ཕུན་ཚོགས་དར་རྒྱས་རྒྱ་མཚོ་དཔལ་བཟང་པོ་མཆོག་གི་མཛད་རྣམ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-05-18 07:02:47     རྩོམ་པ་པོ།   དགེ་འདུན་རྒྱ་མཚོ།    ཀློག་ཐེངས།  

微信图片_20220518065703.jpg

༄༅། །སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རྣམ་སྤྲུལ་དུ་གྲགས་པ་ཡོངས་འཛིན་ཕུན་ཚོགས་དར་རྒྱས་རྒྱ་མཚོ་དཔལ་བཟང་པོ་མཆོག་གི་མཛད་རྣམ་གྱི་རེག་ཟིན་གཟུར་གནས་དགྱེས་པའི་མཆོད་སྤྲིན།

འཁྲུངས་ཡུལ།  བླ་ཁོ་རྡོ་རྗེ་འཆང་རྗེ་འཇིགས་མེད་འཕྲིན་རྒྱ་མཚོ་དང་སྐུ་ཡུལ་གཅིག་པའི་མདོ་སྨད་ལྷོ་རྒྱུད་ཀ་རིང་གཤོང་ས།

ཡབ།  མགོན་པོ་ཚེ་རིང་།

ཡུམ།  བཀྲ་ཤིས་སྐྱིད།

འཁྲུངས་ལོ།  རབ་ཚེས་ས་མོ་བྱ།  ༡༩༠༩ལོའི་ཟླ་༤ཚེས་༡༡ཉིན།

སྐུ་ཚེའི་མཛད་རིམ་མདོར་བསྡུས།

དགུང་ལོ་༣པར།(༡༩༡༡)མ་ཡུམ་དང་ལྷན་དུ་དྷཱིཿ  ཚ་རི་ཁྲོད་བཀྲ་ཤིས་ཆོས་སྡིངས་སུ་ཕེབས་ཏེ་ཞྭ་དམར་རྡོ་རྗེ་འཆང་དགེ་འདུན་བསྟན་འཛིན་རྒྱ་མཚོར་མཇལ།  ཁོ་བོའི་བསྟན་པ་འཛིན་པའི་སྐལ་ལྡན་གྱི་སྐྱེས་བུ་ཆེན་པོར་ལུང་བསྟན།

དགུང་ལོ་༡༠པར།(༡༩༡༨)ཞྭ་དམར་རྡོ་རྗེ་འཆང་དགེ་འདུན་བསྟན་འཛིན་རྒྱ་མཚོས་དབུ་མའི་ལྟ་བ་རྙེད་སའི་གནས་ངོ་མཚར་སྒྱུ་མའི་ཁང་བཟང་སྟེ།  ཞོ་འོང་ལུག་ར་སྒར་གསར་པད་དཀར་ཆོས་གླིང་དུ་སྤྱན་སྔ་དཀོན་མཆོག་ཕུན་ཚོགས་ཚང་ལས་རབ་ཏུ་བྱུང་ཞིང་མཚན་ལ་ཕུན་ཚོགས་དར་རྒྱས་སུ་གསོལ།  དེའི་ཆོས་སྒོར་ཞུགས།  སྐྱབས་འགྲོ།  སྨོན་ལམ།  བླ་མཆོད།  ཀུན་རིག་སོགས་ཆོས་སྤྱོད་གང་མང་ཐུགས་འཛིན་གནང་།

དགུང་ལོ་༡༩པར(༡༩༢༧)དྷཱིཿ  ཚ་རི་ཁྲོད་བཀྲ་ཤིས་ཆོས་སྡིངས་ཀྱི་ཆོས་སྒོར་ཞུགས།  བིས་མདོ་འཇམ་དབྱངས་གྲགས་པས་གཙོས་ཞྭ་དམར་ལྔ་བའི་ཡོངས་འཛིན་དོན་གྲུབ་རྒྱ་མཚོ་ཡབ་སྲས།  སྐུ་མཆེད་འཇམ་དབྱངས་བསྟན་པའི་རྒྱལ་མཚན།  མཁན་ཆེན་བློ་བཟང་ལུང་རྟོགས་ཆོས་ཀྱི་རྒྱ་མཚོ།  དགོན་ལུང་དབང་ཕྱུག་ཚང་སོགས་བསྟེན་ནས་གཞུང་ཆེན་གཙོས་ཐ་སྙད་རིག་གནས་དང་བཅས་པར་སྦྱོང་བརྩོན་རྡོ་རུས་ཐུག་པ་མཛད།  ཁྱད་པར་ལྔ་རིག་སྨྲ་བའི་དབང་པོ་ཨ་ཁུ་གྲགས་པ་དར་རྒྱས་ལས་གདམས་ངག་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན་ཅིང་ཁོང་གི་ཐུགས་ཟིན་གྱི་སྲས་གཅིག་པུར་གྱུར།

དགུང་ལོ་༢༢པར།(༡༩༣༠)ཁྲི་ལས་ཐོག་པ་སྐུ་ཕྱོགས་རྒྱལ་ཚབ་མཁར་ནང་ངག་དབང་མཁས་བཙུན་རྒྱ་མཚོའི་དྲུང་ནས་རི་ཁྲོད་པའི་སྐྱབས་འཇུག་ཞུས་ཏེ་ཡབ་རྗེ་གསེར་ཁང་བའི་རྣམ་ཐར་བདག་གིར་བཞེས།  དེ་ནས་བཟུང་བརྒྱ་རྩ།  བླ་མཆོད་དང་འབྲེལ་བར་མཆོད་པ།  མཎྜལ།  སེམས་བསྐྱེད།  མཆོད་མེ།  གསང་འདུས་རྩ་རྒྱུད་སོགས་ཆག་མེད་དུ་ཉམས་བཞེས་གནང་།

དགུང་ལོ་༢༣པར།(༡༩༣༠)འཛིན་གྲྭ་བློ་རིག་སྐབས།  དཔྱིད་ཆོས་རྒྱུགས་སྤྲོད་ཀྱི་ཉི་མས་གཏུགས་ཚེ་མཚན་ཐོག་གཅིག་ལ་གྲུབ་མཐའ་རྩ་བ་ཐུགས་འཛིན་གནང་སྟེ་ཕྱི་ཉིན་ཐགས་ཐོགས་མེད་པར་ཐོན་པ་ལ་ཐམས་ཅད་ཧ་ལས་པ་བྱུང་།

དགུང་ལོ་༢༥པར།(༡༩༣༣)བླ་ཁོ་རྡོ་རྗེ་འཆང་རྗེ་འཇིགས་མེད་འཕྲིན་རྒྱ་མཚོའི་དྲུང་ནས་བསྙེན་པར་རྫོགས་ཤིང་མཚན་ལ་ཕུན་ཚོགས་དར་རྒྱས་རྒྱ་མཚོ་ཞེས་སྩལ།  ཕྱིས་སུ་ཨ་ཁུ་ཞོ་ཕོང་ཚང་གི་ཡོན་ཏན་སྐྱེ་བ་གཅིག་ལ་སྦྱངས་པ་ཙམ་མིན་ཞེས་བསྔགས།

དགུང་ལོ་༣༠པར།(༡༩༣༨)ཕར་ཕྱིན་དམ་བཅའ་མཛད་པས་དགེ་བཤེས་རྒན་པ་རྣམས་ཀྱིས་དྲང་ངེས་ལ་རྗེ་འདི་བས་ལྷག་བྱོན་མ་མྱོང་ཞེས་མཁས་གྲགས་ཀྱི་སྙན་པ་རྒྱས།

དགུང་ལོ་༣༦པར།(༡༩༤༤)བཀའ་པོད་ལྔའི་འཛིན་གྲྭ་ཡོངས་སུ་རྫོགས།  པོ་ཏི་ལྔའི་རྩ་བ་དང་སྡོམ་རྣམ་གསུམ།  སྐབས་བབ་ཀྱི་རྩིབས་བཞག  དབུ་མའི་མཐའ་དཔྱོད་ཆེན་མོ་སོགས་གཞུང་ཆེན་ཁག་ཀྱང་ཐུགས་འཛིན་གནང་།  གསོ་བ་རིག་པ་ལ་ཡང་མཆོག་ཏུ་མཁས་ཀྱང་དགག་བྱ་ཆེ་བར་གཟིགས་ནས་ཕྱག་ལེན་ཏུ་མི་གནང་།  ལྷ་བྲིས་ཚུན་ཆད་ལེགས་པར་མཁྱེན་ཅིང་འདི་མི་མཁྱེན་བྱ་བ་གང་ཡང་མེད་པར་ཐུན་མོང་དུ་གྲགས།  སྔ་རྗེས་སུ་རིམ་བཞིན་ཡབ་རྗེ་ཞྭ་དམར་སྐུ་ཕྲེང་ལྔ་བ།  ཡོངས་འཛིན་དོན་གྲུབ་རྒྱ་མཚོ།  སྐུ་མཆེད་འཇམ་དབྱངས་བསྟན་པའི་རྒྱལ་མཚན་བཅས་ཀྱི་དྲུང་ཡིག་མཛད།  དགུང་ལོ་༤༤པར།(༡༩༥༢)ཡབ་རྗེ་ལྔ་བའི་བཀའ་བཞིན་ཡོངས་འཛིན་དོན་གྲུབ་རྒྱ་མཚོའི་སྐུ་གདུང་མཆོད་རྟེན་མཐོང་གྲོལ་ལེགས་པར་བཞེངས།

དགུང་ལོ་༤༩པར།(༡༩༥༧)ཡབ་རྗེ་ཞྭ་དམར་དྲུག་པ་བློ་བཟང་འཇིགས་མེད་བསྟན་འཛིན་རྒྱ་མཚོའི་ཡོངས་འཛིན་དུ་བཞུགས།

དགུང་ལོ་༥༠པར།(༡༩༥༨)ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་ལ་མཇལ་བར་དགའ་ལྡན་དུ་སྐྱེ་བའི་ལུང་བསྟན་མཛད།

དགུང་ལོ་༥༡པར།(༡༩༥༩)མཁས་དབང་གསུང་རབ་རྒྱ་མཚོ་སོགས་ཀྱིས་ཞུས་ངོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་ལྷན་དུ་དཔེ་སྐྲུན་དང་ཞུས་ཆེན་གྱི་ཕྱག་ལས་གནང་།  རྡོ་སྦིས་དགེ་བཤེས་ཚང་ནས་རྡོ་སྦིས་གྲྭ་ཚང་སྐྱོང་རྒྱུའི་ཁུར་འདི་བར་གཏད་པའང་ཞལ་བཞེས་གནང་།

དགུང་ལོ་༥༢པར།(༡༩༦༠)དྲང་ངེས་ལེགས་བཤད་སྙིང་པོའི་དོགས་དཔྱོད་ཅིག་མཛད་པ་རྗེ་དམུ་དགེ་བསམ་གཏན་སོགས་ཀྱིས་ཀྱང་ཧ་ཅང་ངོ་མཚར་བའི་བསྟོད་བསྔགས་མཛད་མོད་དཔེ་རྒྱུན་ཆད།

དགུང་ལོ་༥༤པར།(༡༩༦༢)ལྷ་བབས་དུས་ཆེན་ཉིན་རང་དགོན་རི་ཁྲོད་བཀྲ་ཤིས་ཆོས་སྡིངས་ཀྱི་ཆོས་སྒོ་ཕྱེས་ཏེ་ཚོགས་ཆེན་དགེ་བསྐོས་ཀྱི་འགན་བཞེས།

དགུང་ལོ་༥༨ནས་༧༢བར།(༡༩༦༦~༡༩༨༠)རིག་གསར་གོད་ཆག་སྐབས་སུ་དོར་ཤུལ་མ་གྱར་བཞུགས།

དགུང་ལོ་༧༢པར།(༡༩༨༠)ལོར་ཀུན་སྤངས་ཉུང་བསྡུས་དང་བཅས་པས་དགེ་ལྡན་ལྔ་མཆོད་ཆེན་མོ་བསྐྱར་དུ་བཙུགས་ཏེ་ཚོགས་ཆེན་དགེ་བསྐོས་སུ་བཞུགས།  འཆར་ཅན་ཚེ་སྒྲུབ་ཀྱང་སླར་གསོ་མཛད།

དགུང་ལོ་༧༣པར།(༡༩༨༡)ས་ཟླའི་ཚེས་༡ནས་དཔྱིད་ཆོས་སླར་ཚུགས།  ཡབ་རྗེ་མཆོག་སྤྲུལ་རིན་པོ་ཆེས་གཙོས་གསར་སློབ་ཡོངས་ལ་བསྡུས་གཞུང་ཉི་མའི་འོད་ཟེར་གྱི་སྟེང་ནས་མཛུབ་ཁྲིད་ཞིབ་མོའི་ལུགས་སུ་བསྐྱངས་ཏེ།  སྒྲིག་ལམ་ཆེ་ཕྲ་མཐའ་དག་ཉམས་པ་སོར་ཆུད་མཛད་དེ།  གདན་ས་འདིར་ཡང་དར་བསྟན་པའི་མེ་རོ་རྨང་ནས་གསོ་བར་མཛད།  ཁྱད་པར་དུ་ལོ་བཅུའི་གོད་ཆག་གི་རིང་སྐུ་གསུང་ཐུགས་རྟེན་བྱིན་རླབས་ཅན་མང་པོའི་འཕྲིན་ལས་ཀྱི་མཇུག་བསྡུས་ཀྱང་།  དམ་པ་ཁོང་གི་ཐུགས་རྗེ་དང་ཐབས་མཁས་སྣ་ཚོགས་ལ་བརྟེན་ནས་ཡབ་རྗེ་ཞྭ་དམར་པཎྜི་ཏའི་དབུ་ཐོད་ཀྱི་ཚལ་བུ་དང་འབྲལ་སྤངས་གའུ།  བླ་ཁོ་རིན་པོ་ཆེའི་ཚེམས།  རྟ་མགྲིན་ཡང་གསང་བདུད་རྩི་འབབ་པ་ཅན།  སྨྲི་ཏིའི་ཕྱག་ཚྭ།  རྗེ་གསེར་ཁང་བའི་ཕྱག་ཕྲེང་།  རྗེ་ཁ་གྱ་ཚང་གི་ཕྱག་འཁོར།  གོང་ས་བཅུ་གསུམ་པའི་ཕྱག་ཐེལ་ཅན་གྱི་ཞལ་ཐང་སོགས་རྟེན་སྣ་རྩ་ཆེན་ཁག་གདན་སར་འབྱོར་བར་མཛད།

དགུང་ལོ་༧༦པར།(༡༩༨༤)གདོང་ངོས་དང་ཕག་སྐོར་སྡེ་བ་སོགས་ཀྱིས་ཞུས་ངོར་མཚོ་སྔོན་པོའི་ཉེ་འགྲམ་རིག་སྨོན་གཞོངས་སུ་སེམས་བསྐྱེད་ཆོ་ག  རྟ་མགྲིན་གྱི་རྗེས་གནང་།  མདོ་གདུགས་སྒྲོལ་གསུམ་གྱི་ལུང་སོགས་གནང་། 

དགུང་ལོ་༧༧པར།(༡༩༨༥)གདན་ས་རི་ཁྲོད་བཀྲ་ཤིས་ཆོས་སྡིངས་ཀྱི་གདན་རབས་ཐོག་མ་སྟེ།  གདན་རབས་གསལ་བའི་རིན་ཆེན་ནོར་བུའི་མེ་ལོང་མཛད།  དེ་ནས་རིམ་བཞིན་གདན་ས་འདིས་གཙོས་ལུག་ར་སྒར་གསར་དང་།  གསང་འབྲོག་དགོན་པ།  ༀ་ཐོག་ལ་ཁའི་སྔགས་གྲྭ།  རུ་མང་དགོན་པ།  སྒར་སྡེ་དགོན་པ།  རྐང་ཚ་དགོན་དགའ་ལྡན་ཆོས་འཕེལ་གླིང་སོགས་སུ་ཕེབས་ཏེ་བསྒྲུབ་བྱ་མང་པོ་རབ་བྱུང་དང་བསྙེན་རྫོགས་སུ་བཀོད།  དབང་དང་རྗེས་གནང་།  ཁྲིད།  ལུང་གི་སྐོར་སོགས་ཆོས་འཁོར་རྒྱ་ཆེར་བསྐོར།

དགུང་ལོ་༨༢པར།(༡༩༩༠)ས་ཟླའི་༡༥ཉིན་གསོ་སྦྱོང་གི་དབུར་ཕེབས་ནས་སོ་ཐར་གྱི་མདོ་འཆད།  གནས་བརྟན་བློ་བཟང་རྒྱ་མཚོ་ལ་ཕྱིན་ཆད་ངས་མདོ་འདོན་རྒྱུར་མི་འགྲོ་ཞེས་དགོངས་པ་གཞན་དུ་གཏད་པའི་གསུང་སྩལ།  ཚེས་༡༦ཕྱི་དྲོ་ཚོགས་གྲོལ་འཕྲལ་ཕྱག་ཏུ་མཇལ་དར་བསྣམས་ཏེ་འདུ་ཁང་ཆེན་མོར་ཞིབ་མཇལ་གནང་།  ཚེས་༡༧ཞོགས་པར་ཡར་བཞེངས་ནས་དེ་རིང་ཅུང་མི་བདེ་བས་ཚོགས་ལ་འགྲོ་མི་ཐུབ་གསུངས་ནས་ནངས་ཚོགས་ལ་མ་ཕེབས།  ཉིན་དེར་དགེ་བའི་བཤེས་གཉེན་དམ་པ་རྗེ་བློ་བཟང་བསྟན་དར་ཚང་དང་གནས་བརྟན་ཆེན་མོ་ཨ་ཁུ་སེར་དྲིས་རྣམ་གཉིས་སྙུན་འདྲིར་ཕེབས་ཏེ་ཞབས་བརྟན་གྱི་ཞུ་སྣ་ཉུང་བསྡུས་ཕུལ།

འདས་ལོ།  རབ་རྒྱན་ལྕགས་ཕོ་རྟ།  ༡༩༩༠ལོའི་ཟླ་༤ཚེས་༡༨ཉིན་ཐུགས་དགོངས་གཞན་དུ་གཏད་པའི་གསུང་རྗེན་པར་སྩལ།  ཉིན་གུང་ཆུ་ཚོད་གཅིག་གི་སྟེང་།  སྐུ་དྲང་པོར་བསྲིངས་ཤིང་ཞབས་ཟུང་སྐྱིལ་ཀྲུང་དང་ཕྱག་གཉིས་མཉམ་བཞག་གི་ཚུལ་དུ་ངོ་མཚར་བའི་ལྟས་དང་བཅས་ཏེ་གཟུགས་སྐུ་རགས་པའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་མཛད་དོ། །གདུང་བྱ་གཏོར་གནང་ཞིང་གདུང་རྟེན་སྙིང་པོ་བྱས་པའི་འདྲ་སྐུ་ཆུང་ངུ་ཞིག་ནང་ཆེན་བདེ་ཡངས་ཕོ་བྲང་དུ་བཞུགས།  ཡང་ཁྲི་ལས་ཐོག་པ་རྗེ་བློ་བཟང་གྲགས་པ་རྒྱ་མཚོས་ཐུགས་བཀོད་བཞིན་གདུང་རྟེན་སྙིང་པོ་བྱས་ནས་སྐུ་འབུམ་བཏབ་པའི་སྐུ་གདུང་འབུམ་ཁང་ནང་ཆེན་རྒྱབ་ངོས་སུ་བསོད་ནམས་བསག་པའི་ཞིང་གི་རྟེན་དུ་བཞུགས་སོ། །

གསུང་ལས་སྐྱེས་པའི་སློབ་མ།

ཡབ་རྗེ་ཞྭ་དམར་རྡོ་རྗེ་འཆང་གི་སྐུ་རབས་དྲུག་པ་ཆེན་མོ་བློ་བཟང་འཇིགས་མེད་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ།  སྒར་སྡེ་ཏཱ་ལེ་ཧོ་ཐོག་ཐུ།  ཀ་རིང་སྤྲུལ་བའི་སྐུ།  ཨ་ལགས་དཔའ་རིས་ཚང་།  ཟན་གྱ་སྤྲུལ་བའི་སྐུ།  ཨ་ལགས་འགའ་གདམ་ཚང་།  ཨ་ལགས་དར་རྒྱས་ཚང་།  རྐང་ཚའི་ཨ་རྒ་བླ་མ།  རྐང་ཚ་ཆུང་བ་ཚང་།  རྒྱ་ཡེ་མཁའ་འགྲོ་མ་ཚང་།  རི་མང་སྤྲུལ་བའི་སྐུ་འཇམ་དབྱངས་བསྟན་པའི་རྒྱལ་མཚན།  གསང་འབྲོག་སྤྲུལ་བའི་སྐུ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན།  ལྷ་སྡེ་སྤྲུལ་བའི་སྐུ་ཚུལ་ཁྲིམས་རྒྱ་མཚོ་སོགས་བླ་སྤྲུལ་ཁག་དང་།  རིགས་པའི་དབང་ཕྱུག་རྗེ་བཙུན་དགེ་འདུན་ཤེས་རབ།  བཤེས་གཉེན་ཆེན་པོ་ཀ་གྱ་བསམ་གཏན་རྒྱ་མཚོ།  མཁས་མཆོག་དམ་པ་རྗེ་བློ་བཟང་བསྟན་འཛིན།  རིགས་སྨྲའི་ཁྱུ་མཆོག་གདོང་ངོས་དཔལ་འབྱོར་རྒྱ་མཚོ།  རིག་གནས་མཛོད་འཛིན་རྗེ་དགེ་ལེགས་རྒྱ་མཚོ།  མཁས་དབང་གསུང་རབ་རྒྱ་མཚོ།  དགེ་བའི་བཤེས་གཉེན་ཆེན་པོ་ཚ་ཕུག་དགེ་འདུན་བློ་གསལ་ལམ་ཨ་ཁུ་དགེ་འདུན་ལྷ་ཚང་།  སྔགས་འཆང་དབང་ཆེན་རབ་བརྟན།  མཁས་དབང་མུན་འཇོམས་སྒྲོན་མེ།  གདན་ས་རང་གི་དཀའ་བཅུ་རབ་འབྱམས་པ་ཐོག་མ་རྨོག་རུ་ཚུལ་ཁྲིམས་རྒྱ་མཚོ་སོགས་མཁས་པའི་རྒྱལ་ཐབས་ཟིན་པའང་བགྲང་གིས་མི་ལང་བ་ཡོད་དོ། །

མཚན་གྱི་རྣམ་གྲངས།

ཡོངས་འཛིན་ཕུན་ཚོགས་དར་རྒྱས།  ཨ་ཁུ་ཞོ་ཕོང་ཚང་།  ཕུན་ཚོགས་དར་རྒྱས་རྒྱ་མཚོ།  ༼དབྱངས་ཅན་མའི་ཀུན་བཤད་ཀྱི་མཚན་ལ་༽ཚངས་སྲས་བཞད་པའི་ལང་ཚོ།  ༼ཀ་ལ་བའི་ཀུན་བཤད་ཀྱི་མཚན་ལ་༽གདོང་དྲུག་སྙེམས་པའི་ལང་ཚོ།

རི་ཁྲོད་བཀྲ་ཤིས་ཆོས་སྡིངས་ཀྱི་གདན་རབས་གསལ་བའི་རིན་ཆེན་ནོར་བུའི་མེ་ལོང་།

འཇམ་དབྱངས་ཀུན་གཟིགས་ལྷ་ཁང་སོགས་ཀྱི་དཀར་ཆག་གི་སྐོར།

རྐང་ཚའི་རུ་མང་དགོན་པ་བཀྲ་ཤིས་དར་རྒྱས་གླིང་སོགས་ཀྱི་བཅའ་ཡིག་གི་སྐོར།

དྲང་ངེས་ལེགས་བཤད་བཤད་སྙིང་པོའི་དགོངས་རྒྱན།

པོ་ཏི་ལྔའི་དཀའ་གནད་ཀྱི་ཟིན་བྲིས།

ཡོངས་འཛིན་དོན་འགྲུབ་རྒྱ་མཚོའི་རྣམ་ཐར་ཚིགས་བཅད་མ།

རྗེ་སྐུ་མཆེད་འཇམ་དབྱངས་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་ཚིགས་བཅད་མ།

རྣམ་སྲས་ཀྱི་བསྟོད་པ་སོགས་བསྟོད་རྩོམ་ཁག

བསང་མཆོད་ཀྱི་སྐོར།

ཡབ་རྗེའི་མཆོག་སྤྲུལ་མྱོན་འབྱོན་སྨོན་ཚིག

ཚེ་རབས་རྗེས་འཛིན་གྱི་སྐོར།

གསང་འབྲོག་དགོན་པའི་གནས་བསྟོད་སོགས།

བསླབ་བྱ་གཞན་ཕན་བདུད་རྩིའི་གཟེགས་མ་སོགས་བསླབ་བྱ་ཁག

རྗེ་སྐུ་མཆེད་འཇམ་དབྱངས་བསྟན་པའི་རྒྱལ་མཚན་ལ་ཕུལ་བའི་ཞུ་ཡིག་སོགས་ཆབ་ཤོག་གི་སྐོར།

པར་བྱང་སྨོན་ཚིག་གི་སྐོར།

སྙན་རྩོམ་སྣ་ཚོགས་ཀྱི་སྐོར་སོགས་བརྗོད་བྱ་ཟབ་ཅིང་རྗོད་བྱེད་སྙན་པའི་བཀའ་རྩོམ་འགངས་ཆེན་པོད་གཉིས་ལྷག་བཞུགས་པར་བཤད་ཀྱང་ཕལ་ཆེ་བ་བསྟན་པའི་གོད་ཆག་སྐབས་སུ་ཆུད་ཟོས་པར་གྱུར་པ་ནི་ཤིན་ཏུ་ཕངས་པའི་གནས་སོ། །

ཞེས་པ་འདི་ནི་དགེ་སྦྱོང་གི་གཟུགས་བརྙན་ཙམ་འཛིན་པ་རིགས་པ་སྨྲ་བ་དགེ་འདུན་རྒྱ་མཚོས་རྗེ་བཙུན་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་རྟོགས་བརྗོད་ལེགས་ཚོགས་པད་མོ་རྒྱས་པའི་ཉིན་བྱེད་སོགས་རྣམ་ཐར་ཁག་ལས་བཏུས་ཏེ་རབ་རྒྱན་ཆུ་སྟག་ལོའི་ས་ག་ཟླ་བའི་ཡར་ཚེས་ལ་མདོ་ཙམ་ཟིན་བྲིས་སུ་བཀོད་པ་འདི་ཡང་དམ་པ་རྣམས་ཐུགས་མཉེས་པའི་མཆོད་སྤྲིན་དུ་གྱུར་ཅིག

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།