བྲག་དཀར་སྤྲེལ་རྫོང་དགེ་བཤེས་ཤེས་རབ་ཉི་མ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-02-28 12:39:01     རྩོམ་པ་པོ།   མཚན་བཟང་རྒྱ་མཚོ།    ཀློག་ཐེངས།  

微信图片_20230228122049.jpg

༄༅། །དགེ་བཤེས་ཤེས་རབ་ཉི་མ་མཆོག་ནི་རང་ལོ་བརྒྱད་ཀྱི་ཐོག་ནས་རང་གི་ཡབ་ཀྱིས་ཡི་གེ་སྦྱོར་ཀློག་བསླབས། དེ་དུས་ནས་འབྲི་ཀློག་ཤེས་པར་མ་ཟད་ལོ་དགུའི་སྟེང་དུ་ཆོ་ག་མང་པོ་དཔེ་ཐུང་དུ་ཕབ་འབྲི་བྱས་དང་གསར་རྙིང་གི་འདོན་ཆོས་མང་པོ་ཐུགས་འཛིན་གནང་བ་དང་། བྱིས་པའི་དུས་ནས་ཕ་མ་ལ་བྱམས་ཤིང་གུས་བརྩི་ཆེ་བ་སོགས་ཀུན་སྤྱོད་བཟང་པོ་དང་ལྷན་སྐྱེས་ཀྱི་རིག་སྟོབས་སོགས་ཀུན་གྱིས་བསྔགས་ཡུལ་དུ་གྱུར། ཆོས་སྒོ་སླར་གསོ་བྱས་པའི་ཕྱི་ལོ་སྟེ་སྤྱི་ལོ་1982ལོར་བྲག་དཀར་སྤྲེལ་རྫོང་རྨད་བྱུང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་གི་ཆོས་སྒོར་ཞུགས་ཏེ། རྗེ་གྲགས་པ་བཟང་བོ་ཐོག་མའི་དགེ་རྒན་དུ་བསྟེན་ཏེ་ལོ་གཅིག་གི་རིང་དགོན་པའི་འདོན་རྟ་དབྱངས་ཆོ་ག་ཕྱག་ལེན་ཡིག་དཀར་ནག་འབྲི་ཀློག་སོགས་དཔྱིས་ཕྱིན་པར་བྱས་ཏེ་གདོང་གྲལ་དུ་འདམས། དེ་ནས་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་ཚུལ་ཁྲིམས་འོད་ཟེར་ཚང་ལས་རབ་ཏུ་བྱུང་སྟེ་ཚད་མའི་བསྟན་བཅོས་བསྡུས་གྲྭ་སོགས་ལ་སློབ་གཉེར་ཚུལ་བཞིན་དུ་བྱས། སྤྱི་ལོ་1984ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་ལ་ཕེབས་ཏེ། འཇམ་དཔལ་དབྱངས་དངོས་ཁོང་ཨ་ཁུ་དགེ་འདུན་རྒྱ་མཚོ་ཚང་། ཨ་ཁུ་གྲགས་པ་ཚང་། ཨ་ཁུ་བློ་བཟང་རྒྱ་མཚོ་་སོགས་བཤེས་གཉེན་དུ་མར་བསྟེན་ནས་བསྡུས་གྲྭ་བློ་རྟགས་གཞུང་བཀའ་པོད་ལྔ་སོགས་ཆེད་སྦྱོང་དང་ཞོར་དུ་སུམ་རྟགས་སྙན་ངག་སོགས་ཐུན་མོང་བའི་རིག་གནས་ཁག་ལ་ཡང་སློབ་གཉེར་ཚུལ་བཞིན་བྱས། གནས་ལྔ་གཟིགས་པའི་པཎྜི་ཏ་ཆེན་པོ་སློབ་དཔོན་དམུ་དགེ་བསམས་གཏན་རིན་པོ་ཆེ་ལས་བ་རི་བརྒྱ་རྩ་སྣར་ཐང་བརྒྱ་རྩ་སྒྲུབ་ཐབས་རིན་འབྱུངས་སོགས་དབང་ལུང་མཐའ་ཡས་པ་དང་། རྗེ་གུང་ཐང་འཇམ་པའི་དབྱངས་འཇིགས་མེད་བསྟན་པའི་དབང་ཕྱུག་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་ལས་གྲུབ་མཆོག་མི་ཏྲ་ཛོ་ཀིའི་ཐུགས་བཅུད་མི་ཏྲ་བརྒྱ་རྩ་བདེ་མཆོག་རབ་འབྱམས་དུས་འཁོར་དབང་ཆེན་སོགས་དབང་ལུང་མང་བོ་ཐོབ། སྤྱི་ལོ་1990ལོར་ཨ་ལགས་རིན་པོ་ཆེ་དང་། དགེ་རྒན་རིན་པོ་ཨ་ཁུ་འོད་ཟེར་ཚང་སོགས་ཀྱི་བཀའ་དགོངས་བཞིན་ཕྱིར་རང་དགོན་དུ་འོང་ནས་དགེ་རྒན་གྱི་འགན་ཁུར་ཏེ། བསྡུས་གྲྭ་བློ་རྟགས་ཕར་ཕྱིན་སོགས་དང་ཐུན་མོང་བའི་རིག་གནས་དང་བཅས་བསྡུས་གྲྭ་འཛིན་གྲྭ་ནས་ཕར་ཕྱིན་འཛིན་གྲྭའི་བར་ལ་དཔེ་ཁྲིད་ལོ་མང་རིང་བྱས། ཨ་ལགས་བྲག་དཀར་རིན་པོ་མཆོག་གི་ཞལ་སྔ་ནས། རྗེས་གསུང་འབུམ་གྱི་མཚོན་པའི་དབང་ལུང་མང་པོར་ཞུས། དེ་ལས་གཞན་ཡང་ཨ་ལགས་ཆུ་ཀྱཱ་ཐུབ་བསྟན་ཉི་མ་མཆོག་དང་བླ་བྲང་དགེ་བའི་བཤེས་གཉེན་ཆེན་པོ་ཨ་ཁུ་དཔལ་ལྡན་རྒྱ་མཚོ་སོགས་བླ་སྤྲུལ་བཤེས་གཉེན་དམ་པ་དུ་མར་བསྟེན་ནས་དབང་ལུང་བཤད་ཁྲིད་མན་ངག་སོགས་ཐུགས་བརྩོན་རྒྱ་ཆེར་གནང་། 1995ལོར་སྤྲེལ་རྫོང་དགོན་རྨད་བྱུང་ཐོས་བསམ་་ཡོན་ཏན་དར་རྒྱས་གླིང་གི་སྐབས་དང་བོའི་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག1998ལོ་ནས་བཟུང་བརྩི་བཞག་བླ་མའི་འགན་ལོ་བཞི་དང་། 2018ལོར་དགོན་པའི་དགེ་བསྐོས་དང་2019ལོར་ཚོགས་ཆེན་ཞལ་ངོ་སོགས་ཀྱི་ལས་སྣེ་རིམ་བཞིན་ལེགས་པར་མཐར་ཕྱིན། ཞོར་དུ་ཤ་སྦྲང་ཚོ་དྲུག་གི་ལོ་རྒྱུས་ཀྱི་ལག་བསྟར་རྩོམ་སྒྲིག་པའི་འགན་ཁུར།གཞན་ཡང་རྗེས་དྲན་དད་པའི་མཛེས་རྒྱན་སོགས་སུ་རྗེས་དྲན་དང་སྙན་རྩོམ་སོགས་མང་པོར་སྤེལ་བ་སོགས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོར་མཛད་བཞིན་པའི་སྐབས་ལགས་སོ་ཞེས་བདག་ལ་བཀའ་དྲིན་ཆེ་བའི་དགེ་རྒན་དགེ་བཤེས་ཤེས་རབ་ཉི་མའི་རྣམ་ཐར་མདོར་བསྡུས་ཞིག་དགེ་བཤེས་མཚན་བཟང་རྒྱ་མཚོས་མཚམས་སྦྱོར་བྱས་སོ། །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།