བྲག་དཀར་སྤྲེལ་རྫོང་དགེ་བཤེས་རྡོ་རམས་པ་བཀྲ་ཤིས་རྒྱལ་མཚན།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-02-28 12:40:01         ཀློག་ཐེངས།  

微信图片_20230228122030.jpg

༧རྡོ་རམས་པ་རྗེ་མངྒ་ངྷ་ཛ་མཆོག་ནི། མདོ་སྨད་མཚོ་ལྷོ་ཁུལ་བྲག་དཀར་རྫོང་གི་ཁོངས་གཏོགས་རྨ་བྱང་ཧྲོང་བོ་སྡེ་བར། ལྡོང་གི་རིགས་རུས་ཕུན་སུམ་ཚོགས་པའི་གདུང་རྒྱུད་དུ། ཡབ་བློ་གྲོས་རྒྱ་མཚོ་དང་ཡུམ་གཡང་མཚོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། 

ཡབ་ཡུམ་འདི་གཉིས་ལ་སྲས་མིང་སྲིང་བརྒྱད་ཡོད་པ་ལས་དམ་པ་འདི་ཉིད་ལྔ་པ་ཡིན། ཁོང་ཆུང་དུས་ནས་བཟུང་དམ་པའི་ཡོན་ཏན་ལྷན་སྐྱེས་སུ་མངའ་ཞིང་། བརྩེ་བ་སྙིང་རྗེ་ཆེན་པོས་ཉམ་ཐག་སེམས་ཅན་གྱི་ཚེ་སྲོག་ལ་གནོད་པ་ཕྲ་མོ་ཙམ་ཡང་མི་བྱེད་པར། བཞེས་པ་དཀར་ཟས་ཁོ་ནར་སྤྱོད་པ་ལས་དམར་ཟས་རིང་དུ་སྤངས་པ་སོགས། ཡ་རབས་ཡོན་ཏན་གྱིས་ཕྱུག་པའི་སྐྱེས་བུ་དམ་པ་ཞིག་གོ། 

རིམ་གྱིས་ཡི་གེ་འབྲི་ཀློག་དང་སུམ་རྟགས་སྙན་ངག་སོགས་ཚེགས་མེད་དུ་མཁྱེན། 

རྒྱལ་བསྟན་ཡང་དར་སྐབས་བྲག་དཀར་སྤྲེལ་རྫོང་དགོན་རྨད་བྱུང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་དུ་ཚོགས་ཞུགས་གནང་སྟེ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་༧རྗེ་བསྐལ་བཟང་ཚུལ་ཁྲིམས་འོད་ཟེར་རིན་པོ་ཆེ་ལས་རིམ་བཞིན་དགེ་ཚུལ་སློང་གི་སྡོམ་པ་ལེགས་པར་བཞེས་ཏེ། འདུལ་འཛིན་རྒྱུ་སྐར་བྱེ་བའི་ཁྲོད་ན་ཆ་རྫོགས་ཀྱི་ཟླ་བ་ལྟ་བུར་གྱུར། ༧སྐྱབས་མགོན་རྡོ་རྗེ་འཆང་གི་ཐུགས་བཀོད་བཞིན་འདུལ་འཛིན་དགེ་བའི་བཤེས་གཉེན་ཆེན་པོ་༧རྗེ་ངག་དབང་ཆོས་དར་ཡོངས་འཛིན་དུ་བསྟེན་ནས་འདོན་ཆོས་སྤྱོད། གསང་ཆེན་རྒྱུད་སྡེ་བཞིའི་ཆོ་ག་སོགས་དང་། བསྡུས་གྲྭ་ནས་བཟུང་རྒྱན་འཇུག་གཉིས་དང་། གྲུབ་མཐའ་རྩ་བ། སྤྱོད་འཇུག་ཆེན་མོའི་མཚོན་གཞུང་ཆེན་མང་པོ་ཐུགས་འཛིན་གནང་། 

རྗེ་བསྐལ་བཟང་ཚུལ་ཁྲིམས་འོད་ཟེར་རིན་པོ་ཆེ་དང་། རྗེ་ངག་དབང་ཆོས་དར་རིན་པོ་ཆེ་སོགས་དགེ་རྒན་དུ་མ་ཚུལ་བཞིན་བསྟེན་ནས། རིག་པའི་སྒོ་འབྱེད་བསྡུས་གྲྭ་ནས་བཟུང་མདོ་རྒྱུད་རིག་གནས་དང་བཅས་པར་གསན་བསམ་རྒྱ་ཆེར་གནང་ཞིང་སློབ་གཉེར་མཐར་ཕྱིན་པར་མཛད། སྐྱབས་མགོན་རྡོ་རྗེ་འཆང་ཆུ་ཀྱཱ་བློ་བཟང་ཐུབ་བསྟན་ཉི་མ་ཚང་དང་། བླ་མ་རྡོ་རྗེ་འཆང་ཆེན་པོ་༧རྗེ་བྲག་དཀར་བློ་བཟང་ཆོས་ཀྱི་ཉི་མ་ཚང་རྣམ་གཉིས་རིགས་ཀྱི་ཅོད་པཎ་དུ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་པས། དབང་ལུང་མན་ངག་ཐམས་ཅད་ཕ་ནོར་བུ་ལ་བསྩལ་བ་བཞིན་གནང་སྟེ་ཟབ་རྒྱས་གདམས་པའི་གཏེར་དུ་གྱུར། 

༧སྐྱབས་མགོན་ཆུ་ཀྱཱ་རིན་པོ་ཆེའི་ཞལ་ནས། རྗེ་འདི་ཉིད་དགོན་འདིའི་ནང་རྟེན་སྲོག་ཤིང་ལྟ་བུ་ཡིན་ཞེས་ལུང་བསྟན་གནང་ཞིང་། ཁོང་གི་ནང་ཐུགས་ཀྱི་སྲས་གཅིག་པུར་གྱུར། དགོན་འདིའི་བརྩི་བཞག་བླ་མར་ལོ་མང་པོར་བཞུགས་ནས་ཆོས་འདུལ་བའི་ཕྱག་ལེན་ཕྲ་ཞིབ་ངོས་གཙང་གནང་། 

སྔ་གཞུག་ཏུ་མདོ་སྨད་བསྟན་པའི་འབྱུང་གནས་༧ཀུན་མཁྱེན་བླ་མ་ཡབ་སྲས་ཀྱི་གདན་ས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས། དགེ་ལྡན་བསྟན་པའི་སྲོག་ཤིང་ཆེན་པོ་༧རྗེ་དགེ་འདུན་རྒྱ་མཚོ་དང་། ཡོངས་རྫོགས་བསྟན་པའི་མངའ་བདག་༧རྗེ་འཇམ་དབྱངས་རྒྱ་མཚོ། སྨྲ་བའི་དབང་ཕྱུག་དམ་པ་༧རྗེ་བློ་བཟང་རྒྱ་མཚོ་སོགས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་དང་། གསང་ཆེན་རིམ་གཉིས་ཀྱི་ཁྲིད་སོགས་གསན་ཅིང་སློབ་གཉེར་རྡོ་རུས་ཐུག་པ་མཛད། ཐམས་ཅད་མཁྱེན་པ་༧རྗེ་དཀོན་མཆོག་མཁྱེན་རབ་རྒྱ་མཚོའི་དྲུང་ནས་བསྟན་འགྱུར་གྱི་ལུང་གང་བཞུགས་དང་དབང་བཀའ་དུ་མ་གསན། ཆུ་བཟང་རྡོ་རྗེ་འཆང་དང་༧ལ་མོ་ཡོངས་འཛིན་རིན་པོ་ཆེ་ལས་དུས་འཁོར་དབང་ཆེན་སོགས་དབང་ལུང་མཐའ་ཡས་པ་གསན། རིག་པའི་དབང་ཕྱུག་ཆེན་པོ་རྩིས་རམས་པ་༧རྗེ་ཤེས་རབ་ཆོས་འཕེལ་ལས་རྩིས་དཀར་ནག་དང་། བྱེ་བྲག་སྒྲ་དབྱངས་ཅན་བྱཱ་ཀ་ར་ཎར་ཞིབ་སྦྱངས་མཛད་པས། གངས་ཅན་སྒྲ་རིག་སྨྲ་བའི་གཙུག་རྒྱུན་དུ་གྱུར་ཏེ་དབྱངས་ཅན་དགྱེས་པའི་རོལ་མཚོ་ཀུན་བཤད་ཀྱི་མཚན་གསོལ།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།