དགེ་བའི་བཤེས་གཉེན་རྒན་གྱའི་དཀོན་མཆོག་རྒྱ་མཚོ

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-05-13 16:56:24         ཀློག་ཐེངས།  

微信图片_20220513165458.jpg

༄༅།།རྒན་གྱའི་དཀོན་མཆོག་རྒྱ་མཚོའི་རྣམ་ཐར་མདོར་བསྡུས་སུ་བརྗོད་པ་འོ་མའི་ཐིགས་པ། 


མཁས་བཙུན་བཟང་གསུམ་གྱི་ཐུགས་རྒྱུད་ཕྱུག་ཅིང་རིགས་སྨྲ་ཡོངས་ཀྱི་དབང་བོ་རྒན་གྱའི་དཀོན་མཆོག་རྒྱ་མཚོ་ལགས་ནི་རབ་བྱུང་བཅུ་དྲུག་པའི་ས་ལུག་སྤྱི་ལོ་༡༩༧༩ལོའི་ཧོར་ཟླ་བདུན་པའི་ཚེས་ལྔ་ཉིན་ཡབ་བླ་མ་སྐྱབས་དང་ཡུམ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་འཛམ་གླིང་གནས་ཆེན་ཉེར་བཞིའི་ཡ་གྱལ་དཔལ་འཁོར་ལོ་བདེ་མཆོག་གི་ཕོ་བྲང་རྒན་གྱའི་བྲག་དཀར་གནས་ཆེན་དངཉེ་བར་རྒན་གྱའི་ཞོ་ཕུག་ཏུ་སྐུ་འཁྲུངས།མ་འཁྲུངས་གོང་དབུས་ཀྱི་དགའ་ལྡན་དགོན་པའི་སྐུ་ཚབ་ཨ་མཆོད་དགའ་ལྡན་པ་ཞུ་བས་ཁྱེད་ཚང་ལ་བུ་ཞིག་འཁྲུངས་པར་འདུག་ཅེས་ཐུགས་སྨོན་ཁྱད་པར་བའི་གསུང་སྲུང་མདུད་དང་བཅས་པ་བསྩལ།ཡབ་ཀྱི་མདུན་ནས་ཀློག་བསླབ་པས་སྐྱབས་འགྲོ་དང་ལྟུང་བཤགས་སོགས་ཚེགས་མེད་དུ་མཁྱེན།དགུང་ལོ་བཅུ་ཙམ་གྱི་སྟེང་སྡེ་བའི་རིམ་གྲོ་བྱེད་ས་སོགས་སུ་ཕེབས་ནས་ཁ་ཏོན་དགེ་སྦྱོར་ལ་ཡ་རབས་སྤྱོད་བཟང་གི་བག་ཆགས་ལྷན་སྐྱེས་སུ་མངའ།བགྲང་བྱ་བཅུ་གཅིག་སྟེང་ཧོར་གཙང་འཚོ་འདུ་སྤྲུལ་སྐུའི་བཀའ་ལུང་བཞིན་བླ་བྲང་བཀྲ་ཤིས་འཁྱིལ་དུ་བདེ་སྟོང་མཆོག་གི་ཉམས་རྩལ་རྫོགས་པ་༧བདེ་ཐང་ཞབས་དྲུང་རྗེ་དཀོན་མཆོག་མཁྱེན་རབ་རྒྱ་མཚོའི་མདུན་ནས་རབ་བྱུང་གི་ཚུལ་ཁྲིམས་བཞེས་ཏེ་མཚན་ལ་དཀོན་མཆོག་རྒྱ་མཚོ་ཞེས་གསོལ།དེ་ནས་རྒན་གྱའི་བྲག་དཀར་དགོན་གསང་སྔགས་སྨིན་རྒྱས་གླིང་གི་ཆོས་སྒོར་ཞུགས་ཏེ་དགེ་སློང་འཇམ་དབྱངས་བསྟན་པ་མཆོག་ཐོག་མའི་དགེ་རྒན་དུ་བསྟེན་ནས་གྲྭ་ཚང་གི་འདོན་ཆའི་སྐོར་དང་དབུ་ཅན་དབུ་མེད་ཀྱི་བྲིས་གཟུགས་སོགས་རྡོ་གཡམ་གྱི་ངོས་ནས་སྦྱངས།དགུང་ལོ་བཅུ་གསུམ་སྟེང་མདོ་སྔགས་བཤད་སྒྲུབ་ཡོངས་སུ་རྫོགས་པའི་ཐུབ་པའི་བསྟན་པ་རིན་པོ་ཆེ་གླིང་བཞིའི་ཁྱོན་ཐམས་ཅད་གཅིག་ཆར་ཉིད་དུ་གསལ་བར་ནུས་པ་རྗེ་དགེ་འདུན་རྒྱ་མཚོ་དཔལ་བཟང་བོའི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས།དགུང་ལོ་བཅོ་ལྔའི་སྟེང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གཙུག་ལག་རྩིས་རིག་སྨྲ་བའི་བཤེས་གཉེན་ཆེན་མོ་༧རྗེ་བསམ་འགྲུབ་རྒྱ་མཚོ་ཚང་གི་མདུན་ནས་ལམ་རིམ་དང་སྐྱབས་ཁྲིད་སོགས་གཙོས་སུམ་རྟགས་དག་གསུམ་དང་སྐར་རྩིས་རིག་པ་ལ་སྦྱང་བ་མི་དམན་པ་བྱས།ཀློག་གི་སློབ་དཔོན་དགེ་སློང་བརྩོན་འགྲུས་ཀྱི་བཀའ་ལུང་བཞིན་པཎ་ཆེན་བསྐྱེད་རིམ་དངོས་གྲུབ་སྙེ་མ་སོགས་ཐུགས་འཛིན་གནང་ཞོར་བླ་བྲང་རྒྱུད་སྨད་ཀྱི་ཨ་ཁུ་ཡོན་ཏན་ཚང་ནས་འགྲེལ་བའི་ས་ཁུངས་ཞུས་ཏེ་རང་དགོན་དུ་འགྲེལ་བ་བཞི་སྦྲགས་ཀྱི་ས་ཁུངས་ལ་འཆད་ཉན་བྱེད་པའི་སྲོལ་གསར་དུ་ཕྱེ།

ཁྱོམ་དགེ་སྤྲུལ་བའི་སྐུ་འཇམ་དབྱངས་བསྟན་དར་མཆོག་གིས་ལུང་བསྟན་གནང་བ་དང་།རང་ཉིད་ཀྱང་སྔ་མོ་ནས་སློབ་གཉེར་ལ་འགྲོ་འདོད་ཤུགས་དྲག་ཡོད་པས་རྐྱེན་བྱས་ཏེ་དགུང་ལོ་ཉི་ཤུ་བ་ལ་དབུས་ཉི་མ་ལྷ་སར་ཕེབས་ནས་འབྲས་སྤུངས་དགོན་པའི་ཆོས་གྲྭར་ཞུགས་ཏེ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་སོག་པོ་བློ་བཟང་བསྟན་འཛིན་ཚང་བསམ་སྦྱོར་གཉིས་ཀྱིས་བསྟེན་ནས་བསྡུས་གྲྭ་དང་བློ་རྟགས།ཕར་ཕྱིན།དབུ་མ།མཛོད་སོགས་གཞུང་ཆེན་མོ་དག་ལ་ཕྱོགས་རེ་ཙམ་མ་ཡིན་པར་དཔྱིས་ཕྱིན་པར་སྦྱངས།གཞན་ཡང་མཚན་སྙན་གྱི་བ་དན་སྲིད་ཞིའི་གཙུག་ན་གཡོ་བའི་དགེ་བའི་བཤེས་གཉེན་ཆེན་མོ་རྒན་ཆོས་འཕེལ་རྣམ་རྒྱལ་དང་།དགེ་བཤེས་ཡེ་ཤེས་དངོས་གྲུབ།དགེ་བཤེས་དཀོན་མཆོག་ཉི་མ་སོགས་དམ་པ་དུ་མའིམདུན་ནས་འདུལ་བ་ཆ་ཚང་གི་ཁྲིད་སོགས་ཅི་རིགས་བུམ་པ་གང་བྱོའི་ཚུལ་དུ་གསན།འོལ་ཁ་ཆོས་ལུང་དུ་གླིང་རྒྱ་བསྟན་འཛིན་རྒྱ་མཚོའི་མདུན་ནས་རྗེ་བསྟོད་འགྲེལ་ཆེན་མོའི་ཞལ་ལུང་ཞུས།རྒན་ཁོང་གིས་རང་ཉིད་ཀྱི་བསླབས་པ་ཙམ་དུ་མ་ཟད་འབྲས་སྤུངས་དགོན་པའི་རིག་གནས་དགེ་རྒན་གྱི་ཁུར་བཞེས་ཏེ་རྗེས་འཇུག་བུ་སློབ་མང་པོར་བསྟན་པ་རིན་པོ་ཆེ་འཕེལ་ཐབས་སུ་ཞབས་ཏོག་གང་ནུས་བསྒྲུབས།སྔ་གཞུག་ཏུ་དགེ་བཤེས་ཀོའུ་བ་བརྩོན་འགྲུས་ཚང་གི་སྤྱན་སྔར་རྩ་བ་མེ་ལོང་མའི་ཁྲིད་དང་ཨ་ཀྱ་ཡོངས་འཛིན་གྱི་སྡེབ་སྦྱོར་ཁྲིད་སོགས་གསན་བསམ་རྒྱ་ཆེར་མཛད།སྒྱིས་ཚང་བ་སྐལ་བཟང་ཡར་འཕེལ་གྱི་མདུན་ནས་སྙན་ངག་དབྱངས་ཅན་དགྱེས་གླུ་དང་བོད་མཁས་པའི་སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས་སོགས་ཀྱི་ཁྲིད་རྒྱས་པར་གསན་ནས་རིག་པའི་གཞུང་ལ་གཞན་དྲིང་མི་འཇོག་པའི་ངེས་པ་རྙེད།

དགུང་ལོ་ཉེར་བཞི་བཞེས་པ་རབ་བྱུང་བཅུ་བདུན་པའི་ཆུ་རྟ་ལོ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་འཇམ་དབྱངས་རྒྱ་མཚོ་ལས་བསྙེན་པར་རྫོགས་པས་འདུལ་བ་འཛིན་པའི་མཆོག་ཏུ་གྱུར།རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་མོ་གུང་ཐང་འཇམ་པའི་དབྱངས་དང་བདེ་ཐང་ཞབས་དྲུང་རྗེ་དཀོན་མཆོག་མཁྱེན་རབ་རྒྱ་མཚོ་རྣམ་གཉིས་ལས་གསང་བ་སྔགས་ཀྱི་དབང་ལུང་མང་ཙམ་གསན།

དགུང་ལོ་ཉེར་ལྔའི་སྟེང་རྔ་ཡུལ་སྒོ་མང་དགོན་དུ་ཞུགས་ནས་སླར་ཡང་རྟགས་རིགས་ནས་བཟུང་གཞུང་ཆེན་བཀའ་པོད་ལྔར་སྦྱང་བ་བྱས།དགེ་བའི་བཤེས་གཉེན་ཡར་འཕེལ་མཚན་ཅན་དང་དགེ་བཤེས་ཆོས་རྗེ་རྣམ་གཉིས་ཀྱི་དྲུང་དུ་གཞུང་ཆེན་དེ་དག་ལ་ཐོས་བསམ་མཐའ་འཁྱོལ་བ་གནང་།ཧྭར་བ་འཇམ་དབྱངས་བློ་གྲོས་ཚང་གི་མདུན་ནས་དགའ་ལྡན་ལྷ་བརྒྱ་མའི་ཉམས་ཁྲིད་དང་སུམ་རྟགས་སོགས་ཀྱི་ཁྲིད་མང་དུ་ཞུས།ཁྱད་པར་དུ་གཙང་དཀའ་ཆེན་པ་བློ་བཟང་ཕུན་ཚོགས་ཀྱི་མདུན་ནས་རྣམ་འགྲེལ་ཐར་ལམ་གསལ་བྱེད་ཀྱི་ཁྲིད་རྒྱུན་ཡོངས་སུ་གསན་ཅིང་།རྔ་བ་སྒྲ་རམས་པ་སྐལ་བཟང་ངག་དབང་དམ་ཆོས་ལགས་ཀྱི་མདུན་ནས་ལོ་ངོ་གསུམ་གྱི་ཡུན་ལ་སྒྲ་ཀ་ཙན་དབྱངས་གསུམ་པ་ཎི་བ་དང་བཅས་སྦྱང་བ་དཔྱིས་ཕྱིན་པ་མཛད།

རྩིས་རམས་པ་རང་བྱུང་རྒྱ་མཚོའི་དྲུང་ནས་སྐར་རྩིས་ཀུན་འདུས་ནོར་བུའི་ཁྲིད་ཆ་ཚང་ཐོབ།སྤྱི་ལོ༢༠༠༧ལོར་མདོ་ཁམས་འཇང་དགུན་ཆོས་ཚོགས་ཆེན་མོར་ཕེབས་ནས་མཁས་མང་འདུས་པ་རྒྱ་མཚོའི་དབུས་ནས་ཚད་མ་རྣམ་འགྲེལ་གྱི་གཞུང་གི་བགྲོ་གླེང་མཛད།རྫ་སེར་ཤུལ་དགོན་གྱི་དགེ་བཤེས་ངག་དབང་ལེགས་འོང་ལས་སེམས་བསྐྱེད་མཆོད་པ་འཐོབ་ཅིང་ཁམས་སོགས་དེ་གའི་གྲྭ་ས་མང་བོར་གྲྭ་སྐོར་དུ་ཕེབས།སྤྱི་ལོ༢༠༠༨ལོར་རྗེ་འཇམ་དབྱངས་རྒྱ་མཚོ་ཚང་ལས།ཚེ་དབང་འཆི་མེད་རྡོ་རྗེའི་སྲོག་ཤིང་སོགས་དབང་རྗེས་གནང་མང་བོ་དང་།གུང་ཐང་ཡོངས་འཛིན་ཚང་ལས་སྔགས་རིམ་ཆེན་མོའི་བཤད་ལུང་།རྗེ་བློ་བཟང་རྒྱ་མཚོ་ཚང་ལས་འཕགས་པ་བརྒྱད་སྟོང་བ་མཆན་སྦྲག་གི་ཁྲིད་རྒྱུན།གསོ་རིག་བསྟན་པའི་མངའ་བདག་ཁོང་ཨ་ཁུ་བསྟན་ཁོ་ཚང་ལས་གསོ་རིག་གི་རྩ་བ་ཐུགས་རྒྱུད་དང་བཤད་རྒྱུད་སྡོང་འགྲེམ་དམར་ཁྲིད་ཀྱི་ཁྲིད་རྒྱུན་སོགས་ཞུས།སྤྱི་ལོ༢༠༠༩ལོར་རྗེ་བློ་བཟང་རྒྱ་མཚོ་ཚང་ལས་གུང་ཐང་བསྟན་སྒྲོན་པའི་གསུང་འབུམ་ལས་ལུང་མང་བོ་དང་།གཡུ་ཐོག་སྨན་དབང་ཆེན་མོ་ཐོབ།རྗེ་རྔ་བ་གྲགས་པ་ཚང་ལས་རྗེའི་བསྟོད་འགྲེལ་ཆེན་མོའི་བཤད་ལུང་།བླ་ཕྱག་སྦྲག་མའི་ཁྲིད།བདེ་མཆོག་གི་དབང་སོགས་ཞུས།རྔ་བ་ནས་སྒྲ་རམས་པ་ཆེན་མོ་རྗེ་བསྐལ་བཟང་ངག་དབང་དམ་ཆོས་ཚང་ལས།པྲ་ཏིའི་སུམ་རྟགས།ཡང་གསལ་སྣང་མཛོད།བློ་གསལ་དགའ་སྟོན།འབྱུང་རྩིས།སྒྲ་མདོའི་བྱིངས་སྒྲུབ།སྔགས་བཀླག་ཐབས་བཅས་ཀྱི་ཁྲིད་རྒྱུན་ཞུས།རྗེ་ཧྭར་བ་འཇམ་དབྱངས་བློ་གྲོས་ཚང་ལས་སྤྱོད་འཇུག་ཆེན་མོའི་བཤད་ལུང་།འདུལ་བ་མདོ་རྩའི་ལུང་ཁྲིད།འཕོ་ཁྲིད།རྟེན་འབྲེལ་བསྟོད་པའི་བཤད་ལུང་།དགེ་བཤེས་ཆོས་རྗེ་ཚང་ལས།རྩ་ཤེས་ཊིཀ་ཆེན་གྱི་ཁྲིད་རྒྱུན་ཞུས།དངུལ་རྭ་ནས་རྩིས་རམས་པ་དཀོན་མཆོག་ཡེ་ཤེས་ཚང་ལས་རྒྱ་ཞབས་དྲུང་ཚང་གི་སྐར་རྩིས་ཀྱི་ཁྲིད་རྒྱུན་ཞུས།བིས་མདོ་ནས་དགེ་རྒན་རིན་པོ་ཆེ་ཡེ་ཤེས་དངོས་གྲུབ་ཚང་ལས་ལམ་རིམ་བསྡུས་དོན་སོགས་ཀྱི་ལུང་ཁ་ཤས་ཞུས།

སྤྱི་ལོ༢༠༡༠ལོར་རྗེ་འཇམ་དབྱངས་རྒྱ་མཚོ་ཚང་ལས་སྒྲུབ་ཐབས་རིན་འབྱུང་གི་རྗེས་གནང་སུམ་བརྒྱ་ལྷག་དང་།སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་།འདུལ་སྡོམ་བཤད་ལུང་ཞུས།དགེ་བཤེས་ཆོས་རྗེ་ཚང་ལས་དྲང་ངེས་དབུ་མའི་སྐོར་དང་།བསམ་གཟུགས་ལེགས་བཤད་བུམ་བཟང་།ཀུན་གཞི་རྩ་བའི་ཁྲིད་རྒྱུན་ཞུས།རྗེ་བསོད་ནམས་རྒྱ་མཚོ་ཚང་ལས་ལམ་རིམ་དང་སྔགས་རིམ་ཆེན་མོའི་བཤད་ལུང་ཆ་ཚང་ཞུས།གུང་ཐང་ཡོངས་འཛིན་ཚང་ལས་བླ་མཆོད་ཀྱི་ཁྲིད་ཞུས།སྒྲ་རམས་པ་རྗེ་དམ་ཆོས་ཚང་ལས་དབྱངས་འཆར་གྱི་ཁྲིད་རྒྱུན་ཞུས།

སྤྱི་ལོ༢༠༡༡ལོར་རྗེ་འཇམ་དབྱངས་རྒྱ་མཚོ་ཚང་ལས།གཤེད་དམར་གྱི་དབང་སོགས་དབང་ཆེན་མང་བོ་དང་།སྣར་ཐང་བརྒྱ་རྩ་དང་།བ་རི་བརྒྱ་རྩ་སོགས་མང་དུ་ཞུས།རྒན་བཟོད་པ་ཚང་ལས་ས་དཔྱད་ཀྱི་ཁྲིད་རྒྱུན་ཞུས།གུང་ཐང་ཡོངས་འཛིན་ཚང་ལས་གསང་འདུས་འགྲེལ་བ་བཞི་སྦྲག་གི་བཤད་ལུང་ཞུས།སྐུ་འབུམ་དུ་དགེ་རྒན་རིན་པོ་ཆེ་ཡེ་ཤེས་དངོས་གྲུབ་ཚང་ལས།གསང་ཆེན་རྒྱུད་སྡེ་བཞིའི་སྡོམ་ཚིག་གི་ཁྲིད་རྒྱུན་ཞུས།ཁོ་ཚེ་རུ་རྗེ་འཇམ་དབྱངས་ཚང་ལས་དུས་འཁོར་དབང་ཆེན་ཐོབ།རྗེ་ལྷ་རམས་པ་ཡོན་ཏན་རྒྱ་མཚོ་ཚང་ལས་རྩ་ཤེས་ཊིཀ་ཆེན་རྩ་འགྲེལ་སྦྲག་པ།རྒྱལ་དབང་གཉིས་པའི་དྲང་ངེས་དང་འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་བའི་ཁྲིད།རྒྱལ་སྲས་ལག་ལེན་སོ་བདུན།སྡོམ་གསུམ་བསླབ་བྱ།འཇུག་འགྲེལ་དགོངས་པ་རབ་གསལ།འཇུག་པ་རང་འགྲེལ།འགྲེལ་བ་དོན་གསལ་བཅས་ཀྱི་ཁྲིད་ཐོབ་ཅིང་།རྗེ་གསེར་རྟ་གྲགས་པ་ཚང་ལས་ཞྭ་དམར་ལྷག་འགྲེལ།འདུལ་སྡོམ་འགྲེལ་བའི་བཤད་ལུང་།ཞྭ་དམར་ལམ་རིམ།མེ་ཏོག་བཅུད་ལེན།རྗེ་ཞང་སྟོན་བསྟན་པ་རྒྱ་མཚོའི་གསུང་འབུམ་གྱི་ལུང་སོགས་ཞུས།རྗེ་འཇམ་དབྱངས་རྒྱ་མཚོ་ཚང་ལས་ཁོང་གི་ཕར་ཕྱིན་མཐའ་དཔྱོད་ཀྱི་ཁྲིད་རྒྱུན།གུང་ཐང་ཡོངས་འཛིན་ཚང་ལས།འཁོར་ཆེན་གྱི་དབང་དང་།ཚེ་དབང་།གུང་ཐང་བློ་གྲོས་ཀྱི་རྟགས་རིགས་དང་འབའ་ལིང་ཚང་གི་རྟགས་རིགས་ཀྱི་ཁྲིད་རྒྱུན་ཞུས།སྤྱི་ལོ༢༠༡༣ལོར་གུང་ཐང་ཡོངས་འཛིན་ཚང་ལས་ལམ་རིམ་མཆན་བཞི་མའི་ཁྲིད་རྒྱུན་དང་།ཀུན་རིག་དང་ཀྱེ་རྡོར་གྱི་དབང་ཞུས།སྐུ་འབུམ་དུ་དགེ་རྒན་རིན་པོ་ཆེ་ཡེ་ཤེས་དངོས་གྲུབ་ཚང་ལས་དབལ་མང་སྔགས་སྤྱིའི་དཔེ་ཁྲིད་ཞུས།བླ་བྲང་དུ་རྗེ་འཇམ་དབྱངས་རྒྱ་མཚོ་ཚང་ལས་རྗེ་ཤེས་རབ་རྒྱ་མཚོའི་གསུང་འབུམ་གྱི་ལུང་ཞུས།རྔ་ཡུལ་ནས་སློབ་དཔོན་རིན་པོ་ཆེ་སྒྲ་རམས་པ་དམ་ཆོས་ཚང་ལས་གུང་ཐང་བློ་གྲོས་ཚང་གི་བློས་བསླངས་རྣམ་བཞག་གི་ཁྲིད་རྒྱུན་ཞུས།དགེ་བཤེས་ཆོས་རྗེ་ཚང་ལས།གླང་སྨྱོན་འདུལ་བའི་ལྕགས་ཀྱུ་དང་།སྐབས་བཞི་བའི་སྡོམ་གྱི་ཁྲིད་ཞུས།སྤྱི་ལོ༢༠༡༤ལོར་གུང་ཐང་ཡོངས་འཛིན་ཚང་ལས་ཨ་ཀྱ་ཡོངས་འཛིན་གྱི་སྔགས་ཀྱི་ས་ལམ་ཞུས།རྗེ་འཇམ་དབྱངས་རྒྱ་མཚོ་ཚང་ལས་བདེ་གསང་འཇིགས་གསུམ་གྱི་བསྐྱེད་རྫོགས་ཀྱི་བཤད་ལུང་ཞུས།དགེ་བཤེས་ཆོས་རྗེ་ཚང་ལ་མཛོད་ཀྱི་ལུང་དང་སྔགས་ཀྱི་ས་ལམ་གྱི་དཔེ་ཁྲིད་ཞུས།གཅན་ཚ་ནས་རྗེ་ངང་རོང་དམ་ཆོས་ཚང་ལས་ཨ་ཀྱ་ཡོངས་འཛིན་དབྱངས་ཅན་དགའ་བློའི་གསུང་འབུམ་གྱི་ལུང་དང་།གསོ་རིག་རྒྱུད་བཞིའི་ལུང་།ན་བཟའི་བེའུ་བུམ།སྒྲོལ་མའི་བསྐྱེད་རྫོགས།རྭ་པོཏ།དཔལ་པོཏ།ལྕམ་སྲིང་བེའུ་བུམ།སྐྱབས་ཁྲིད།མཁའ་སྤྱོད་མའི་བསྐྱེད་རྫོགས་ཀྱི་ལུང་ཞུས། གུང་ཐང་ཡོངས་འཛིན་ཚང་ལས་ཐུགས་རྗེ་ཆེན་པོའི་དབང་སོགས་ཞུས།

སྤྱི་ལོ༢༠༡༥ལོར་གཅན་ཚ་ནས་རྗེ་ངང་རོང་དམ་ཆོས་ཚང་ལས།འཇིགས་བྱེད་ཐེམ་སྐས་བཅོ་བརྒྱད།ཆོས་རྒྱལ་ཡང་གསང་གི་བེའུ་བུམ།རིག་བྱེད་མའི་བེའུ་བུམ།ལྷུན་གྲུབ་པཎ་ཆེན་གྱི་འཇིགས་བྱེད་བསྐྱེད་རྫོགས།རྟ་མགྲིན་ཆོས་སྐོར།དམ་ཅན་བེའུ་བུམ།མཁའ་སྤྱོད་མའི་བེའུ་བུམ་ཞུས།རྗེ་འཇམ་དབྱངས་རྒྱ་མཚོ་ཚང་ལས་དུས་དབང་གནང་བ་ཐོབ།སྤྱི་ལོ༢༠༡༦ལོར་རྗེ་གསེར་རྟ་གྲགས་པ་ཚང་ལས་ཀུན་མཁྱེན་འཇིགས་མེད་དབང་བོའི་གསུང་འབུམ་གྱི་ལུང་ཞུས།རྗེ་ངང་རོང་བ་ཚང་ལས་རས་ཆུང་སྙན་བརྒྱུད་ལས་ཀ་པོད་ཙམ་དང་།སྟག་ཕུའི་དག་སྣང་བཅུ་གསུམ་ཞུས།རྗེ་འཇམ་དབྱངས་རྒྱ་མཚོ་ཚང་ལས་བདེ་གསང་འཇིགས་གསུམ་གྱི་དབང་ཆེན་ཞུས།སྤྱི་ལོ༢༠༡༧ལོར་གུང་ཐང་ཡོངས་འཛིན་ཚང་ལས་རིམ་ལྔ་གསལ་སྒྲོན་གྱི་བཤད་ལུང་།བདེ་གསང་འཇིགས་གསུམ་གྱི་བསྐྱེད་རིམ་གྱི་ཁྲིད།སྦས་དོན་ཀུན་གསལ་གྱི་བཤད་ལུང་།སེམས་བསྐྱེད་མཆོད་པ།བཀའ་གདམས་གསུང་སྒྲོས་ཐོར་བུའི་བཤད་ལུང་།རྟེན་བསྟོད་བཤད་ལུང་།རྗེ་ངང་རོང་དམ་ཆོས་ཚང་ལས་རྣམ་སྲས་བེའུ་བུམ་གྱི་ལུང་།དར་མོ་སྨན་རམས་པའི་མན་ངག་བཀའ་རྒྱ་མའི་ལུང་།རྗེ་འཇམ་དབྱངས་རྒྱ་མཚོ་ཚང་ལས་རྡོར་དབྱིངས་ཀྱི་དབང་།རྒྱལ་ཐང་བའི་གཅོད་དབང་ཞུས།སྤྱི་ལོ༢༠༡༨ལོར་གུང་ཐང་ཡོངས་འཛིན་ཚང་ལས་དགའ་ལྡན་འཕོ་ཁྲིད།རྗེ་བླ་ཁོ་ཚང་གི་སྤྱོད་འཇུག་འགྲེལ་བའི་ཁྲིད།བདེ་མཆོག་རབ་འབྱམས་ཀྱི་དབང་།རྗེ་གསེར་རྟ་གྲགས་པ་ཚང་ལས་དབལ་མང་གསུང་འབུམ་ལས་ཉེར་མཁོའི་ལུང་ཞུས།སྤྱི་ལོ༢༠༡༩ལོར་གུང་ཐང་ཡོངས་འཛིན་རིན་པོ་ཆེ་ལས།དབུ་མའི་སྟོང་ཐུན་ཆེན་མོའི་བཤད་ལུང་།རྣམ་བཤད་སྙིང་རྒྱན་གྱི་བཤད་ལུང་རྒྱས་པ།ཐོག་མའི་བློ་སྦྱོང་གི་ཁྲིད།རྟོགས་བརྗོད་འདུན་ལེགས་མའི་བཤད་ལུང་།དུས་འཁོར་སྦྱོར་དྲུག་གི་ཁྲིད་ལག་རྗེས་དང་བཅས་པ།ལམ་རིམ་མྱུར་ལམ་ཞུས།གསེར་རྟ་གྲགས་པ་ཚང་ལས་དབལ་མང་གསུང་འབུམ་ལས་ཉེར་མཁོའི་སྐོར་གྱི་ལུང་།རྗེ་ངང་རོང་བ་ཚང་ལས་ལྷུན་གྲུབ་པཎ་ཆེན་གྱི་འཇིགས་བྱེད་བསྐྱེད་རྫོགས་ཀྱི་ལུང་།རྒྱལ་བ་དབེན་ས་བའི་གསུང་འབུམ།ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱི་གསུང་འབུམ།གཞི་གསུམ་ཆོ་གའི་བཤད་ལུང་སོགས་ཞུས་སོ།།

མདོར་ན་སྤྱི་ལོ༢༠༠༨ལོར་བླ་བྲང་བཀྲ་ཤིས་འཁྱིལ་ནས་རྗེ་འཇམ་དབྱངས་རྒྱ་མཚོ་མཆོག་དང་རྔ་བ་གྲགས་པ་ཚང་།གུང་ཐང་ཡོངས་འཛིན་རྗེ་དཔལ་ལྡན་ཚང་།རྗེ་བློ་བཟང་རྒྱ་མཚོ་སོགས་སྐྱེས་བུ་དམ་པ་མང་པོའི་མདུན་སར་ཆོས་བཀའ་ཅི་རིགས་གསན།

སྤྱི་ལོ༢༠༠༩ནས་༢༠༡༨བར་དུ་༧མགོན་དགེ་བའི་བཤེས་གཉེན་མཁས་གྲུབ་ཉིས་ལྡན་དག་ལས་རང་ཉིད་ཀྱིས་དབང་ལུང་མན་ངག་གི་ཁྲིད་རྒྱུན་མང་དུ་ཞུས་ཤིང་།གཞན་ལ་ཡང་སི་ཁྲོན་རྔ་ཡུལ་ཨ་འདུས་དགོན།མཚོ་སྔོན་མགོ་ལོག་ཤར་འོད་དགོན་དང་།གཅིག་སྒྲིལ་ཁང་སར་དགོན།བོད་ལྗོངས་མཛོད་རྩེ་དགོན།ཀན་སུའུ་ཅོ་ནེ་ཆས་པ་རྒྱ་མཁར་དགོན་དང་།མཛོད་དགེ་སྒར་གསར་དགོན།རྒན་གྱའི་བྲག་དཀར་དགོན་སོགས་སུ་མདོ་སྔགས་རིག་གནས་ཀྱི་འཆད་སྤེལ་དང་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་དང་ཡ་རབས་ཀུན་སྤྱོད་ཀྱི་སློབ་གསོ་དང་།ལོང་ནམ་ཡོད་ལ་མདོ་སྔགས་རིག་གནས་ལོ་རྒྱུས་སོགས་ལ་དཔྱད་རྩོམ་ཅི་རིགས་རེ་སྤེལ་བཞིན་པའི་སྐབས་ལགས་སོ།།

ད་ལྟའི་བར་དུ་དཔར་སྐྲུན་བྱས་ཟིན་པའི་གསུང་རྩོམ་ལ་གདན་རབས་ལོ་རྒྱུས་ཀྱི་སྐོར་ནས་«རྔ་ཡུལ་ཨ་འདུས་དགོན་པའི་གདན་རབས་ལོ་རྒྱུས»«རྒན་གྱའི་བྲག་དཀར་དགོན་པའི་གདན་རབས།»«ཨ་མདོ་ལྷ་ཁང་ཀ་མེད་ཀྱི་དཀར་ཆག»«མདོ་སྨད་རྒན་གྱའི་ལོ་རྒྱུས་སྔོན་བྱུང་གསལ་བའི་མེ་ལོང་།»«དྭགས་པོ་གྲྭ་ཚང་གི་གདན་རབས་རྣ་བའི་མཛེས་རྒྱན།»སོགས་དང་།གཞུང་འགྲེལ་ཀྱི་སྐོར་ལ་«རྣམ་འགྲེལ་མཐའ་དཔྱོད་ཀྱི་མཆན་འགྲེལ་ཀུན་མཁྱེན་ཞལ་ལུང་།»དང་«ཡང་དག་རིག་པའི་ངར་སྐད།»«ལེགས་བཤད་གསེར་ཕྲེང་གི་མཆན་འགྲེལ་རྩོམ་འཕྲོ།»«བྱང་ཆུབ་ལམ་རིམ་ཆེན་མོའི་བརྗེད་བྱང་དྲང་སྲོང་བཤུལ་ལམ།»«སྔགས་རམས་ཆེན་མོའི་བརྗེད་བྱང་རིག་འཛིན་བཤུལ་ལམ།»«གྲུབ་མཐའ་རྩ་བའི་གསལ་འགྲེལ»«ལེགས་བཤད་ཉི་མའི་སྣང་བ།རྟེན་འབྲེལ་རྣམ་བཤད།»«ཀུན་ཕན་རིག་པའི་འོད་སྣང་།»«མདོ་གདུགས་སྒྲོལ་གསུམ་གྱི་འགྲེལ་བ།»« མདོ་སྔགས་ཉམས་ལེན་སྐོར་གྱི་བརྗེད་བྱང་»སོགས་དང་།རྣམ་ཐར་གྱི་སྐོར་ལ་«འཇམ་མགོན་ཙོང་ཁ་བ་ཆེན་པོའི་མཛད་རྣམ་དོགས་གཅོད་དང་བཅས་པའི་སྐོར།»«ཅོ་ནེ་བླ་མ་རིན་པོ་ཆེ་ཆས་པ་བློ་བཟང་རྒྱ་མཚོའི་རྣམ་ཐར།»«མགར་རྩེ་སྦྱིན་པ་ཚང་གི་རྣམ་ཐར»«དཔའ་རིས་རབ་གསལ་ཚང་གི་རྣམ་ཐར།»«ལྷ་མོ་ཚུལ་ཁྲིམས་ཚང་གི་རྣམ་ཐར།»མདོ་སྔགས་རྣམ་ཐར་སྐོར་གྱི་ཆེད་རྩོམ། མདོ་སྨད་རྒན་གྱའི་སྤྱི་བླ་གུང་རུ་མཁའ་འགྲོ་མ་སྐུ་ཕྲེང་རིམ་གྱི་རྣམ་ཐར། བིས་མདོའི་ལྷ་གཞིས་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར།རིགས་གྲྭ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར།ཀུན་མཁྱེན་ཡབ་སྲས་ཀྱི་རྣམ་ཐར་སོགས་དང་།གཞན་«བརྡ་སྤྲོད་དཀའ་འགྲེལ།»«ས་རྩིས་སྒྲ་ཚད་ལོ་རྒྱུས་སྐོར་གྱི་ཆེད་རྩོམ་ཕྱོགས་བསྒྲིགས།»སོགས་བཞུགས་སོ།



ཞེས་སྤྱི་ལོ་༢༠༡༨ལོའི་ཧོར་ཟླ་༡༢པའི་ཚེས་༨ནས་ཟླ་འདིའི་ཚེས་༨ཉིན་གྱི་ཕྱི་དྲོའི་ཆུ་ཚོད༣དང་ཕྱེད་ཙམ་གྱི་བར་དུ་རྒན་གྱའི་བྲག་དཀར་དགོན་པའི་གདན་རབས་ལོ་རྒྱུས།དང་ཀུན་ཕན་རིག་པའི་འོད་སྣང་།གཉིས་གཞི་བྱས་ཏེ་རྒན་ཚང་ལ་བཀའ་འདྲི་ནན་ཞུས་ཀྱིས་ས་བོན་ཙམ་གནང་བ་བཅས་བསྒྲིགས་པར་བྱེད་པ་འདིའང་དགོས་གལ་ཙམ་དུ་མ་ཟད་རྒྱུ་མཚན་ཆེད་དམིགས་ཀྱིས་མཇུག་རྫོགས་པར་བྱས་སོ།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།