རྗེ་བཙུན་ཤིང་བཟའ་པཎྜི་ཏ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོའི་མཛད་རྣམ་མདོར་བསྡུས་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-05-14 17:14:02         ཀློག་ཐེངས།  

མཁས་ཤིང་གྲུབ་པའི་དབང་ཕྱུག་རྗེ་བཙུན་སྐལ་བཟང་ཆོས་ཀྱི་རྒྱ་མཚན་དཔལ་བཟང་བོ་ཁོང་རབ་ཚེས་ཤིང་གླང་སྟེ་སྤྱི་ལོ༡༩༢༥ལོར་མཛོད་དགེ་གླིང་དཀར་སྟོད་ཀྱི་སའི་ཆ་ཨ་སྐྱིད་མདོ་ཚ་ཞེས་པའི་སྡེ་ཁྲོད་དུ་ཡབ་རྟ་མགྲིན་སྐྱབས་དང་ཡུམ་རིག་འཛིན་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། སེ་ར་སྤྲུལ་བའི་སྐུ་དང་ལྷ་མོའི་གསེར་ཁྲི། ཀུན་མཁྱེན་སྐུ་ཕྲེང་ལྔ་བ་རྗེ་བསྟན་པའི་རྒྱལ་མཚན། རྭ་རྒྱའི་ཤིང་བཟའ་རྡོ་རྗེ་འཆང་སོགས་ལྷ་དང་བླ་མའི་ལུང་ལས་ཤིང་བཟའ་བློ་བཟང་ཆོས་ཀྱི་རྒྱ་མཚོའམ་ཤིང་བཟའ་བླ་ཁོ་ཚང་གི་ཡང་སྤྲུལ་འཁྲུལ་མེད་དུ་ངེས་པ་རྙེད།

དགུང་ལོ་ལྔ་བཞེས་པ་རབ་རྒྱལ་ས་སྦྲུལ་ཏེ་སྤྱི་ལོ༡༩༢༩ལོའི་ལྷ་བབས་དུས་ཆེན་ལ་རྗེ་ཉིད་ཀྱི་གདན་ས་ཤིང་བཟའ་དགོན་བཀྲ་ཤིས་བདེ་ལེགས་འཁྱིལ་བའི་གླིང་དུ་ཁྲིར་འདོན་ཞུས། ཡོངས་འཛིན་བློ་བཟང་བཀྲ་ཤིས་པའི་ཞལ་སྔ་ནས་ཡི་གེ་འབྲི་ཀློག་སོགས་ལ་བསླབ། དགུང་ལོ་བདུན་གྱི་ཐོག་གཉན་ཐོག་སྐལ་བཟང་ཐབས་མཁས་རྒྱ་མཚོའི་དྲུང་ནས་རབ་བྱུང་དང་དགེ་ཚུལ་གྱི་བསླབ་པ་དཀྱུས་གཅིག་ཏུ་བཞེས་ཏེ་མཚན་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ། དགུང་ལོ་དགུ་བཞེས་སྐབས་རྗེ་གཉན་ཐོག་རིན་པོ་ཆེས་སྨན་གྱི་རྒྱུད་ཆུང་གསུམ་དང་མན་ངག་བཀའ་རྒྱ་མའི་ལུང་རྫོགས་པར་གནང་སྟེ་བ་ལྟའི་བླ་སྤྲུལ་གྱི་གཟུགས་བརྙན་འཛིན་པ་ཕལ་མོ་ཆེ་ལྟར་མངོན་ཤེས་གྲུབ་རྟགས་སུ་བསྙད་བཏགས་པའི་མཛད་སྤྱོད་འཕྲལ་འཕྲུལ་གྱིས་རྨོངས་པ་མགོ་སྐོར་བ་ཙམ་ལ་མི་རེ་བར་རིག་པའི་གནས་ལ་རིས་མེད་དུ་སྦྱང་རྒྱུ་དང་། ཁྱད་པར་དུ་གསོ་བ་རིག་པའི་སྒོ་ནས་འགྲོ་དོན་སྐྱོང་དགོས་པའི་བཀའ་གནང་བ་བཞིན་ཡོངས་འཛིན་བློ་བཟང་བཀྲ་ཤིས། ཉིད་ཀྱི་ཞང་བོ་སྨན་པ་བློ་བཟང་ཆོས་གྲགས། ཨེ་མག་སྨན་རྒན་སོགས་ལས་རྩ་མདོ་ཆུ་མདོ་དང་མེ་བཙའི་ལག་ལེན་སོགས་བསླབ། སྨན་པ་མཁས་པའི་གྲོགས་དང་བཅས་སྨན་ངོས་འཛིན་སོགས་དཔེ་ཐོག་ཙམ་མ་ཡིན་པར་གཞུང་དང་མཐོང་བརྒྱུད་ཀྱི་ལག་ལེན་སྦྲགས་ནས་སྦྱངས། དགུང་ལོ་བཅུ་བར་འཛམ་ཐང་ལྷ་བཟོ་རི་ཁྲོད་པ་ལས་ལྷ་རིས་ཀྱི་ཐིག་རྩ་དང་ཐང་ག་འབྲི་ཚུལ་སོགས་བསླབ། བཅུ་གཅིག་པར་བེ་སིའི་སྨན་པ་འཇིགས་མེད་རྒྱ་མཚོ་ལས་གཙང་སྨན་ཡེ་ཤེས་བཟང་བོ་ནས་བརྒྱུད་པའི་རྒྱུད་བཞིའི་ཟབ་ཁྲིད་དང་ལག་ལེན་བཅས་ཞིབ་ཏུ་གསན། ལོ་དེར་ཨེ་མག་སྨན་རྒན་གྱི་ལག་ལེན་སྨན་ཡིག་སྣ་ཚོགས་དང་ཆ་ལག་བཅོ་བརྒྱད། དྭགས་པོའི་ཐོར་འབུམ། འཇམ་དབྱངས་སྔོ་འབུམ། གཡུ་ཐོག་སྔོ་འབུམ། ཟླ་བའི་རྒྱལ་བོ་སོགས་སྨན་དཔེ་པོད་སུམ་ཅུ་ཙམ་ལ་ལྟ་རྟོག་ཐེབས་པར་བྱས་གསུངས། གནས་མཆོག་ཇི་གིན་དུ་སྒྲོལ་དཀར་གྱི་སྐུ་མཚམས་ལ་བཞུགས་ནས་ཏཱ་རེ་དུང་ཕྱུར་གསུམ་གསུངས། རྒྱུན་རྐོང་ཆུང་ངུ་གཅིག་ཉིན་གསུམ་ལ་མི་གཟིམ་པ་སོགས་ལྷག་པའི་ལྷ་མོ་དེ་ཉིད་གྲུབ་པའི་རྟགས་མཚན་མང་བོ་བྱུང་། ཁྱད་པར་དུ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀློང་དུ་བརྡོལ།

དགུང་ལོ་བཅུ་གཉིས་ཐོག་ཆོས་སྡེ་ཆེན་པོ་སྟག་ཚང་ལྷ་མོ་དགའ་ལྡན་བཤད་སྒྲུབ་པད་དཀར་གྲོལ་བའི་གླིང་དུ་ཆོས་གྲྭར་ཞུགས། དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་ཡོན་ཏན་ཡོངས་འཛིན་དུ་བསྟེན་ཏེ་རིགས་པའི་སྒོ་འབྱེད་བསྡུས་གྲྭ་ནས་བཟུང་གཞུང་སོ་སོའི་སྤྱི་དོན། ཐལ་ཕྲེང་། ཟུར་བཀོལ་སོགས་རྗེ་ཡབ་སྲས་སང་ཀུན་མཁྱེན་བླ་མ་ཡབ་སྲས་ཀྱི་ཡིག་ཆའི་སྟེང་ནས་གཞུང་ཆེན་པོད་ལྔ་ལ་ཚིག་གི་ན་ཡམས་ཙམ་དུ་མ་ལུས་པར་ཞིབ་རྩོད་དང་དོགས་གཅོད། སྐྱོར་སྦྱང་སོགས་ཆུ་བོའི་རྒྱུན་བཞིན་མཛད། ཚོགས་ཆོས་གྲྭའི་ལམ་དུ་ཡང་བྲེ་མོའི་གཏམ་དང་དོན་མེད་ཀྱི་རྩེ་དགོད་ལ་མི་གཡེང་བར་གཞུང་ལུགས་ཀྱི་དོན་ལས་བརྩམས་པའི་འཕྲོས་པ་དང་དོགས་གཅོད། གཞུང་ཚིག་སྐྱོར་སྦྱང་ལ་འབད་པ་ཤ་སྟག་གནང་བ་དང་། སྒོ་གསུམ་ཞི་དུལ་བག་ཡོད་ཀྱི་མཛད་པ་ཁོ་ནས་དུས་འདའ་བ་ཞིག་ཡོད་ཅེས་ཁོང་དང་དུས་ཐོག་མཉམ་པའི་མཁས་བླུན་ཀུན་གྱིས་མཐུན་པར་གླེང་། ཁྲི་ཆེན་རྒྱལ་མཚན་སེང་གེའི་སྐུ་དམར་གདུང་གི་མདུན་དུ་རྐྱང་ཕྱག་དང་སྦྲགས་ནས་འགྲེལ་བ་དོན་གསལ་སྟོང་ཚར་སྐྱོར་བས་མི་བརྗེད་པའི་གཟུངས་ཁྱད་པར་ཅན་བརྙེས་ཏེ་ཉིན་རེར་དཔེ་རིང་ཤོག་གྲངས་སུམ་ཅུ་ཙམ་ཐུགས་འཛིན་གནང་བ་ལ་ཚེགས་མེད་པར་གྱུར། ཤེས་བྱའི་གནས་ཅི་ཞིག་གསན་པ་མཐའ་དག་བརྗེད་ངས་རྐུན་པོའི་དབང་དུ་མི་འཆོར་བར་དངོས་སུ་ཞལ་གྱིས་བཞེས། མ་ཧཱ་པཎྜི་ཏ་རྗེ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་དྲུང་ནས་རིན་འབྱུང་། འཇམ་དབྱངས་ཆོས་སྐོར། ལན་ཝར་གྱི་ཡིག་གཟུགས། ཐིག་རྩ་སྣ་ཚོགས། སུམ་རྟགས། སྙན་དངགས། སྒྲ། རྩིས་དཀར་ནག་སོགས་གསན། གསེར་ཁྲིའི་ཡོངས་འཛིན་ཡོན་ཏན་རབ་རྒྱས་པའི་དྲུང་ནས་དབུ་མ་ལུང་རིག་སྒྲོན་མེའི་མཛུབ་ཁྲིད་དང་ལམ་རིམ་ཆེན་མོའི་བཤད་ལུང་། དུས་འཁོར་དབང་ཆེན་སོགས་མདོ་སྔགས་ཀྱི་ཟབ་ཆོས་མང་བོ་གསན། གཙང་བ་ཡོངས་འཛིན་རིན་པོ་ཆེའི་དྲུང་ནས་པཱ་ལིའི་ཡི་གེ   བྷར་མའི་ཡི་གེ་སོགས་རྒྱལ་ཁབ་དང་མི་རིགས་གཞན་པའི་ཡིག་རིགས་བཅུ་གཉིས་ཙམ་དང་། བོད་ཡིག་གི་སྐོར་ལ། བླ་མ་རྡོ་རྗེ་གདན་པའི་ཡི་གེ   འགོས་ལོའི་ཡི་གེ  སྐྱོགས་ལོའི་ཡི་གེ  ངོ་མཚར་ཡིག་གསར།    གཏེར་ཡིག་དང་བརྡ་ཡིག་སྣ་ཚོགས་བཅས་ཡིག་རིགས་ཉི་ཤུ་ཙམ་གྱི་འབྲི་ཀློག་བསླབ། དེ་བཞིན་དུ་མཆོད་རྟེན་དང་ལྷ་རིས་ཀྱི་ཐིག་རྩ། པ་ཊའི་རིགས་སྣ་ཚོགས། གསེར་ཚ་དང་གསེར་ཆུ། གཡུ་ཆུ་བྱུག་སྡེབ་སོགས་བཟོའི་གནས་དུ་མ་བསླབ། མཁན་པོ་ངག་དབང་དཔལ་བཟང་ཚང་ལས་ཁམས་བརྒྱུད་གསོ་རིག་རྒྱུད་བཞིའི་ཁྲིད་དང་མན་ངག་ཐོར་བུའི་སྐོར་དུ་མ་གསན། མཁན་པོ་དེ་ཉིད་ཀྱི་ཞལ་བཀོད་བཞིན་ཨུ་རུ་སུའི་སྨན་པ་ཤེས་རབ་བསྟན་འཕེལ་ལས་ནུབ་ལུགས་ཀྱི་སྐྱེ་ལུགས་རིག་པ་དང་ཁམས་སྨན་པ་བཀྲ་ཤིས་དཔལ་འབར་ལས་རྒྱ་ནག་ལུགས་ཀྱི་རྩ་དང་ལྕེ་བརྟག་པ་སོགས་བསླབ། ལྷ་མོ་གསེར་ཁྲི་རིན་པོ་ཆེ་དང་། མཁས་ཤིང་གྲུབ་པའི་དབང་ཕྱུག་མཁན་ཟུར་འཇིགས་མེད་རྒྱ་མཚོ། ཁྲི་ཟུར་སྨོན་ལམ་མཐའ་ཡས་སོགས་ལས་རྒྱུད་སྡེ་གོང་འོག་གི་དབང་རྗེས་གནང་། ཁྲིད་བཤད་ལུང་། གསུང་འབུམ་སྣ་ཚོགས་ཀྱི་ལུང་། ཆོ་ག་ཕྱག་ལེན། ཐིག་རྡུལ་མཚོན་ཚུན་ཆད་ཞིབ་ཏུ་གསན།

 དགུང་ལོ་བཅོ་བརྒྱད་པར་རྗེ་གཉན་ཐོག་རིན་པོ་ཆེས་གཅོད་ཀྱི་གདམས་པ་ཡོངས་སུ་རྫོགས་པར་གནང་སྟེ་ཡི་དམ་ལྷའི་ལུང་དང་མར་མེའི་ལྟས་སོགས་གང་ལ་བརྟགས་ཀྱང་ངའི་གཅོད་ཀྱི་གདམས་ངག་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་ནུས་པ་ཁྱེད་ལས་མི་འདུག་གསུངས་ནས་གདམས་ངག་དེའི་བདག་པོར་དབང་བསྐུར།

 དགུང་ལོ་ཉི་ཤུ་བར་ཕར་ཕྱིན་དམ་བཅའ་བཞག  ལོ་དེར་བཀྲ་ཤིས་འཁྱིལ་དུ་ཨ་ལགས་བླ་ཁོ་རིན་པོ་ཆེ་ལས་བསྙེན་པར་རྫོགས་ཤིང་མདོ་སྔགས་ཟབ་རྒྱས་ཀྱི་ཆོས་དུ་མ་གསན། ཨ་ཁུ་རིན་པོ་ཆེ་ལྷ་མོ་ཚུལ་ཁྲིམས་རྒྱ་མཚོའི་ཞལ་སྔ་ནས་པོ་ཏི་ལྔ་སྔགས་དང་བཅས་པའི་ཞིབ་ཁྲིད་ལན་དུ་མར་ཞུས། འཇམ་མགོན་ཙོང་ཁ་བ་ཆེན་པོའི་ཐུགས་བཅུད་བདེ་གསང་འཇིགས་གསུམ་སོགས་རྒྱུད་སྡེ་གོང་འོག་གི་དབང་རྗེས་གནང་། བསྐྱེད་རྫོགས། དེ་དག་དང་འབྲེལ་བའི་རྒྱུད་དང་རྒྱ་གཞུང་གི་ལུང་དང་ཁྲིད། མན་ངག་ཐོར་བུའི་སྐོར་དང་བཅས་གདམས་པའི་རྒྱུན་བཞུགས་སོ་ཅོག་འབད་པ་ཆེན་པོས་གསན། རྔ་བ་ཆོས་རྒྱམ་ཚང་གི་མདུན་ནས་རྒྱུད་བཞིའི་ཞིབ་ཁྲིད་གསན། བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་གི་སྨན་དཔེ་དཀོན་པོ་པོད་དྲུག་ཅུ་ལྷག་ལ་ཞིབ་ཏུ་གཟིགས། བསང་ཁོག་ཚུལ་ཁྲིམས་ཚང་། ཁྲོ་ཁོའི་རྟ་དཀར་སྨན་པ། ཆི་བི་ཤིས་རྒྱ་ལུ་སྨན་པ་སོགས་ལ་གསོ་བ་རིག་པའི་དཀའ་གནས་མང་བོའི་དོགས་གཅོད་ཞུས། དགུང་ལོ་ཉེར་ལྔ་བར་ཨ་སྐྱིད་སྡེ་དགུས་ཞུས་ངོར་དབང་རྡོར་ཕྲེང་དང་། ཉེར་དྲུག་པར་བེ་སི་ནས་དུས་འཁོར་དབང་ཆེན་གནང་། སོ་གཅིག་ནས་སོ་གསུམ་བར་དགའ་ལྡན་བཤད་སྒྲུབ་གླིང་གི་ཚོགས་ཆེན་ཁྲིར་བཞུགས་ཏེ་ཆོས་སྲིད་གཉིས་ཆ་ནས་སྐྱོང་འཁུར་ཟླ་མེད་ཞུས། ཀུན་མཁྱེན་རིན་པོ་ཆེའི་བཀའ་བཞིན་དམུ་དགེ་དགོན་པའི་ཁྲི་བར་ཕེབས། དེར་ཚོགས་པ་ཡོངས་ལ་འགྲེལ་ཆུང་དོན་གསལ་དང་སྡུད་པ་སྦྱར་བའི་བཤད་ལུང་སོགས་གནང་བས་ཁོང་གི་གསན་རྒྱ་དང་མཁྱེན་རྩལ་གྱིས་མཁས་པ་རྣམས་ཀྱི་ཐུགས་འཕྲོག་པའི་བསྔགས་བརྗོད་མེ་ཏོག་གི་ཕྲེང་བ་ཕྱོགས་སུ་གཏོར།

 ང་བརྒྱད་ལོར་དཀའ་སྡུག་གིས་མནར་བའི་ཉམ་ཐག་པའི་འགྲོ་བ་སྟོང་ཕྲག་དུ་མ་ཐབས་མཁས་ཀྱིས་མི་འདོད་པའི་སྡུག་བསྔལ་སྣ་ཚོགས་ལས་བསྐྱབས། སྤྱི་ལོ༡༩༦༣ལོར་རྨ་ལྷོའི་རྫོང་དཔོན་གཞོན་པའི་འགན་བཞེས་ཏེ་རིག་གསན་སློབ་གསོ་དང་གསོ་བ་རིག་པའི་དར་སྤེལ་དང་རྒྱུན་འཛིན་གྱི་ཕྱོགས་ལ་མཛད་རྗེས་མང་དུ་བཞག     དགུང་ལོ་ཞེ་གཅིག་པ་སྤྱི་ལོ༡༩༦༧ལོ་ནས་ལོག་སྤྱོད་པའི་ཞྭ་མོ་བསྐོན་ཏེ་ཉིན་མོའི་ལས་ཀ་མི་སེར་དཀྱུས་མ་ལས་ལྡབ་དུ་མས་ལྕི་བའི་ཐོག་དགོང་མོ་ཡང་འཐབ་རྩོད་དང་སྲིད་ཇུས་སློབ་སྦྱོང་ཤ་སྟག་ལ་དེད་ཀྱང་རྐྱེན་ངན་ལམ་འཁྱེར་གྱི་གདམས་པ་ཁོ་ན་ལ་ཐུགས་གཞོལ། སྤྱི་ལོ༡༩༧༣ལོ་ནས་དམངས་སྒྲུབ་བཟོ་གྲྭ་ཞེས་པར་ཤིང་བཟོ་བྱེད་དུ་བཅུག་སྐབས། གསང་སྟབས་ཀྱིས་མཚན་མོའི་དུས་ཚོད་ལ་བེད་སྤྱད་དེ་ལིས་ཧྲི་ཀྲིན་གྱི་སྔོ་སྨན་དཀར་ཆག་ཆེན་མོའི་ནང་ནས་བོད་ལ་མཁོ་བའི་སྨན་རྫས་སུམ་བརྒྱ་ལྷག་གི་མིང་བོད་ཡིག་ཏུ་བསྒྱུར། རྒྱུད་བཞི་དང་། ཤེལ་གོང་ཕྲེང་། ཟིན་ཏིག་གཅེས་བཏུས། མེས་པོའི་ཞལ་ལུང་། བེེ་སྔོན་སོགས་སྐབས་དེར་དཔེ་རྒྱུན་དཀོན་པ་མང་བོ་བཤུ་འབྲི་གནང་། ད་དུང་རྩ་ཆུ་བརྟག་པ་དང་། གདོང་བརྟག    ལྕེ་བརྟག་སོགས་གཞུང་དུ་མ་གསར་དུ་བརྩམས། ལོ་དེར་རྨ་ལྷོ་རྫོང་ཐོག་ཏུ་ལས་བགོ་བྱས་ཏེ་མེས་པོའི་ཞལ་ལུང་སོགས་ལོ་རྒྱུས་ཀྱི་ཡིག་ཆ་གལ་ཆེན་མང་བོ་དག་སྒྲིག་དང་གསར་རྩོམ་གྱི་ཞར་ལ་རྫོང་ཡོངས་ཀྱི་རྐང་རྗེན་སྨན་པའི་སློབ་སྦྱོང་འཛིན་གྲྭ་ལ་བོད་སྨན་སློབ་ཁྲིད་གནང་། སྤྱི་ལོ༡༩༧༩ལོར་རྒྱལ་ཁབ་འཕྲོད་བསྟེན་པུའུ་ཡི་མངགས་བཅོལ་བཞིན་ཀྲུང་གོའི་གསོ་རིག་ཀུན་འདུས་ཀྱི་ནང་ཚན་བོད་ཀྱི་གསོ་རིག་སྐོར་ལས་མན་ངག་རྒྱུད་ཀྱི་རླུང་ནད་གསོ་བ་སོགས་ལེའུ་བདུན་ཅུ་དོན་བདུན་གྱི་བརྗོད་བྱའི་གནད་བསྡུས་པ་ལ་གཞུང་ལུགས་གཞན་གྱིས་ཁ་སྐོང་དང་། གསོ་རིག་མཁས་པའི་མན་ངག་དང་ནད་ཐོག་ཉམས་མྱོང་གིས་ཟུར་བརྒྱན་པ་དེ་ཉིད་རྩོམ་སྒྲིག་མཛད།

 དགུང་ལོ་དྲུག་ཅུ་བ་སྤྱི་ལོ༡༩༨༤ལོར་བེ་སི་དང་། ཐོར་གོད། ཨ་རིག་སོགས་ཀྱི་དབུས་མཇལ་བ་སེར་སྐྱ་སྟོང་ཕྲག་བརྒལ་བའི་དབུ་མཛད་དེ་དབུས་སུ་ཕེབས། གཙུག་ལག་ཁང་། རྒྱུད་གྲྭ་སྟོད་སྨད། གདན་ས་ཆེན་པོ་བཞི། ས་སྐྱ། ཞ་ལུ་སོགས་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་དང་གཙུག་ལག་ཁང་སོ་སོར་ལྷ་མཆོད་མི་མཆོད་རྒྱ་ཆེར་བསྟར། དགའ་ལྡན་ཤར་བྱང་གཉིས་ཀྱི་ཡིག་ཆའི་པར་གསར་རྐོའི་འགྲོ་སོང་ཆ་ཚང་ཁོང་ཉིད་ཀྱིས་ཕུལ།

 སྤྱི་ལོ༡༩༨༤ལོ་ནས་བཟུང་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་རིལ་བུ་སྡེབ་སྦྱོར་གྱི་མན་ངག་མདོ་སྨད་ཕྱོགས་སུ་དར་སྤེལ་གཏོང་ཆེད་དུ་མཁན་པོ་ཚེ་རྣམ་རིན་པོ་ཆེ་གདན་འདྲེན་ཆེད་དུ་ཁམས་སྡེ་དགེར་ལན་གསུམ་ཕེབས། འགྲིམ་འགྲུལ་སྟབས་མི་བདེ་བ་དང་། སྲིད་ཇུས་གུ་དོག་པས་རིམ་པ་སོ་སོའི་འགོ་ཁྲིད་ལས་མཁན་རིན་པོ་ཆེ་མདོ་སྨད་དུ་ཕེབས་རྒྱུའི་གནང་བ་འཁྲོལ་དཀའ་བ་སོགས་ཀྱི་འོ་བརྒྱལ་དཔག་མེད་མྱངས་མཐར་སྤྱི་ལོ༡༩༨༧ལོའི་ཟླ་གསུམ་པར་མཁན་རིན་པོ་ཆེ་རྨ་ལྷོ་ཁུལ་དུ་ཕེབས་ཐུབ་པ་བྱུང་། མཚོ་སྔོན། སི་ཁྲོན། ཀན་སུའུ་བཅས་ནས་ཡོང་བའི་སྨན་པ་རྣམས་ལ་མཁན་རིན་པོ་ཆེ་ནས་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་། རཏྣ་བསམ་འཕེལ་སོགས་ཀྱི་ཕྱག་ལེན་ལེགས་པར་ཁྲིད་དེ། མདོ་སྨད་ལོ་རྒྱུས་སྟེང་གི་རིན་ཆེན་བཙོ་ཐལ་ཆེན་མོ་དང་རིན་ཆེན་རིལ་བུ་དང་བོ་ལེགས་གྲུབ་བྱུང་། ད་ལྟ་མདོ་སྨད་ཀྱི་ཡུལ་གྲུ་མང་བོར་རིན་ཆེན་རིལ་བུ་བཟོ་ཐུབ་པ་ཡང་ཁོང་ཁོ་ནའི་སྐུ་དྲིན་ཡིན་ཞེས་དཔྱོད་ལྡན་མང་བོས་བསྒྲགས། པཎ་ཆེན་རིན་པོ་ཆེའི་བཀའ་བཞིན་མཐོ་རིམ་ནང་བསྟན་སློབ་གླིང་གི་གདན་ཞུས་དགེ་རྒན་དུ་ཕེབས་ཏེ་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ལ་གྲུབ་མཐའ། ས་ལམ། ལོ་རྒྱུས་སོགས་ཁྲིད། སློབ་གླིང་གི་སློབ་གཞི་རྩོམ་སྒྲིག་ཚན་ཆུང་གི་བཀོད་སྒྲིག་བཞིན་བོད་སོག་ཆོས་འབྱུང་ཡང་བརྩམས།

 སྤྱི་ལོ༡༩༩༠ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཁོང་ལ་ཕུལ་བྱུང་ཆེད་ལས་མཁས་པའི་མཚན་སྙན་ཕུལ།  དེ་བཞིན་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་ཀྲུང་གོའི་བོད་སྨན་ཚན་རྩལ་གྱི་གྲུབ་འབྲས་ཁྱད་འཕགས་ལོན་པའི་གཟེངས་བསྟོད་དང་དཔང་ཡིག་ཕུལ། སྤྱི་ལོ༡༩༩༡ལོར་རྒྱལ་ཁབ་མི་དོན་པུའུ་དང་འཕྲོད་བསྟེན་པུའུ། ཀྲུང་སྨན་དོ་དམ་ཅུས་ཐུན་མོང་ནས་ཀྲུང་སྨན་གཞུང་ལུགས་དང་ལག་རྩལ་གྱི་ཉམས་མྱོང་རྒྱུན་འཛིན་པར་མཛུབ་སྟོན་བྱེད་པའི་སྨན་པ་རྒན་པའི་ཕྱག་རྟགས་ཕུལ། ཡང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྨན་བཅོས་འཕྲོད་བསྟེན་གྱི་ཕྱོགས་ལ་ལག་རྗེས་འབུར་ཐོན་བཞག་པའི་ཆེད་ལས་མཁས་པའི་དམིགས་བསལ་ཕོགས་སྣོན་གནང་བ་སོགས་སྲིད་གཞུང་དང་ཚོགས་པ་མང་བོས་གཟེངས་བསྟོད་དང་གོང་བཀུར་ཞུས། རྒྱལ་ཡོངས་སྲིད་གྲོས་ཀྱི་འཐུས་མི། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས། མཚོ་སྔོན་བོད་ལུགས་གསོ་རིག་སློབ་གླིང་གི་མཚན་འཛིན་གླིང་གཙོ། རྨ་ལྷོ་ཁུལ་སྲིད་གྲོས་ཀྱི་དབུ་གཙོ་གཞོན་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སོགས་ཀྱི་འགན་བཞེས།

 དགུང་ལོ་རེ་ལྔ་བར་ཁོང་གི་འཁྲུངས་ཡུལ་ཨ་སྐྱིད་སྡེ་དགུས་ནན་ཞུས་བཞིན་དུས་འཁོར་དབང་ཆེན་དང་། སྟག་ཚང་ལྷ་མོར་འགྲེལ་བ་བཞི་སྦྲགས་དང་རྟ་མགྲིན་ཡང་གསང་གི་དབང་། མངོན་བྱང་གི་དབང་སོགས་བཀའ་ཆོས་མང་བོ་གནང་། རེ་དྲུག་པར་དཔལ་ལྡན་བྱ་ཁྱུང་སྨན་པ་གྲྭ་ཚང་ལ་རྒྱུད་བཞིའི་དཔེ་ཁྲིད་རྫོགས་པར་གནང་། བྱ་ཁྱུང་དགོན་པས་དངོས་འབུལ་གྱ་ནོམ་པས་ཐོག་དྲངས་ནས་བྱ་ཁྱུང་ཁྲི་བའི་ཐོབ་ཕུལ་བ་སོགས་བཀུར་བཟོས་ཆེན་པོ་ཞུས། རེ་དགུ་བར་ལཱ་ཁ་དགོན་དུ་དུས་འཁོར་དབང་ཆེན་ཐེངས་གསུམ་པ་གནང་།

 དགུང་ལོ་དོན་གསུམ་པ་མེ་གླང་ལོའི་ཟླ་གཉིས་པར། ཀྲུང་གོ་དང་། ཐེ་གོ། འབར་མ་སོགས་རྒྱལ་ཁབ་ལྔས་ཞིས་ཧྲང་པན་ནཱ་ནས་སྨན་རྫས་ངོས་འཛིན་དང་ཉམས་མྱོང་བརྗེ་རེས་ཀྱི་ཚོགས་འདུ་བསྡུས་པར་གདན་ཞུས་བཞིན་ཕེབས། ཏུའུ་ཅང་ཡན་དུ་མཁན་ཚེ་རྣམ་རིན་པོ་ཆེ་ལས་མན་ངག་རྒྱུད་ཀྱི་བཤད་ཁྲིད་གསན། འདི་དུས་སྙུན་བབས་ཤིན་ཏུ་ལྕི་ཡང་ཉིན་རེར་བཀའ་ཆོས་ཆུ་ཚོད་དྲུག་རེ་གསུངས་པ་ལ་ཆག་མེད་དུ་ཕེབས། ཞར་ལ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་དགེ་རྒན་བསྟན་པ་དར་རྒྱས་སོགས་དོན་གཉེར་ཅན་རྣམས་ལ་ལྷན་ཐབས་ལྡེ་མིག་གི་ལུང་གནང་། དགུང་ལོ་དོན་བཞི་བ་རབ་གནས་ས་སྟག་ལོའི་ཧོར་ཟླ་དང་བོའི་ཚེས་བཅོ་བརྒྱད་ཉིན་མཁན་རིན་པོ་ཆེའི་བཀའ་ཆོས་ཀྱི་མཇུག་གྲུབ་ནས་གཏང་རག་གི་བསྙེན་བཀུར་ལེགས་པར་ཕུལ། ལོ་དེའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་དགོངས་པ་ཆོས་ཀྱི་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ། །

 དེ་ལྟར་རྗེ་བཙུན་བླ་མ་དམ་པ་ཁོང་ནི། ངེས་པའི་དོན་དུ་རྒྱལ་བ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་བརྙེས་ཟིན་ཀྱང་། ཐུན་མོང་བའི་ངོར་འཕགས་པའི་གནས་བརྟན་ཆེན་པོ་ཀ་ཏ་ཡ་ན། གྲུབ་དབང་པད་མ་ཀ་ར། མཐུ་སྟོབས་ནུས་པའི་མངའ་བདག་ཚ་ཁོ་ངག་དབང་གྲགས་པ། ཁྲི་ཆེན་ནམ་མཁའ་བཟང་བོ། མཁྱེན་རབ་དབང་ཕྱུག  ཤིང་བཟའ་ཞབས་དྲུང་བློ་བཟང་ཆོས་ཀྱི་རྒྱ་མཚོ་སོགས་ཀྱི་སྐུའི་སྐྱེ་བ་བཞེས་ནས་འགྲོ་བའི་དོན་མཛད། སྐུ་ཚེ་འདིར་ཡང་གཞུང་ཆེན་བཀའ་པོད་ལྔ། གསང་སྔགས་རྒྱུད་སྡེ་བཞིས་གཙོ་བྱས་པའི་ཕྱི་ནང་རིག་པའི་གནས་ཀུན་ལ་རིས་མེད་དུ་སྦྱངས། ཐོས་པའི་དོན་རྣམས་སྒྲུང་པ་སྙིང་བོར་མཛད་པས། མཚར་སྡུག་འཇིག་རྟེན་སྒྱུ་མའི་གྲོང་ཁྱེར་འདི། །མཐོང་ཚད་དངོས་པོའི་གཤིས་སུ་མ་གྲུབ་ཀྱང་། །ཐ་སྙད་ཙམ་དུ་སྣོད་བཅུད་དཀྱིལ་འཁོར་ཉིད། །རྟེན་དང་བརྟེན་པར་ཤར་འདི་བླ་མའི་དྲིན། །ཞེས་ཕྱི་ནང་གི་ཆོས་རྣམས་སྒྱུ་མ་དང་རྨི་ལམ་ལྟར་གཟིགས། སྣོད་བཅུད་མཐའ་དག་དག་པའི་རྟེན་དང་བརྟེན་པར་ཤར་བར་དངོས་སུ་ཞལ་གྱིས་བཞེས།

 སྐུ་འབུམ་བྱམས་པ་གླིང་། དཔལ་ལྡན་བཀྲ་ཤིས་འཁྱིལ། བྱ་ཁྱུང་། དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན། སྟག་ཚང་ལྷ་མོ། ཤིང་བཟའ་དགོན། གཉན་རྩེ་དགོན། ཟི་བ་དགོན། ཨ་སྐྱིད་སེ་ར་དགོན། ར་བོང་དགོན་སོགས་དགོན་སྒྲུབ་སྡེ་དང་། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་། མཚོ་སྔོན་བོད་ལུགས་གསོ་རིག་སློབ་གླིང་སོགས་སློབ་གྲྭ་ཆེ་ཆུང་དང་། བོད་སྨན་ཞིབ་འཇུག་ཁང་སོགས་སུ་ཕེབས་ནས་མདོ་སྔགས་རིག་གནས་ཀྱི་ལེགས་པར་བཤད་པས་སྐལ་ལྡན་མང་བོའི་རེ་བ་ཡོངས་སུ་བསྐངས། གཞན་ཡང་མདོ་སྨད་ལྷོ་བྱང་གི་རུ་སྡེ་མང་བོར་ཞབས་ཀྱིས་བཅག་སྟེ་དབང་བཀའ་ཆོས་དང་ལུགས་གཉིས་ཀྱི་བསླབ་བྱ་གང་ལ་གང་འཚམ་དུ་གནང་ནས་འགྲོ་བ་མཐའ་ཡས་པར་འདི་ཕྱིའི་ལེགས་ཚོགས་ཀྱི་སྒོ་འཕར་ཡངས་པོར་ཕྱེ། དད་པས་ཕུལ་བའི་ཕྱག་རྫས་རྣམས་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་དུ་མའི་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་བཞེངས་གསོ། དགེ་འདུན་གྱི་བསྙེན་བཀུར། དབུལ་སྐྱོར། སློབ་གསོ་སོགས་ཀྱི་ཆེད་དུ་བཏང་བ་ལས་དགྲ་འདུལ་གཉེན་སྐྱོང་དང་འཚོ་བ་རྒྱས་སྤྲོས་ལྟ་བུའི་ཆེད་དུ་ཆུད་འཛའ་བ་གཏན་མི་མངའ། མདོར་ན་ཁོང་གིས་སྐུ་ཚེ་གང་བོར་བསྟན་འགྲོའི་དོན་མཐའ་ཡས་པ་མཛད་པའི་ཚུལ་མཁས་དབང་ཤར་གདོང་རིན་པོ་ཆེས་མཛད་པའི་རྗེ་འདིའི་རྣམ་ཐར་དད་ལྡན་ཡིད་ཀྱི་བདུད་རྩི་སོགས་སུ་གསལ་བ་ལྟར་རོ། །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།