༧ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་འབྲོག་རུ་པ་ཚུལ་ཁྲིམས་རྒྱ་མཚོའི་རྟོགས་བརྗོད་བཞུགས་སོ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2021-04-23 22:59:57     རྩོམ་པ་པོ།   བྱ་མདོ་སྦྱིན་པ།    ཀློག་ཐེངས།  

རྗེ་འབྲོག་རུ་པ་ཚུལ་ཁྲིམས་རྒྱ་མཚོ་ནི། རབ་བྱུང་བཅོ་ལྔ་བའི་བགྲང་བྱ་ཉེར་དགུ་བ་ཤིང་ལུག་ལོར་ཡབ་གནམ་ལྷ་དང་ཡུམ་གནམ་མཚོ་སྐྱིད་གཉིས་ཀྱི་སྲས་སུ་བྱ་མདོ་འབྲོག་རུ་བོན་སྐོར་དུ་རིགས་ཕུན་སུམ་ཚོགས་པ་ལས་སྐུ་བལྟམས། ཁོང་ལ་མིང་སྲིང་དགུ་ཡོད་པ་ལས་སྐུ་སྤུན་གྲྭ་བ་འཇམ་དབྱངས་རྒྱ་མཚོ་ཟེར་བའི་དཔེ་ཆ་ཞིག་ཀྱང་ཡོད།

ཁོང་གཞོན་ནུའི་དུས་ནས་ཁྲི་ཀའི་རི་ཁྲོད་པ་ཨ་ཁུ་ཡར་འཕེལ་གྱི་འདུན་ནས་ཡི་གེ་འབྲི་ཀློག་དང་འདོན་ཆོས་སྤྱོད་སོགས་བསླབས། སྔོན་བསགས་དགེ་བའི་སྟོབས་ལས་གསང་སྟབས་ཀྱིས་ལྡེ་ཚ་བཀྲ་ཤིས་ཆོས་སྡིངས་སུ་ཕེབས་ནས་ཨ་རིག་ཡོན་ཤུལ་སྤྲུལ་བའི་སྐུ་ལས་རབ་ཏུ་བྱུང་ཞིང་དཔལ་ལྡན་བཀྲ་ཤིས་ཆོས་སྡིངས་ཀྱི་ཆོས་གྲྭར་ཞུགས་ཏེ། སྨྲ་བའི་དབང་ཕྱུག་ཧོར་ཆེན་ཡེ་ཤེས་རྒྱ་མཚོ་དང་རྗེ་ཁ་སྒང་བ་འཕྲིན་ལས་རྒྱ་མཚོ་སོགས་དགེ་བའི་བཤེས་གཉེན་མཁས་པའི་དེད་དཔོན་མང་པོ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཏེ།གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་ཤུགས་དྲག་ལ་བཟློག་ཏུ་མེད་པའི་སྒོ་ནས་བཀའ་པོད་ལྔའི་མཛུབ་ཁྲིད་གསན་ཏེ་རྒྱལ་བའི་དགོངས་དོན་མ་ལུས་པ་བརྒལ་བརྟགས་ཀྱིས་གཏན་ལ་ཕབ་ཅིང་། སྦྱངས་པ་མཐིལ་ཕྱིན་གནང་སྟེ་སྨྲ་བ་ཟླ་མེད་པའི་གོ་འཕང་མངོན་དུ་མཛད། སྒྲ་སྙན་ངག་སོགས་ཐ་སྙད་རིག་གནས་ཀུན་ལའང་སྦྱངས་པ་མི་དམན་པ་མཛད།

བླ་མ་རྡོ་རྗེ་འཆང་ཆེན་པོ་དང་ཁ་གྱ་སེམས་དཔའ་ཆེན་པོ་རྗེ་འཇམ་དབྱངས་དཔལ་ལྡན། འཇམ་མགོན་བླ་མའི་རྣམ་སྤྲུལ་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་སོགས་དགེ་བའི་བཤེས་གཉེན་བཅུ་ཕྲག་གཉིས་ལྷག་གི་ཞབས་པད་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཏེ་ཟབ་པ་དང་རྒྱ་ཆེ་བའི་ཆོས་རྒྱུན་མཐའ་ཡས་པ་གསན་བཞེས་གནང་།

རྡོ་རྗེ་འཇིགས་བྱེད་ཀྱི་གཞི་བསྙེན་ཆེན་མོ་སོགས་ལྷག་པའི་ལྷ་དུ་མའི་བསྙེད་པ་ཚད་ལྡན་མང་དུ་བཏང་ཞིང་། བླ་མའི་རྣལ་འབྱོར་སྲོག་ཏུ་བྱས་ཏེ་ལམ་ཡོངས་རྫོགས་ཀྱི་ཉམས་བཞེས་ལ་གཞོལ་བའི་མུར་ཡོན་ཆབ་བརྒྱ་ཕྲག་དུ་མ་ཉིན་བཞིན་འབུལ་བ་སོགས་བསགས་སྦྱངས་ལ་ཡང་ཆུ་བོའི་རྒྱུན་བཞིན་བརྩོན་པར་མཛད།

མེ་ཕག་སྟེ་སྤྱི་ལོ༡༩༤༧ཡས་མས་སུ་རང་ཡུལ་ཚ་རྔ་དགོན་དགའ་ལྡན་དར་རྒྱས་གླིང་དུ་ཁོང་དང་ཁོང་གི་བུ་སློབ་རེ་ཕེབས་ནས་གཞི་གསུམ་གྱི་ཆོ་ག་གསར་དུ་བཙུགས་ཤིང་། བདེ་གསང་འཇིགས་གསུམ། ཀུན་རིག་མི་འཁྲུགས་པ། ལམ་ཁྲིད་སོགས་དབང་བཀའ་ཆོས་ཅི་རིགས་དང་། སྒྲ་སྙན་ངག་སྐར་རྩིས་སོགས་ཐུན་མོང་གི་རིག་གནས་རྣམས་ཀྱང་ཁྲིད། གདན་ས་རང་དུའང་རྗེ་ཡབ་སྲས་གསུམ་དང་རྗེ་དགེ་འདུན་གྲུབ། རྒྱལ་མཆོག་བདུན་པ་དང་ཁྱ་དགེ་བློ་གྲོས་རྒྱ་མཚོ་སོགས་དམ་པ་མང་བོའི་གསུང་འབུམ་གྱི་ལུང་། ལམ་རིམ་ཆེན་མོ་དང་རྡོ་རྗེ་འཆང་གི་ལམ་རིམ། རིམ་ལྔ་གསལ་སྒྲོན་དང་སྔགས་རིམ་ཆེན་མོ་སོགས་ཀྱི་བཤད་ལུང་། བདེ་གསང་འཇིགས་གསུམ་སོགས་ཀྱི་དབང་། སྒྲུབ་ཐབས་རིན་འབྱུང་དང་བ་རི་བརྒྱ་རྩ་སོགས་རྗེས་གནང་གི་སྐོར་སོགས་སྔ་ཕྱིར་ཐེངས་མང་དུ་བསྩལ་ཅིང་། དགེ་ཕྲུག་རྣམས་ལ་བཀའ་པོད་ལྔ་དང་རིག་གནས་ཀྱི་དཔེ་ཁྲིད་ཀྱང་རྒྱུན་ཆགས་སུ་གནང་། རབ་བྱུང་དང་བསྙེན་རྫོགས་ལ་བཀོད་པ་ཤིན་ཏུ་མང་།

དེ་ལྟར་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་དེ་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ལ་ཉེ་སྐབས་ཡོ་བྱད་ཡོངས་རྫོགས་བཙོང་ནས་རྡོ་རྗེ་འཆང་གི་མཆོག་སྤྲུལ་རིན་པོ་ཆེ་རྗེ་ཞྭ་དམར་བ་བློ་བཟང་བཤད་སྒྲུབ་བསྟན་འཛིན་རྒྱ་མཚོ་དཔལ་བཟང་བོའི་འདྲ་སྐུ་དང་། རྗེ་ཡབ་སྲས་གསུམ་དང་འཁོར་དག་པ་རྣམ་བརྒྱད་ཀྱི་སྣང་བརྙན་ཤིན་ཏུ་བྱོན་ལེགས་ཀུན་ར་དང་བཅས་པ་འདུ་ཁང་ཆེན་མོའི་རབ་གསལ་དུ་གསར་བཞེངས་མཛད་ཅིང་། འདུས་པ་རྒྱ་མཚོའི་ཚོགས་ལ་མང་འགྱེད་ཕུན་སུམ་ཚོགས་པས་བསྙེན་བཀུར་ཕུལ་ཏེ། རབ་བྱུང་བཅུ་དྲུག་པའི་མེ་བྱ་ལོའི་ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་མྱ་ངན་ལས་འདས་བའི་ཚུལ་མཛད་པའོ། །

ཁོང་གི་གསུང་རྩོམ་བྱང་ཆུབ་ལམ་རིམ་དང་ཕར་ཕྱིན་ཟིན་བྲིས།ཀུན་སྤངས་སེམས་དཔའ་ཆེན་པོ་རྗེ་གསེར་ལག་པ་འཇམ་དབྱངས་རྒྱ་མཚོའི་རྣམ་ཐར་གསོལ་འདེབས་ཚིགས་བཅད་མ་སོགས་འགའ་རེ་ཡོད་པར་གླེང་ཡང་བསྟན་ལ་ཉམས་འགྲིབ་བྱུང་དུས་ཆུད་ཟོས་སུ་གྱུར།

དམ་པ་ཁོང་གི་དངོས་སློབ་ནི་ཡང་དར་བསྟན་པའི་གསལ་བྱེད་དགེ་བའི་བཤེས་གཉེན་ཆེན་པོ་ཡེ་ཤེས་རྒྱ་མཚོ་དང་དགེ་བའི་བཤེས་གཉེན་མཁས་བཙུན་རྒྱ་མཚོ་སོགས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དགོངས་དོན་དངོས་སྟོབས་རིགས་པའི་ལམ་ནས་སྨྲ་བ་ལ་གཞན་དྲིང་མི་འཇོག་པ་མང་དུ་མཆིས་སོ། དམ་པ་འདིའི་རྣམ་ཐར་ཟུར་དུ་མེད་པས་མཚོན་ཙམ་བྲིས་པ་སྟེ་རྒྱས་པར་བྲིར་མི་ལང་ངོ་།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།