སྒོ་མང་གདན་རབས་སུ་གསལ་བའི་ཀུན་མཁྱེན་དྲུག་པ་ཆེན་པོའི་མཛད་རྣམ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2021-05-12 23:12:29     རྩོམ་པ་པོ།   ལྡོང་ཡོན་ཏན་རྒྱ་མཚོ།    ཀློག་ཐེངས།  

༤ཀུན་མཁྱེན་དྲུག་པ་ཆེན་མོ་རྗེ་བཙུན་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་ཚང་གིས་གཟིགས་སྐྱོང་གནང་ཚུལ།

ཀུན་མཁྱེན་བཞད་པའི་རྡོ་རྗེ་དེ་ཉིད་ཀྱིས་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོས་ཉེ་བར་དགོངས་ཏེ་སླར་ཡང་རང་ཅག་རྣམས་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་དུ་སྤྲུལ་བའི་རོལ་གར་བསྒྱུར་བ།རྒྱལ་བསྟན་དུས་ཀྱི་འགྲོས་དང་མཐུན་པར་སྐྱོང་བ་ལ་འགྲན་པའི་ཟླ་དང་བྲལ་བ་༧རྗེ་བཙུན་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་བོ་མཆོག་ནི།རབ་བྱུང་བཅུ་དྲུག་པའི་ས་བྱི་སྟེ་སྤྱི་ལོ་༡༩༤༨་ལོའི་ཟླ་བཞི་བའི་ཚེས་གཅིག་ཉིན།མདོ་སྨད་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ཉེ་འགྲམ་རྐང་ཚ་གོང་མ་ཞེས་པར།ཡབ་མདོ་སྔགས་སྐྱབས་དང་ཡུམ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས།འབྲུག་འབུམ་ཐར་ཞེས་མཚན་གསོལ།དགུང་གྲངས་གསུམ་པ་ལྕགས་སྟག་ལོར།ཐུའུ་བཀྭན་རིན་པོ་ཆེས་དབུ་མཛད།བླ་སྤྲུལ་ཆེ་ཕྲ།གྲྭ་ཚང་དྲུག་གི་དགེ་འདུན་པ།སྐུ་རྩ་དམ་པ་རྣམས་དང་།རྒྱལ་བོ་ཝང་།ལྷ་སྡེ་རོང་འབྲོག་བཅས་ནས་སྐུ་གདུང་རིན་པོ་ཆེ་རྣམས་ཀྱི་སྤྱན་སྔར་གདུང་ཤུགས་དྲག་པོས་གསོལ་བ་བཏབ་སྟེ་ཀུན་མཁྱེན་ལྔ་བའི་ཡང་སྤྲུལ་ལ་ཟན་བརྟགས་པར།ཕྱོགས་བྱང་དང་།དགུང་གྲངས་ས་བྱི་ལོ་བ་བཅས་བཙལ་དགོས་ཚུལ་བབས་པས།ཚང་མས་འདུན་པ་ཆིག་སྒྲིལ་གྱིས་བཙལ་ཡང་དུས་སུ་བབས་མིན་གྱི་རྐྱེན་ལྟ་བུས་གནས་སྐབས་སུ་གསལ་ཁ་མ་རྙེད།ལྕགས་ཡོས་ལོར་གུང་ཐང་སྤྲུལ་བའི་སྐུ་དང་བླ་སྤྲུལ་གྲྭ་ཚང་།སྐུ་གོང་མའི་གཅེན་པོ་ཟི་ལེན་བློ་བཟང་ཚེ་དབང་།སྐུ་རྩ་རྒྱལ་བོ་ཝང་སོགས་མཆོད་གཞིས་ཡོངས་ཀྱི་མགྲིན་དབྱངས་གཅིག་གྱུར་སྒོས།གུང་ཐང་རིན་པོ་ཆེ་སོགས་སྐུ་འབུམ་དུ་པཎ་ཆེན་བཅུ་བ་ཆེན་མོ་དང་ཐུའུ་བཀྭན་རིན་པོ་ཆེ་ཡབ་སྲས་ལ་ཀུན་མཁྱེན་བཞད་པའི་རྡོ་རྗེའི་མཆོག་སྤྲུལ་གྱི་དོན་སྐོར་དང་གདན་འདྲེན་བཅས་ཀྱི་སྙན་སྒྲོན་ཞུས་པར།པཎ་ཆེན་ཐམས་ཅད་མཁྱེན་པ་ཡབ་སྲས་ཟུང་གིས་རྗེའི་གསེར་གདུང་ཆེན་མོའི་སྤྱན་སྔར་ཟན་བརྟགས་པས།འཁྲུངས་ཡུལ་བྱང་ཕྱོགས་དང་།དགུང་གྲངས་ས་བྱི་ལོ་བ་རྩད་གཅོད་དགོས་ཚུལ་བཅས་སྔར་དང་མཐུན་པར་བབས་པས།རྨ་ཀླུང་གི་ལྷོ་བྱང་གཉིས་ལས་བྱང་རྒྱུད་དུ་བཙལ་དགོས་ཚུལ་བཅས་ཀྱི་བཀའ་ཕེབས།ཆབ་ཆ་ནས་བཟུང་མཚོ་སྐོར་གྱིས་རྐང་ཚས་གཙོས་ཅོ་ནེ་དང་འབྲུག་ཆུ་སོགས་ཤར་རྒྱུད།ལི་ཐང་དང་ཁམས་སྡེ་དགེ་སོགས་ལྷོ་རྒྱུད།སོག་པོ་མདའ་བཅུ་གཅིག་སོགས་ནུབ་རྒྱུད་བཅས་སུ་ཞིབ་བཙལ་བྱས།མཚན་བྱང་བྲིས་ཏེ་དྲུག་པའི་ཚེས་གཅིག་ལ་སྤྱན་འབེབས་ཞུས་པར།དེ་གྲས་སུ་བཞུགས་ཡོད་ཚུལ་ཕེབས།

དེ་ནས་ཀུན་གཟིགས་པཎ་ཆེན་བཅུ་བ་ཆེན་མོ་མཆོག་ཧོར་ཟླ་དགུ་བའི་ཚེས་ཉི་ཤུར་བླ་བླང་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ཏེ།ཉེར་གསུམ་ནས་ཚེས་གཅིག་གི་བར་དུ་ཚོགས་ཆེན་ནས་ཞབས་བརྟན་བསྒྲུབས་ཤིང་།ཚོགས་ཆེན་ཁྲི་ཐོག་པ་ཧོར་ཚང་ཁྲི་ཆེན་སྤྲུལ་བའི་སྐུས་གཙོས་བླ་སྤྲུལ་དང།རྡོ་རམས་པ།ཞབས་ཞུ་བཅས་ནས་གདུང་མདུན་དུ་ཞབས་རིམ་དུ་མ་བསྒྲུབས།དགུ་བའི་ཉེར་དགུའི་ཉིན་གོང་ས་ཐམས་ཅད་མཁྱེན་གཟིགས་མཆོག་ནས།མཚན་བྱང་རྣམས་ལས་སྐུ་གསུང་ཐུགས་སྤྲུལ་དང་།དེ་ལས་ཀྱང་གཉིས་མཆོག་ཏུ་དགོངས་ནས་ཟན་རིལ་བྲི་བསྒྲིལ་སོགས་ལེགས་པར་བགྱིས་ཏེ་གདུང་མདུན་དུ་སྤྱན་དྲངས།བཅུ་བའི་ཚེས་གཅིག་གི་ནང་སྔ་མོར་སྐུ་གདུང་ཡིད་བཞིན་ནོར་བུ་རྣམ་པ་ལྔའི་སྤྱན་སྔར་མཆོད་ཚོགས་རྒྱ་ཆེན་བཅས།ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་གིས་གཙོས་ཚོགས་ཡོངས་ནས་བླ་མ་མཆོད་པ་གསུངས་བཞིན།ཐམས་ཅད་མཁྱེན་པ་རང་ཉིད་ཀྱིས་ཕྱག་བསྟར་ཏེ་ཟན་རིལ་དཀྲུགས་པས།རྐང་ཚ་གོང་མའི་ཕྱོགས་ནས་ཡབ་མདོ་སྔགས་དང་།ཡུམ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་ལ་བབས་པ་ལྟར་བསྟན་འགྲོ་ཡོངས་ཀྱི་དཔལ་མགོན་དམ་པར་ངོས་འཛིན་མཛད་ཚུལ་ཨ་བློ་སྤུན་མཆེད་ཀྱི་རྣམ་ཐར་ཞེས་པ་ལས།ཀུན་གཟིགས་མཆོག་གིས་ཀྱང་སྨོན་ལམ་གསུངས་པ་དང་མཉམམ་དུ་གསེར་བུམ་གྱི་ཞལ་ཕྱེས།གོས་སེར་བོ་ཁ་གང་གདན་དུ་བཏིང་སྟེ་ལེགས་པར་དཀྲུགས་པས་རིལ་བུ་གཅིག་ཡར་གྱིས་གོས་གདན་སྟེང་དུ་ལྡིང་བའི་ཞལ་ཕྱེ་ཞིང་མཚན་ཡིག་ལ་སྤྱན་གཟིགས་གནང་།ནང་མ་སྒང་བའི་དྲུང་ཡིག་ཆེན་མོས་གཞན་དང་མི་མཐུན་པའི་ཤོག་བུ་ཀུན་གཟིགས་མཆོག་གི་གསེར་ཐམ་གྱིས་བརྒྱན་པ་ཞིག་གི་ངོས་ལ་འདི་ལྟར་བྲིས་སོ།། ཀུན་གཟིགས་པཎ་ཆེན་ཨེར་ཏི་ནི་མཆོག་གིས་ཐུགས་ཐག་བཅད་པ་ལ། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་འཕྲེང་དྲུག་པ་རིན་པོ་ཆེ་མཚོ་སྔོན་རྐང་ཚ་སྟོད་དུ།ཡབ་མདོ་སྔགས་དང་ཡུམ་ཚེ་རིང་སྒྲོལ་མའི་སྲས་སུ་འཁྲུངས་ཤིང་།མཆོག་སྤྲུལ་ཉིད་ཀྱི་མཚན་ལ་འབྲུག་འབུམ་ཐར་དུ་ཞུའོ།།ཞེས་པའི་ཡིག་བྱང་འདུས་པ་རྒྱ་མཚོའི་ཚོགས་སུ་བསྒྲགས་པའི་མུར་དམ་འགྲིག་དང་བཅས་ཏེ་ཡིག་ཚང་དུ་བཞུགས་སུ་གསོལ་ལོ།།ཞེས་གསུངས།

པཎ་ཆེན་རིན་པོ་ཆེ་ནས་ཞབས་བརྟན་གསོལ་འདེབས་ལྗགས་རྩོམ་གནང་ཞིང་།རྗེ་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་ཞེས་མཚན་བསྩལ་བ་སོགས་སྤྱན་བསྐྱངས་བསམ་གྱིས་མི་ཁྱབ་པ་མཛད་དེ།སྐུ་འཕྲེང་སྔ་ཕྱིའི་ཐུགས་བསྐྱེད་དང་འཕྲིན་ལས་རྨད་དུ་བྱུང་བའི་དགེ་མཚན་མངོན་པར་མཛད་དོ།།

དགུང་གྲངས་ལྔ་བ་ཆུ་འབྲུག་སྟེ་སྤྱི་ལོ་་༡༩༥༢་ལོའི་གནམ་ལོ་གསར་བའི་ཚེས་བཅུ་གསུམ་ལ་སྐུ་ཡུལ་ནས་ཆིབས་ཞལ་བསྒྱུར་ཏེ།གཉིས་པའི་བཅུ་གཅིག་གཟའ་སྐར་འཕྲོད་སྦྱོར་རབ་ཏུ་དགེ་བའི་ཉིན།རྒྱ་བོད་ཧོར་གསུམ་དང་།ཞབས་གྲྭས།ནང་ཆེན་ཁག་གྲྭ་ཚང་དྲུག་གི་ཆིབས་བསུ་བས་བསུས་ཤིང་།གྲྭ་ཚང་དྲུག་གི་དགེ་འདུན་པ་རྣམས་ནས་སེར་འཕྲེང་ཞུས་ཏེ།གདན་ས་ཆེན་པོར་མི་འཇིགས་ཆོས་ཀྱི་ཁྲི་ལ་ཞབས་སྐྱེས་པདྨོ་མངའ་གསོལ་པའི་དགའ་སྟོན་རིམ་པར་བསྟར།དགེ་ལྡན་བསྟན་པའི་རྩ་ལག་མཚུངས་ཟླ་མ་མཆིས་པ་ཐུའུ་བཀྭན་སྤྲུལ་བའི་སྐུ་རིན་པོ་ཆེ་སྤྱན་དྲངས་ཏེ་ཁོང་གི་སྤྱན་སྔར་དགེ་བསྙེན་གྱི་སྡོམ་པ་བཞེས་ཤིང་།ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་དཀོན་མཆོག་བསམ་འགྲུབ་ཚང་ཡོངས་འཛིན་དུ་བསྟེན་ཏེ་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས།མཚན་ཉིད་ཀྱི་གཞུང་སོགས་ལ་སྦྱངས།

སྤྱི་ལོ་༡༩༥༥་ལོར་གོང་ས་བཅུ་བཞི་བ་མཆོག་དང་པཎ་ཆེན་བཅུ་བ་ཆེན་མོ་རྣམ་གཉིས་བླ་བྲང་བཀྲ་ཤིས་འཁྱིལ་དུ་དགྱེས་ཞལ་འཛོམས་པའི་སྤྱན་སྔར།སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་དབང་དང་དུས་འཁོར་དབང་ཆེན་སོགས་གསན་པར་མ་ཟད།གོང་ས་རྒྱལ་བའི་དབང་བོའི་ཡོངས་འཛིན་གླིང་རིན་པོ་ཆེ་ལས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས།དགུང་ལོ་དགུ་བཞེས་པ་མེ་བྱ་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ལ་གསུང་ཆོས་སུ་ཕེབས་ཏེ་འདུས་ཚོགས་ཆེས་མང་བོར།རྗེ་ཙོང་ཁ་བ་ཆེན་པོའི་བྱང་ཆུབ་ལམ་གྱི་རིམ་པའི་སྔོན་འགྲོའི་བཤད་པ་དང་།སྐྱེས་རབས་སོ་བཞི་བ།མངོན་རྟོགས་རྒྱན་བཅས་ཀྱི་དབུ་ནས་ས་ལམ་འབྲས་གསུམ་གྱི་བཤད་པ་རྒྱ་ཆེར་གནང་བས་གདུལ་བྱའི་ཡིད་ཀྱི་ཞིང་སར་ལུང་དང་རྟོགས་པའི་མྱུ་གུ་ཅིར་ཡང་བསྐྲུན་པར་མཛད་པའི་ཐོག་མའི་རྟེན་འབྱུང་གི་སྐྱེས་སུ།ཀུན་མཁྱེན་གོང་མའི་ཐུགས་སྲས་དགའ་ལྡན་ཁྲི་ཆེན་དགེ་འདུན་ཕུན་ཚོགས་ཀྱི་སྐུ་ཕྲེང་དྲུག་པ་དཔོན་སློབ་ཁྲི་རིན་པོ་ཆེ་གུང་ཐང་འཇིགས་མེད་བསྟན་པའི་དབང་ཕྱུག་དཔལ་བཟང་པོས་ཆོས་དུང་དཀར་བོ་གཡས་སུ་འཁྱིལ་བ་ཕུལ་ཏེ།དམ་པའི་ཆོས་ཀྱི་དུང་གི་སྒྲ་དབྱངས་སྙན་པོ་ལུས་ཅན་ཡོངས་ཀྱི་རྣ་བའི་བཅུད་ལེན་དུ་དུས་ཀུན་སྩོལ་བར་འགྱུར་བའི་རྟེན་འབྲེལ་ལེགས་ཚོགས་ཀྱི་སྒོ་འཕར་ཡངས་པོར་ཕྱེས།

གཞན་ཡང་།གསུང་ཆོས་དང་།སྨོན་ལམ།འཛིན་གྲྭ་གཏུགས།ཚོགས་དབུར་སོགས་ལ་ཡང་ཡང་ཕེབས་སྐབས་རྣམས་སུ་སྐྱ་སེར་གྱི་ཁྲོམ་ཅི་ཙམ་འཚོགས་ཀྱང་འཇིགས་ཞུམ་གྱི་རྣམ་པ་ཅུང་ཟད་ཀྱང་མེད་པར་འཆད་པ་ལ་ཡུན་རིང་དུ་གོམས་པའི་བླ་ཆེན་རྒན་པོ་ལྟར་གསུང་ལུགས་བབས་ཆགས་ཤིང་དང་བ་འདྲེན་པ།གསུང་མཐོ་ཞིང་གདངས་སྙན་པ།སྒྲ་དག་ཅིང་གཅོད་མཚམས་ལེགས་པས་གཞན་ལ་གོ་བ་བདེ་བླག་ཏུ་སྟེར་ནུས་པས་མཆོག་དམན་ཐམས་ཅད་ཀྱི་ཡིད་དྲངས་ཏེ་མཆོག་ཏུ་དད་པར་གྱུར་བ་ནི།ཇི་སྐད་དུ། སློབ་དཔོན་དཔའ་བོས།ཚིགས་བཟང་བ་དང་དོན་ཆེ་དང་།།བདེན་པ་དང་ནི་སྙན་པ་དང་། །ཟབ་གསལ་གཉིས་ཀའི་དོན་ལྡན་དང་། །བསྡུས་དང་སྲོས་པ་དང་ལྡན་པ། །ཞེས་དང་།ཉེ་བར་ཞི་ལ་ཡིད་དུ་འོང་།།འབར་ལ་གནོད་པ་མཛད་མི་མངའ།།དུལ་ལ་རྔམ་བརྗིད་ཆེ་བ་ཡི།།སྐུ་འདིའི་སུ་ཞིག་དད་མི་མཛད།།ཅེས་གསུངས་པའི་དོན་ཇི་བཞིན་དུ་སྣང་ལ།དེ་ལྟ་བུའི་སྐྱབས་རྗེ་གོང་མ་རྣམས་ཀྱི་རྣམ་ཐར་རྗེས་སུ་དྲན་པས་དགའ་དད་སྐྱོ་གསུམ་གྱི་འདུ་ཤེས་ལྷན་ཅིག་སྐྱེས་ཤིང་མཐོང་ཐོས་དྲན་རེག་གི་འགྲོ་བ་མཐའ་དག་ལ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ས་བོན་ཁྱད་པར་ཅན་བསྐྲུན་ཏེ་རྫོགས་ལྡན་གསར་བའི་དཔལ་ལ་བཀོད།

གདན་ས་རང་དང་།སྐུ་འབུམ་བྱམས་པ་གླིང་སོགས་ཆོས་སྡེ་དུ་མར་ཞབས་བསྐྱོད་མཛད་པའི་མུར་པཎ་ཆེན་ཐམས་ཅད་མཁྱེན་པའི་མདུན་ནས་ལམ་ཁྲིད་དང་གྲུབ་རྒྱལ་ཚེ་དབང་། འཇིགས་བྱེད་དཔའ་བོ་གཅིག་པའི་དབང་སྟ་གོན་དང་བཅས་པ། སེམས་ བསྐྱེད་མཆོད་པ་སོགས་ཆོས་བཀའ་མང་དུ་གསན་ཅིང་ཐུགས་སྲས་གཙོ་བོར་གྱུར།དེ་དག་གི་གསེང་བར་རྣམས་སུ་རྒྱའི་སྐད་ཡིག་སོགས་ཚན་རིག་དང་རིག་གནས་ལའང་སྦྱངས་པ་མཛད།

སྤྱི་ལོ་༡༩༥༨་ལོ་ནས་ལྡོག་མེད་དུས་འགྱུར་ཆེན་མོ་བར་མེད་དུ་ལྡང་བས་དགུང་གྲངས་བཅུ་ལས་སོན་མེད་པའི་ཀུན་མཁྱེན་དྲུག་པ་ཆེན་མོ་ཡང་བཟང་བཙོན་ལྟ་བུར་བཀག་ཉར་བྱས།དགུང་གྲངས་བཅུ་གཅིག་ཡས་མས་ཀྱི་བར་སྐབས་ཤིག་ལ་གོང་ནས་དགེ་བཤེས་སྐོར་ཞིག་ཚགས་བཙུགས་ཀྱིས།གསུང་རབ་མེར་མ་བསྲེགས་པར་ཁ་གཏོར་དགུ་འཐོར་དུ་བཏང་བ་རྣམས་དུས་འཁོར་འདུ་ཁང་ནང་ནས་ཕྱོགས་བསྒྲིགས་བྱས་ཀྱང་ཡུན་རིང་མ་འགོར་བར་ཐམས་ཅད་སྒྱིད་ལུག་ཏུ་གྱུར་ཡོད་ཚེ།ཡོན་གཏེར་བློ་གྲོས་རབ་ཡངས་རྣམས།།ཚིག་ཕྲེང་འདི་ལ་ལེགས་པར་གསོན།།ཁྱེད་རྣམས་དཔེ་ཆ་སྒྲིག་པ་འདིར།།དཔག་མེད་དགའ་སྤྲོ་སྐྱེ་ངོས་ནས།།ལེགས་པར་བསྒྲིག་རྒྱུའི་དཀའ་དྲིན་སྐྱོངས།།འཛད་པ་མེད་པའི་དཔེ་འདི་དག།མྱུར་ལེགས་བསྒྲིགས་ཚེ་བསྐལ་བའི་བར།།བརྟན་འཇགས་བྱེད་རྒྱུ་ཡིན་ངེས་ཤིང་།།དེ་ལྷག་ཅི་འདོད་ལྟ་བར་འཇུག།དེ་རྣམས་ཐུགས་ལ་ལེགས་དགོངས་ནས།།ཡིད་ལས་འདས་པ་མྱུར་བསྒྲིག་མཛོད།།མི་དམངས་སྤྱི་དོན་དགོས་ཕན་ཆེ།།ད་དུང་དགོས་ཕན་ཁྱད་འཕགས་མང་།།དཔེ་ཆ་མྱུར་ལེགས་གྲུབ་པ་ན།།ང་ཡི་རེ་འདོད་བསྐངས་པ་ཡིན།།བློ་གྲོས་རབ་ཡངས་ཁྱེད་རྣམས་ཀྱིས།།ཐུགས་ཀྱི་དགོངས་པ་ཆེན་པོ་མཛོད། །ལེགས་བཤད་རིན་ཆེན་ཚིག་ཕྲེང་འདི། །ཡོན་ཏན་ཕུལ་བྱུང་ཁྱེད་རྣམས་ཀྱི། །སྙན་དབང་གསེར་གྱི་བུ་ག་ལ།།ཡིད་འཛིན་ཚིག་གནད་ཞུས་པ་ཡིན།།བློ་བཟང་འཇིགས་མེད་ནས་གུས་པས་ཕུལ།།ཞེས་པ་འདི་ཤོག་ལྷེ་ཞིག་གི་ངོས་ལ་ཕྱག་བྲིས་གནང་ནས་རྩིག་ངོས་སུ་སྦྱར་སོང་བས།དགེ་བཤེས་རྣམས་མཉམ་གཅིག་ཏུ་བཤུམ་དགོས་བྱུང་།མདོ་སྨད་ལོ་རྒྱུས་ཆེན་མོར་ཡང་།གསུང་ཚིག་འདིས་དགེ་བཤེས་ཚོར་ངར་ཤུགས་བསྐྱར་མ་བསྐུལ་ཏེ་ད་ལྟ་བཞུགས་བཞིན་པའི་བཀྲ་ཤིས་འཁྱིལ་གྱི་གསུང་རབ་ཕྱག་དཔེ་སྣ་ཚོགས་པོད་ཆིག་འབུམ་ལྷག་མྱུར་སྐྱོབ་ཐུབ་པ་བྱུང་།ཞེས་བྲིས་འདུག

ཁོང་གིས་སྔ་ཕྱིར་བརྗོད་བྱ་འགང་ཆེ་བའི་གསུང་རྩོམ་ཐོལ་བྱུང་དུ་གནང་བའང་དུ་མ་ཞིག་ཡོད་པར་སྣང་།

སྤྱི་ལོ་༡༩༦༡་ལོར་བསང་ཆུ་རྫོང་སྲིད་གྲོས་ཀྱི་འགོ་འཛིན་གཞོན་པ་སོགས་ཀྱི་འགན་བཞེས།ལོ་བཅུའི་གོད་ཆག་གམ་རིག་གནས་གསར་བརྗེ་ཞེས་པའི་སྐབས་དགུང་ན་བཅོ་བརྒྱད་ལ་སོན་པའི་སྐྱབས་མགོན་དམ་པ་མཆོག་ཀྱང་སྐུ་ངལ་སྣ་ཚོགས་ལ་གཏད་པར་གྲགས་ཀྱང་འདིར་ཞིབ་བརྗོད་བྱེད་མ་ཐུབ།

སྤྱི་ལོ་༡༩༧༩་ལོར་སྲིད་ཇུས་ལ་འགྱུར་བ་ཅུང་ཟད་བྱུང་བ་ནས་སླར་ཡང་སྲིད་གྲོས་ཀྱི་ཚོགས་མི་སོགས་ཀྱི་གོ་གནས་བསྐྱར་གསོ་བྱས་ཤིང་།སྤྱི་ལོ་༡༩༨༡་ལོར་ཀྲུང་གོའི་ན་གཞོན་ཚོགས་པའི་ཚོགས་གཙོའི་འགན་བཞེས་ཏེ་འཇར་པན་ལ་ཕེབས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་མཐུན་ལེགས་བསྒྲིག་འབྱུང་བར་ཕྱག་ལས་གནང་།རིམ་བཞིན་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་།ཞིང་ཆེན་སྲིད་གྲོས་ཀྱི་གཙོ་འཛིན་གཞོན་པ།ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།ཀན་སུའུ་ནང་བསྟན་མཐུན་ཚོགས་གྱི་ཚོགས་གཙོ།ཀན་སུའུ་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་གཙོ་འཛིན་གཞོན་པ།ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭ་ཆེན་མོའི་མཚན་འཛིན་སློབ་གཙོ།ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ།བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གྲྭ་ཆེན་མོའི་སློབ་གཙོ་སོགས་ཀྱི་ལས་འགན་བཞེས་ཏེ་བསྟན་འགྲོའི་དོན་ལ་ཉིན་མཚན་ཀུན་ཏུ་ཐུགས་བྲེལ་ཆེ་བར་གྱུར།

སྔ་ཕྱིར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་འདུ་ཁང་བསྐྱར་བཞེངས་དང་།ཀན་སུའུ་ནང་བསྟན་སློབ་གྲྭ་གསར་འཛུགས།གདན་ས་རང་དང་སྔར་གྱི་དགོན་མ་ལག་བརྒྱ་རྩ་ལྷག་དང་།ད་ལྟ་གསར་དུ་སྐྱབས་འཚོལ་བའི་དགོན་སྡེ་ཡོངས་ཀྱི་འཆད་ཉན་བཤད་སྒྲུབ་ཀྱི་བྱ་བ་མཐའ་དག་དུས་དང་མཐུན་པའི་སྒོ་ནས་ཡར་རྒྱས་སུ་གཏོང་བ།འགྲིག་ལམ་ཀུན་སྤྱོད་དམ་འཛིན་གནང་བ།བླ་བྲང་བཀྲ་ཤིས་འཁྱིལ་དུ་དུས་རབས་ཀྱི་འགྲོས་དང་མཐུན་པའི་ལས་ཁུངས་མང་བོ་གསར་འཛུགས།ལྷ་སྡེ་མི་སྡེ་ཐམས་ཅད་ཀྱི་འཚོ་བ་ཡར་རྒྱས་དང་མཐུན་སྒྲིལ།ཡ་རབས་ཚུལ་མཐུན་ལ་འགོད་པ།དུས་རྟག་པར་དམན་ས་ཁོ་ན་བཟུང་སྟེ་བཞུགས་པ།དགོངས་བཞེས་ཟབ་པ།སྐྱེ་བོ་མཐོ་དམན་སུས་ཀྱང་ཐུགས་ཀྱི་གཏིང་དཔོག་དཀའ་བ།གང་གསུང་དོན་ཐོག་ཏུ་འབབ་པ།གསུང་ཟུར་རེ་རེར་ཞིབ་པར་བརྟགས་ན་ཟབ་ཅིང་བརླིང་བ།ཐུགས་གཤིས་བརྟན་ཅིང་འགྱུར་བ་མེད་པ།འཇིག་རྟེན་ལུགས་བཞིན་བཤད་ན་ ཅལ་འདྲོག་དང་ཧོལ་རྒྱུགས་རྩ་བ་ནས་མི་གནང་བ།འུད་སྒྲོག་ལ་མི་དགྱེས་པ།ཆོས་སྲིད་རིག་གནས་གང་ལའང་མཁྱེན་པ་ཉི་མ་བཞིན་འབར་བ་སོགས་ཐུན་མིན་གྱི་ཁྱད་ཆོས་དང་སྐུ་ཡོན་སོགས་བརྗོད་ཀྱིས་མི་ལོངས་པ་ལྟ་བུར་ཡོད་ལ།ད་ལྟའང་རྒྱལ་ཁམས་བདེ་ཞིང་བསྟན་པ་རྒྱས་པ།ལྟོས་བཅས་སྐྱེ་འགྲོ་མཐའ་དག་གཏན་བདེ་ཡང་དག་པའི་ལམ་དུ་འགོད་པར་ཐུགས་བྲེལ་གཞན་ལས་ཆེ་ཞིང་མཛད་འཕྲིན་འོད་སྣང་དཀར་བོ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་རིས་མེད་སྙོམས་པོར་ཁྱབ་པའི་ངང་སྐུ་ཚེ་མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན་བཞིན་པ་ལགས་སོ།

༈དེ་ལྟར་མཛད་འཕྲིན་མཁའ་དང་མཉམ་ཞིང་ཐུགས་དགོངས་མཚོ་བཞིན་ཟབ་པའི་སྐྱབས་མགོན་དྲུག་པ་ཆེན་མོ་མཆོག་གིས་ཆོས་སྡེ་འདིའི་ཆོས་སྲིད་ལུགས་གཉིས་ཀྱི་བྱ་བཞག་གང་ལའང་དུས་རྣམ་ཀུན་ཏུ་མས་བུ་ལ་བརྩེ་བ་བཞིན་དུ་གཟིགས་སྐྱོང་བླ་ན་མ་མཆིས་པ་གནང་ཚུལ་མཐའ་དག་ཞིབ་པར་བརྗོད་ག་ལ་ནུས་མོད།འདིར་ཕྲན་གྱི་མཐོང་ཐོས་དང་ཤེས་ཚོད་ཙམ་འགོད་པ་ལ།བསྟན་པ་ཡང་དར་གྱི་དུས་མགོར་དགོན་སྡེ་འདི་ཧ་ཅང་ཉམས་དམའ་བའི་སྐབས་སུ་མ་ཧཱ་པཎྜི་ཏ་རྗེ་བཙུན་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་དཔེ་ཁྲིད་དང་དབང་སྐུར་གྱི་བླ་མར་བཀས་གནང་ཞིང་།རབ་གནས་ས་

སྤྲུལ་ཏེ་སྤྱི་ལོ་༡༩༨༩་ལོར་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་བློ་བཟང་རྒྱ་མཚོ་ མཆོག་ལ་བཀའ་བསྩལ་ཏེ་དགོན་འདིའི་དགེ་རྒན་དུ་གནང་།རྟག་པར་དགོན་གྲོང་སྤྱི་རིམ་སོགས་ལ་བརྟག་ལུང་།འགྲིག་ལམ་ཀུན་སྤྱོད་དང་།མདོ་སྔགས་བཤད་སྒྲུབ་ཀྱི་དཔལ་ཡོན་གོང་དུ་སྤེལ་བར་ཐུགས་རྗེ་དུས་ལས་ཡོལ་བ་མེད་པ་མཛད་དང་མཛད་མུས་སུ་མཆིས།

སྐྱབས་རྗེ་བླ་མ་ཧྭར་བ་འཇམ་དབྱངས་བློ་གྲོས་མཆོག་གིས་གཙོས་དགོན་གྲོང་ཀུན་གྱིས་ཡང་ཡང་གསོལ་བ་བཏབ་པ་བཞིན་རབ་གནས་ཆུ་སྤྲེལ་སྤྱི་ལོ་༡༩༩༢་ལོའི་སྤྱི་ཟླ་བཅུ་བའི་ཚེས་བཅུའི་ཉིན་ཞབས་ཟུང་གསེར་གྱི་འཁོར་ལོ་གླིང་འདིར་བསྒྱུར་བས་དགོན་གྲོང་ཀུན་གྱིས་དཔག་ཚད་དུ་མའི་ལམ་ནས་ཆིབས་བསུ་དང་ཐབ་བསུ་རྒྱ་ཆེན་པོས་ཀུན་མཁྱེན་གཟིམ་ཁང་དུ་གདན་དྲངས།

ཚེས་བཅུ་གཅིག་ཉིན་དད་ལྡན་སེར་སྐྱ་ཁྲི་ཕྲག་གཉིས་ལ་ཉེ་བར་བདེ་སྨོན་གྱི་ལུང་དང་།བཅུ་གཉིས་ཉིན་པཎ་ཆེན་རིན་པོ་ཆེའི་ཡང་སྤྲུལ་མྱུར་འབྱོན།ཤམ་བྷ་ལའི་སྨོན་ལམ།དགེ་ལྡན་ལུགས་བཟང་རྒྱས་པའི་སྨོན་ལམ།བསྟན་འབར་མ་བཅས་ཀྱི་ལུང་གནང་།དགོང་མོར་དགེ་འདུན་འདུས་པའི་ཚོགས་དབུར་ཕེབས་ཏེ་ཆོས་སྲིད་ལུགས་གཉིས་ཀྱི་བསླབ་སྟོན་ཆེན་པོ་དང་།དེང་སྐབས་ཆོས་སྡེ་འདིར་ཐུགས་མཐུན་ཁྲིམས་གཙང་།འཆད་ཉན་གོང་འཕེལ་དུ་འདུག་པར་ཐུགས་དགྱེས་པའི་གསུང་གནང་།དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གིས་གསང་བདེ་འཇིགས་གསུམ་གྱི་ཆོ་ག་དང་།གསང་འདུས་རྩ་རྒྱུད།སྔགས་ཀྱི་སྤྱི་དོན།བྱང་ཆུབ་ལམ་རིམ་ཆེན་མོ་སོགས་ཀྱི་བློ་རྒྱུགས་དང་།རྨད་བྱུང་ཐོས་བསམ་གླིང་གིས་གཞུང་ཆེན་བཀའ་པོད་ལྔའི་རྩ་སྡོམ་དང་ཟུར་བཀོལ།དྲང་ངེས་ལེགས་བཤད་སྙིང་བོ། འགྲེལ་བ་དོན་གསལ། གྲུབ་མཐའ་རྩ་བ། བྱམས་ཆོས་སྡེ་ལྔ། སྤྱོད་འཇུག་ཆེན་མོ་སོགས་གཞུང་ཆེན་མང་བོའི་བློ་རྒྱུགས་ཕུལ་བར་གསན་བཞེས་དང་ཐུགས་དགྱེས་པའི་གསུང་གནང་།དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་འདུ་ཁང་ནང་དུ་ཕེབས་ནས་རབ་གནས་མཛད།

ཨ་རན་ཚོ་བ་དྲུག་དང་།མཐའ་བ་ཧུ་ར་མ་སོགས་སྤྱི་སྒེར་སོ་སོས་གདན་དྲངས་པ་བཞིན་ཕེབས་ཏེ་འདོན་ཆོས་ཅི་རིགས་དང་ཕྱག་དབང་བསྩལ།དགོན་གྲོང་ཀུན་གྱིས་སྐུ་གསུང་ཐུགས་རྟེན།གསེར་དངུལ་གཡུ་བྱུར།གོས་ཕྲུག་རྟ་ནོར་སོགས་སྒོར་ཁྲི་ཕྲག་བརྒྱ་ལྷག་གིས་འབུལ་བ་བསྟར་ཞིང་།སྐྱབས་རྗེ་ཧྭར་བ་འཇམ་དབྱངས་བློ་གྲོས་མཆོག་གིས་མཎྜལ་གྱི་བཤད་པ་ངོ་མཚར་བ་ཞུས།སྐྱབས་མགོན་མཆོག་ནས་རུ་སྡེ་གོང་འོག་དང་ཕུ་ནུའི་བར་ལ་ས་རྩོད་ཆུ་རྩོད་སོགས་མི་བྱེད་པར་འཇིག་རྟེན་ཆོས་མཐུན་གྱི་འཚོ་བར་རོལ་དགོས་པའི་བསླབ་སྟོན་གནང་སྟེ་ཕྱིར་གདན་སར་ཕེབས།

དགོན་འདིའི་རི་གྲོང་ཀུན་གྱིས་ཀྱང་སྐྱབས་མགོན་དྲུག་པ་ཆེན་མོ་ཡབ་སྲས་ཀྱིས་གཙོས་མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་དང་དེར་བཞུགས་པའི་དགེ་བའི་བཤེས་གཉེན་བསམ་གྱིས་མི་ཁྱབ་པ་དག་གི་བཀའ་དྲིན་དང་ཐུགས་རྗེ། བྱམས་རྩེ་དང་སྐུ་ཡོན་ཁོ་ན་སེམས་ནས་དྲན་ཞིང་སྙིང་དུ་སྒོམ་ཡོད་ལ།སྐྱབས་མགོན་བླ་མ་མཆོག་གིས་ཀྱང་སྐྱབས་རྗེ་ཧྭར་བ་འཇམ་ དབྱངས་བློ་གྲོས་མཆོག་གིས་གཙོས་ཡུལ་འདིའི་དགོན་པ་ལྷ་སྡེ་དང་བཅས་པ་ཐུགས་ཀྱི་ནང་མར་ཉར་ཏེ།ནམ་རྒྱུན་བཀའ་སློབ་ལམ་སྟོན་རྒྱུན་མི་འཆད་པར་གནང་དང་གནང་མུས་སུ་ཡོད།

སྤྱི་ལོ་༢༠༠༤་ལོར་སྐྱབས་མགོན་དྲུག་པ་ཆེན་མོས་བཀས་བསྐུལ་བ་བཞིན་དུ་དགོན་འདིའི་སྐྱབས་རྗེ་ཧྭར་བ་འཇམ་དབྱངས་བློ་གྲོས་མཆོག་གིས་བླ་བྲང་བཀྲ་ཤིས་འཁྱིལ་དུ་སྒང་ཁའི་རྟ་མགྲིན་ལྷ་ཁང་རྟེན་དང་བརྟེན་པ་བཅས་བཞེངས་འགོ་བརྩམས་ཏེ་སྤྱི་ལོ་༢༠༠༧་ལོར་ལེགས་པར་བཞེངས་གྲུབ་པར།སྲིད་ཞིའི་རྣམ་འདྲེན་ཀུན་གཟིགས་ཡེ་ཤེས་ཀྱི་ཉི་མ་ཆེན་མོ་སྐྱབས་མགོན་བླ་མ་དམ་པ་མཆོག་སྐུ་དངོས་སུ་ཕེབས་ཏེ་རབ་གནས་མཛད།

སྐྱབས་མགོན་དྲུག་པ་ཆེན་མོའི་བཀའི་གནང་བ་ཐོབ་ཅིང་ཐུགས་དཀོད་གང་མང་གནང་བ་བཞིན་སྤྱི་ལོ་༢༠༡༢་ལོ་ནས་སྐྱབས་རྗེ་ཧྭར་བ་འཇམ་དབྱངས་བློ་གྲོས་མཆོག་གིས་རྔ་ཡུལ་སྒོ་མང་དགོན་འདིར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་བཞུགས་གནས་ཕོ་བྲང་ཡིད་དགའ་ཆོས་འཛིན་གཞལ་མེད་ལྷ་ཡི་གཙུག་ལག་ཁང་ཆེན་མོ་བཞེངས་འགོ་བརྩམས་ཏེ་སྤྱི་ལོ་༢༠༡༧་ལོའི་ཟླ་བདུན་པའི་ཚེས་ཉེར་དྲུག་ལེགས་པར་བཞེངས་གྲུབ་པའི་དགའ་སྟོན་སྟེང་སྐྱབས་མགོན་དྲུག་པ་ཆེན་མོ་མཆོག་གིས་སྐུ་ཚབ་ཆེད་གཏོང་མཛད་པར་མ་ཟད།སྔ་ཕྱིར་རྟེན་སྐལ་དུ།ཁོང་གི་དབུ་སྐྲ་ཡུག་གཅིཞལ་འདོན་གྱི་ཐར་མདོའི་དཔེ་ཆ།བླ་བྲང་ཚོགས་ཆེན་ཁྲི་ཁའི་གདིང་བ་བྱིན་ཅན།སྐུ་འགག་ཆ་ཚང་།པཎ་དགོན་འདིར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་བཞུགས་གནས་ཕོ་བྲང་ཡིད་དགའ་ཆོས་འཛིན་གཞལ་མེད་ལྷ་ཡི་གཙུག་ལག་ཁང་ཆེན་མོ་བཞེངས་འགོ་བརྩམས་ཏེ་སྤྱི་ལོ་༢༠༡༧་ལོའི་ཟླ་བདུན་པའི་ཚེས་ཉེར་དྲུག་ལེགས་པར་བཞེངས་གྲུབ་པའི་དགའ་སྟོན་སྟེང་སྐྱབས་མགོན་དྲུག་པ་ཆེན་མོ་མཆོག་གིས་སྐུ་ཚབ་ཆེད་གཏོང་མཛད་པར་མ་ཟད།སྔ་ཕྱིར་རྟེན་སྐལ་དུ།ཁོང་གི་དབུ་སྐྲ་ཡུག་གཅིཞལ་འདོན་གྱི་ཐར་མདོའི་དཔེ་ཆ།བླ་བྲང་ཚོགས་ཆེན་ཁྲི་ཁའི་གདིང་བ་བྱིན་ཅན།སྐུ་འགག་ཆ་ཚང་།པཎ་ཆེན་བཅུ་བ་ཆེན་མོའི་གདུང་ཚ་སོགས་སོགས་སྲིད་ན་དཀོན་པ་མང་བོ་གནང་བ་ཕལ་ཆེ་བ་ཞིག་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་མཐོང་བ་ཀུན་གྲོལ་ཆེན་མོའི་གཟུངས་གཞུག་ཏུ་ལེགས་པར་བཞུགས་སུ་གསོལ་ཡོད་དོ།།

མདོར་ན།སྐྱབས་མགོན་དྲུག་པ་ཆེན་མོ་སྲིད་གསུམ་མཚུངས་པ་མེད་པའི་སྡེ་མཆོག་གི་ཐུགས་རྗེ་དང་བྱིན་རླབས་རྟ་བདུན་དབང་བོའི་འོད་ཟེར་གྱིས་བཀྲ་ཤིས་སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་དགེ་འདུན་འདུས་པ་རྒྱ་མཚོ་དང་ལྷ་སྡེ་མི་སྡེ་ཐམས་ཅད་ལེགས་པར་སྲུང་ཞིང་བསྐོར་ནས་ཡོད་ལ།གནས་འདིའི་སྐལ་ལྡན་སྐྱེ་འགྲོ་མཐའ་དག་གིས་ཀྱང་མགོན་པོ་ཁོང་ཉིད་འདི་ཕྱིའི་སྐྱབས་ མགོན་དམ་པར་བཀུར་ཏེ་རྩེ་གཅིག་ཏུ་གསོལ་བ་འདེབས་པར་མ་ཟད།ལོ་རེ་རེ་བཞིན་དགོན་གྲོང་གཉིས་ཀྱི་མི་སྣ་མང་བོ་ཆེད་དུ་སྐུ་མདུན་ལ་བཅར་ནས་འཚམས་ཞུ་དང་གདན་འདྲེན་ཞུས་པར་དུས་སུ་བབས་ཚེ་ཕེབས་པར་ཞལ་བཞེས་གནང་ཡོད་པ་ཇི་བཞིན།ཞབས་ཟུང་གསེར་གྱི་འཁོར་ལོ་མྱུར་བ་མྱུར་བར་ལྗོངས་འདིར་བསྒྱུར་ནས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྫོགས་ལྡན་གསར་བའི་དགའ་སྟོན་ལ་རེ་ཞིང་སྒུག་ནས་ཡོད་དོ།

བརྩེ་ཆེན་ཉི་མའི་འོད་ཞགས་གངས་ལ་ཟུག

བྱང་རྒྱུད་གདུལ་བྱའི་བསོད་ནམས་དཔལ་གྱིས་བསུས།

མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་རླབས་ཕྲེང་དང་།

ལྷན་ཅིག་རིན་ཆེན་དངོས་གྲུབ་དེ་ནས་བརྡོལ།

གཟིགས་པ་ལྔ་ཡི་རྣམ་ཐར་བདག་གིར་བཞེས།

རྟགས་དང་མཚན་མ་གསར་བའི་འདུ་འགོད་རྩེན།

མཐོང་བ་དོན་ལྡན་འབྲུག་འབུམ་ཐར་བའི་གཟིས།

རྐང་ཚའི་ཡུལ་ལུང་ངོ་མཚར་གཏམ་གྱིས་ཕྱུག

ཀུན་གཟིགས་སྣང་མཐའི་མགོན་པོའི་མཁྱེན་དགོངས་ཟབ།

བཀྲ་ཤིས་འཁྱིལ་བའི་ཆེ་དགུ་དད་དམ་གཙང་།

གསེར་བུམ་ལྷོད་པོར་དཀྲུགས་པའི་སྲོལ་བཟང་ལས།

སྐྱེ་དགུའི་མགོན་དུ་ཆོས་ཀྱི་ཉི་མ་འཚེར།

འཇིགས་བྲལ་རྡོ་རྗེའི་ཁྲི་འཕང་ཡངས་པའི་ཁར།

ཞབས་སེན་འཁོར་ལོའི་རེ་ཁྰས་མཛེས་བྱས་ཤིང་།

སྔོན་མེད་ལེགས་བཤད་གསར་བའི་དབྱངས་སྙན་གྱིས། །

ལུང་རྟོགས་སོན་བཟང་བསྐྲུན་པའི་མཐའ་མ་རིག

དུས་འགྱུར་འཚུབ་མས་མ་ཐུབ་གདོང་ལྔའི་དབང་།

རིས་མེད་བསྟན་པ་རྒྱས་པའི་གསོས་སུ་འགྱིང་།

ཟབ་བརླིང་འོ་མཚོ་འཕྱུར་བའི་ཐུགས་ཀློང་ན།

དུས་གསུམ་ལུང་སྟོན་ཟད་མེད་ནོར་བུ་འཛུམ།

འབྲུ་དྲུག་སྙེ་ཞགས་ལྡེམ་པའི་ལྷོ་རྒྱུད་མཐའ།

སྣ་མང་ལྟ་གྲུབ་དར་བའི་གསེར་གྱི་ལྗོངས།

དོན་མཐུན་ཁྱུ་ཚོགས་དཀྲིགས་པའི་རྔ་ཡུལ་འདི། །

དར་རྒུད་འཕོ་འགྱུར་རྒོད་པའི་བཙན་རྫོང་ཡིན།

རྒྱལ་ཀུན་མཁྱེན་རབ་དམར་སེར་ལི་ཁྲིའི་དྷིཿ།།

ངུར་སྨྲིག་འཛིན་པའི་གར་དུ་རྣམ་རོལ་བ།།

ཀུན་མཁྱེན་བཞད་པའི་རྡོ་རྗེ་ཕྲེང་བརྒྱུད་བཅས།།

འདི་ཕྱིའི་ལམ་སྣ་འདྲེན་པའི་སྐྱབས་སུ་ཐོབ།།

ཐུགས་བསྐྱེད་སྐྱ་རེངས་བུ་མོས་ལེགས་བསུས་པའི།།

སྲིད་པའི་མིག་གཅིག་ཆོ༵ས་ཀྱི༵་ཉི༵་མ༵་ཁྱོད།།

ཐུབ་བསྟན་ནམ་མཁའི་མཐོངས་སུ་གཟི་འབར་བས།།

བཤད་སྒྲུབ་པད་མ་དཀར་བོའི་དགའ་ཚལ་རྒྱས།།

མདོ་སྨད་ལྷོ་རྒྱུད་རྔ་ལྗོངས་འཛིན་མའི་ལྟོར།།

འཕྲིན་ལས་གསེར་གྱི་ས་བོན་འཐོར་དང་ལྷན།།

བཀྲ་ཤིས་སྒོ་མང་དཔག་བསམ་ལྗོན་པ་ཆེ།།

སྐྱེ་དགུའི་བསོད་ནམས་ནོར་བུའི་དཔལ་དུ་གྲུབ།།

མངོན་མཐོའི་གྲུ་གཟིངས་བསླབ་གསུམ་བ་དན་ཅན།།

ངེས་ལེགས་ནོར་གྱིས་ཕྱུར་བུར་གཏམས་བྱེད་པའི།།

སྐུ་གསུམ་རིན་ཆེན་གླིང་གི་དེད་དཔོན་ཆེས།།

སྲིད་ཞིའི་རྒུད་པའི་དབུལ་བ་ཅིག་ཅར་བསལ།།

རི་ཆུ་སྟོང་ཕྲག་མང་བོས་ཆོད་ཀྱང་ཆོག

འགལ་རྐྱེན་ཕྲ་རག་མང་བོ་གཟེངས་ཀྱང་རུང་།

བླ་སློབ་དམ་ཚིག་གསེར་སྐུད་ཕྲ་མོ་འདི།

བསྐལ་བ་བསྐལ་བའི་བར་དུ་ཆད་པ་མེད།

ལོ་ཟླ་རེས་ཀྱིས་འཁོར་བའི་ཁུགས་སོ་ནས།

དུས་ཚོད་སྐར་ཆ་རེ་རེའི་བར་གླགས་ནས།

གསེར་ཞལ་གླིང་འདིར་འཛུམ་པའི་དགའ་སྟོན་ལ། །

རེ་སྒུག་གསོལ་འདེབས་དབྱངས་རྟ་ཉམས་པ་མེད།

འཇ༵མ་དབྱང༵ས་དགྱེས་བཞ༵ད་རྣམ་པ༵་མ་འགྱུར་རྒྱ་བོད་གཞུང་ལུགས་འབུམ་ཕྲག་སྨྲ་བར་འཇིགས་བྲལ་འཇི༵གས་མེ༵ད་དབ༵ང་བོ༵འི་སྡེས།།

ཐུགས་བསྐྱེད་རི་དབང་ལྟོ་བ་ལས་ཐོན་མདོ་སྔགས་ཆོས་ཀྱི་གླུ་དབྱངས་ལེན་བཞིན་འཇི༵གས་མེ༵ད་ངེས་ལེགས་རྒྱ༵་མཚོ༵ར་འབབ།།

བསྐ༵ལ་བ་བཟ༵ང་བོའི་ལུང་དང་རྟོགས་པའི་ཐུབ༵་བསྟ༵ན་སྙིང་བོ་སྒྲུབ་དང་རྒྱུན་འཛིན་དབ༵ང་ཕྱུག༵་བརྒྱད་ལྡན་ནོར་བུས་གཏམས།།

སྲས་གཙང་སྲས་པོའི་བསྟ༵ན་པ༵འི་མཛེས་རྒྱན་བཤད་སྒྲུབ་རྒྱ༵ལ་མཚ༵ན་མཐོན་པོར་བསྒྲེངས་མཁས་ཆོ༵ས་ཀྱི༵་ཉི༵་མ༵ས་སྡེ་འདི་སྲུངས།།

ཞེས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྔ་ཡུལ་གྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་བཀྲ་ཤིས་སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་གདན་རབས་གཡས་འཁྱིལ་དུང་གི་སྒྲ་དབྱངས་ལས།ཀུན་མཁྱེན་སྐུ་ཕྲེང་རིམ་བྱོན་གྱིས་གཟིགས་སྐྱོང་གནང་ཚུལ་བརྗོད་པའི་འགྱུར་ཁུགས་ཏེ་བཞི་བའོ།

རྩོམ་སྒྲིག་པ། ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

 

བརྒྱུད་འགོད།