སེ་རའི་དགེ་བའི་བཤེས་གཉེན་བཀྲ་ཤིས་རྒྱལ་མཚན་མཆོག་གི་རྣམ་ཐར་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2021-01-12 23:30:09     རྩོམ་པ་པོ།   གྲྭ་སྐོར་བ་བློ་བཟང་དཔལ་ལྡན།    ཀློག་ཐེངས།  

དབུས་འགྱུར་སེ་ར་ཐེག་ཆེན་གླིང་གི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བཀྲ་ཤིས་རྒྱལ་མཚན་མཆོག་གི་རྣམ་ཐར་མདོ་ཙམ་བརྗོད་པ་བཞུགས་སོ།།

 微信图片_20210112233317.jpg

     མདོ་སྔགས་གཞུང་ལུགས་རབ་འབྱམས་སྨྲ་བའི་ཁྱུ་མཆོག་བཀའ་དྲིན་མཚུངས་མེད་རྗེ་བཙུན་བཀྲ་ཤིས་རྒྱལ་མཚན་མཆོག་ནི།  སྤྱི་ལོ་༡༩༦༢ལོའི་ཟླ་༡༢ཚེས་༣ལ་དབུས་ཕྱོགས་མལ་གྲོའི་ཡུལ་དུ་སྐུ་འཁྲུངས་ཤིང་། དགུང་ལོ་ཆུང་ངུའི་དུས་ནས་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་ཕེབས་ཏེ་སློབ་གཉེར་གྱི་དབུ་ཚུགས་ཤིང་ལེགས་བཤད་འཚོལ་བ་ལ་ངོམས་པ་མི་མངའ་བའི་བརྟུལ་ཞུགས་དང་དུ་བླངས་ཤིང་།བཀའ་པོད་ལྔས་བསྡུས་པའི་འཕགས་བོད་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་དངོས་སྟོབས་ཀྱི་རིགས་པ་དྲི་མ་མེད་པས་མཐའ་ཆོད་པར་སྦྱང་བར་བྱ་བའི་ཕྱིར་བསྟན་པ་ཡོངས་རྫོགས་ཀྱི་བདག་པོ་དགེ་བའི་བཤེས་གཉེན་དུ་མའི་སྤྱན་སྔར་གཞུང་ལུགས་མཛུབ་ཁྲིད་ཀྱི་ཚུལ་དུ་གསན་བཞིན་ཉིན་མཚན་སྦྲེལ་བའི་དཔེ་གཟིགས་དང་། མཆེད་གྲོགས་རིགས་པ་སྨྲ་བ་རྣམས་དང་ལྷན་ཅིག་རྩོད་པ་རྒྱ་ཆེར་གནང་སྟེ་གནད་དུ་འགྲོ་བར་མཛད་ལ། སྔ་གཞུག་ཀུན་ཏུ་བྱམས་བརྩེའི་རང་བཞིན་གཟུགས་ཅན་དུ་མངའ་བའི་འཕགས་པ་ཉེ་བར་འཁོར་ཆེན་པོ་གནས་བརྟན་འདུལ་བ་འཛིན་པ་རྗེ་ཡེ་ཤེས་བྱམས་པ་མཆོག་དང་། མདོ་སྔགས་སྨྲ་བའི་ཁྱུ་མཆོག་རྗེ་བཙུན་ཡེ་ཤེས་དབང་ཕྱུག་སོགས་དང་། ཁྱད་པར་དུ་དུས་ཀྱི་མཐའ་ན་སྟོང་བ་རྟེན་འབྱུང་གི་དོན་དུ་སྨྲ་བ་ལ་དབང་ཐོབ་པའི་རྗེ་བཙུན་ངག་དབང་ཟླ་གྲགས་ཀྱི་ཞབས་པད་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་གསེར་རྣམ་རྟོགས་གསུམ་གྱིས་བསྡུས་པའི་ཕར་ཕྱིན་གྱི་གཞུང་། རྣམ་བཤད་ཊིཀ་ཆེན་གྱིས་མཚོན་པའི་སྡེ་བདུན་གྱི་གཞུང་། མཛོད་རྩ་དང་མཆིམས་མཛོད་སོགས་མངོན་པ་གོང་འོག་གི་གཞུང་།རིན་ཕྲེང་མཚོ་ཊིཀ་སོགས་འདུལ་བའི་གཞུང་མཐའ་ཡས་པ་ལ་མི་འཇིགས་པའི་སྤོབས་པ་ཐོབ་པར་མཛད་དོ།། ཁྱད་པར་དུ་སྲིད་པ་ཧྲུལ་བོར་བྱེད་པའི་ཐབས་འཕྲུལ་བླ་ན་མེད་པ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་དགོངས་དོན་ཕྱིན་ཅི་མ་ལོག་པར་སྟོན་པའི་ཟབ་མོ་དབུ་མའི་གཞུང་ལ་ཐུགས་བརྩོན་དཔེ་ཟླ་དང་བྲལ་བ་མཛད་དེ། རྩ་འཇུག་བཞི་གསུམ་གྱིས་མཚོན་པའི་རྒྱ་གཞུང་དང་། འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་ལྟ་བའི་ལེགས་བཤད་ཆེན་པོ་ལྔ་སོགས་འཁྲུལ་མེད་ཀྱི་བོད་གཞུང་རྣམས་ལ་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་དཔྱད་པ་མཐར་ཕྱིན་པར་མཛད་དོ།།གཞན་ཡང་དེ་དག་དང་འབྲེལ་བའི་ཡིག་ཆ་ཆེ་ཆུང་མང་བོ་བྱིན་རླབས་ཀྱི་རྟེན་དུ་བསྣམས་ཏེ་རྒྱུན་གཟིགས་དང་རྒྱུན་དཔྱོད་ཀྱི་བརྩོན་པ་དབུ་མ་མ་གཏོགས་པའི་གཞུང་གཞན་ལ་དེ་འདྲ་མཛད་པ་མ་མཇལ་ཅིང་། དེ་ཡང་ཐལ་ཕྲེང་ཙམ་རེའི་སྟེང་ནས་མགོ་མེད་མཇུག་རྡུམ་གྱི་རྩོད་པ་ཚིག་གི་ན་ཡམ་ལ་འབྱམས་ནས་ཉམས་ལེན་གྱི་གནད་དང་བཤད་བྱའི་རྩ་བ་ལ་ངེས་པ་གང་ཡང་རྙེད་རྒྱུ་མེད་པ་ད་ལྟའི་མཚན་ཉིད་པ་སྐམ་པོ་རྣམས་དང་མི་འདྲ་བར་ཚད་ལྡན་གྱི་གཞུང་དང་ཞིབ་ཏུ་སྦྱར། སྐྱོན་མེད་ཀྱི་ལུང་ལ་ཁུངས་བཅོལ། དྲི་མེད་ཀྱི་རིགས་པས་བརྡར་ཤ་བཅད་དེ་གསན་སྦྱོང་མཐིལ་ཕྱིན་པར་བགྱིས་སོ།།དེ་ལྟར་རིམ་གྱིས་སྦྱངས་ཏེ་ཡོན་ཏན་གྱི་ཁོ་ལག་ཡོངས་སུ་རྫོགས་པ་ན་འཆད་པའི་ཁུར་ཆེན་པོ་བཟུང་བར་མཛད་པའི་འབྲས་བུ་ལ་དབུས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དང་། མདོ་སྟོད་སྨད་དུ་སྐུ་འབུམ་བྱམས་པ་གླིང་དང་རེབ་གོང་རོང་བོ་དགོན་ཆེན། རྫ་སེར་ཤུལ་གཡས་གཡོན་སོགས་སུ་བུ་སློབ་འཆད་ཉན་གྱི་གཞི་འཛིན་མཁན་གྱིས་མ་ཁྱབ་པ་མེད་པའི་ཚོད་དུ་ཡོད་དོ།།རྩོད་པའི་རིགས་པའི་དབང་དུ་བྱས་ན།  གཞུང་དང་མ་འབྲེལ་བའི་བཤད་ཡམས་དང་། ཚིག་དང་མ་འབྲེལ་བའི་དོན་སྐྱོན། རིགས་པ་དང་མ་འབྲེལ་བའི་བམ་བཤད་སོགསཀྱི་སྐྱོན་ཡོངས་སུ་སྤངས་ཏེ་གསལ་དག་རྣོ་གསུམ་གྱི་གནད་ལ་འགྲིལ་བ། སྐབས་དོན་དང་འབྲེལ་བའི་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་ཁྱད་ཆོས་མ་ཚང་བ་མེད་པས་ཉེ་བར་བརྒྱན་པ་སོགས་ཀྱི་རྩོད་པའི་ང་རོ་སྒྲོག་པ་ལ་ཕྱོགས་གླང་ཆོས་གྲགས་མུ་སྟེགས་པའི་རྒོལ་བ་ངན་པ་འཇོམས་པ་ལ་ཆས་པ་ལྟ་བུ་ཡོད་པ་ནི་དབུས་ཀྱི་གདན་ས་ཆེན་པོ་གསུམ་ལ་མཐུན་སྣང་དུ་གྲུབ་པ་ཡིན་ནོ།།རྩོམ་པའི་རྣམ་གཞག་གི་དབང་དུ་བྱས་ན་རྒྱས་སྲས་ཆེན་པོ་ཞི་བ་ལྷའི་སྤྱོད་འཇུག་ཤེས་རབ་ལེའུའི་འགྲེལ་བ་དང་གཞུང་ཆེན་བཀའ་པོད་ལྔའི་དོགས་དཔྱོད་སོགས་བརྗོད་བྱའི་སྙིང་བོ་ཚང་ལ་མ་ནོར་བའི་ལེགས་བཤད་མང་དུ་བཞུགས་སོ།། དེ་ལྟར་བསྟན་པ་རིན་པོ་ཆེའི་འཁུར་ཡོངས་སུ་རྫོགས་པ་བསྣམས་ཏེ་གདན་ས་ཆེན་པོ་སེ་ར་ཐེག་པ་ཆེན་པོ་གླིང་དུ་མཁས་པ་མགུ་བའི་ལེགས་བཤད་ཀྱི་སྐྱེས་མང་དུ་སྩོལ་བཞིན་སྐུ་ཚེ་བརྟན་པར་བཞུགས་པ་ལགས་སོ།།

 

ཞེས་པ་འདི་ནི་གཞུང་ལུགས་རིགས་པ་སྨྲ་བའི་ཁྱུ་མཆོག་དགེ་བའི་བཤེས་གཉེན་ཁྲི་ག་སངས་རྒྱས་རྒྱ་མཚོས་བསྐུལ་བ་བཞིན་སྨྲ་བའི་དབང་ཕྱུག་དམ་པ་འདི་ཉིད་ཀྱི་ཞབས་རྡུལ་རྙོག་པ་མེད་པ་ལོ་ངོ་བཅུ་ཕྲག་ལྷག་ཏུ་སྤྱི་བོའི་རྒྱུན་དུ་མཆོད་པའི་གྲྭ་སྐོར་བ་བློ་བཟང་དཔལ་ལྡན་གྱིས་མདོ་སྨད་རེ་སྐོང་དུ་སྦྱར་བའོ།། 

                               ༢༠༢༠ལོའི་༨ཚེས་བཟང་བོར།<?xml:namespace prefix="o" ns="urn:schemas-microsoft-com:office:office">

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

 

 

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།