བསྐོ་བཞག་གནང་། ད་དུང་བྲག་དཀར་རྫོང་བོད་ཡིག་སློབ་འབྲིང་དང་བོ་དང་། རྗེས་སོར་བོད་ཡིག་སློབ་འབྲིང་གཉིས་པ་གཉིས་ཀྱི་དགེ་རྒན་ཆེན་མོར་མཛད། དབྱར་དགུན་གནང་གི་སྐབས་སུ་རིན་མེད་གཟབ་སྦྱོང་གིས་ཕྱོགས་སོ་སོའི་སློབ་མ་མང་བོ་སྐྱོང་བཞིན་ཡོད་ལ། ད་དུང་སྤྲེལ་རྫོང་དགོན་པའི་ལྔ་རིག་སློབ་གླིང་གི་སློབ་གཙོའི་འགན་ཁུར་ཏེ། སློབ་གྲྭའི་སྡེ་ཁག་གསུམ་གྱི་འགོ་གཙོ་རྒན་ཆེ་གྲགས་རྣམས་དང་། དགེ་རྒན་ཆེན་མོ། རྐང་འཛིན་དགེ་རྒན་ཡོངས་ཀྱི་བཀའ་དྲིན་དང་ཐུགས་རྗེ་ལས་གྲྭ་བཙུན་སློབ་མ་ཚོར་ཡིག་གཟུགས་འབྲི་སྟངས། འདོན་ཆོས། བཅའ་བཞེས། ཐིག་རྡུལ་ཚོན། སུམ་རྟགས་དག་གསུམ། སྙན་ངག་རྣམས་ཁྲིད་དེ་གསོ་སྐྱོང་ལེགས་པོ་མཛད།
༢༠༡༡ ལོར་མཚོ་ལྷོ་ཁུལ་སྲིད་གྲོས་ཨུ་ཡོན་གྱི་འགན་ལོ་བཅུ་ལ་ཁུར་ཞིང་། ད་ལྟ་མཚོ་ལྷོ་ཁུལ་དམངས་ཆེན་འཐུས་མའི་འགན་བཞེས་ཡོད། རྫོང་དང་། ཁུལ། ཞིང་ཆེན། ཀྲུང་དབྱང་བཅས་ནས་ཀྱང་དགེ་རྒན་ཆེན་མོའི་ལག་རྟགས་མང་བོ་བསྩལ་ཡོད་ལ། ད་ལྟ་སྤྲེལ་རྫོང་དགོན་པར་གྲྭ་རྒན་པ་ཚོར་རྒན་བཀུར་གླིང་ཞིག་ཀྱང་བཙུགས་ཡོད། འཛིན་གྲྭ་གོང་འོག་བར་གསུམ་གྱི་བླ་གྲྭ་གང་ལ་གང་མཁོ་བའི་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཉན་བཤད་སྒྲུབ་ཀྱི་བྱ་བའི་སྒོ་ནས་བསྐྱངས་དང་། སྐྱོང་བཞིན་ཡོད།
ཅེས་སྤྱི་ལོ ༢༠༢༢ ཟླ ༡༢ ཚེས ༡༨ ཉིན་དམ་པ་གང་གི་སྐུ་དྲིན་དང་ཐུགས་རྗེ་ལས་མཚན་ཉིད་སློབ་གཉེར་བའི་གྲལ་མཐར་སོན་པ་སྤྲེལ་རྫོང་ཕྱོགས་གླང་དུ་འབོད་པ་གང་དེས་མདོ་ཁམས་བསྟན་པའི་མཛེས་རྒྱན་རྫ་སེར་ཤུལ་དགོན་མཐོ་རིམ་ནང་བསྟན་སློབ་གླིང་གི་དཔེ་མང་བརྩིགས་པའི་རང་ཤག་ནས་རྫོགས་པར་བྲིས་པའོ། །
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn