ཀླུ་ཚང་དགོན་པའི་དགེ་བའི་བཤེས་གཉེན་ཡེ་ཤེས་ཟླ་བ་མཆོག་གི་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2020-12-09 09:18:13     རྩོམ་པ་པོ།   ཀླུ་ཚང་སྨྱུག་གསར།    ཀློག་ཐེངས།  

微信图片_20201216205258.jpg

ཀླུ་ཚང་དགོན་པའི་དགེ་བའི་བཤེས་གཉེན་ཆེན་མོ་ཡེ་ཤེས་ཟླ་བ་མཆོག་གི་རྣམ་ཐར་མདོར་བསྡུས།


༄།།དགེ་བའི་བཤེས་གཉེན་ཆེན་མོ་ཡེ་ཤེས་ཟླ་བ་མཆོག་ནི།བདུད་ཤུལ་ཀླུ་ཚང་གི་གཡོན་གཞིས་སྡེ་བར་ཡབ་རྡོ་རྗེ་དང་། ཡུམ་སྒྲོལ་མ་སྐྱིད་གཉིས་ཀྱི་སྲས་སུ་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་རེ་དྲུག་པ་བོད་རབ་བྱུང་བཅུ་དྲུག་པའི་ནང་ཚན་མེ་ཕོ་རྟ་ཡི་ལོའི་ཧོར་ཟླ་ལྔ་བའི་ཚེས་ཉི་ཤུ་གསུམ་ཉིན་མང་རའི་སྟོད་ཀྱི་ཆར་གཏོགས་པ་གདར་ཆེན་མདོར་ཡུམ་ལ་ན་བ་མེད་པར་སྐུ་བལྟམས། 

སློབ་ཆུང་མཐར་ཕྱིན་རྗེས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་བྱམས་པ་འཕྲིན་ལས་ཀྱི་མདུན་ནས་ཐ་སྙད་རིག་གནས་སྤྱི་དང་ཁྱད་པར་གསོ་བ་རིག་པའི་གཞུང་ལུགས་ལ་སྦྱངས།  རྗེ་དེས་ཀྱང་དམ་པ་འདིའི་ཤེས་བརྩོན་ལ་བསྔགས་བརྗོད་མཛད་དེ་ཐུགས་ཟིན་གྱི་སློབ་བུར་གྱུར།

དགུང་ལོ་བཅུ་དྲུག་བཞེས་པ་སྤྱི་ལོ་གཅིག་དགུ་གྱ་གཉིས་ལོའི་ཧོར་ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན་འཁྱམས་རུའི་དགོན་གྱི་ཨ་ཁུ་ཆོས་དབྱིངས་ཟེར་བའི་མཆོད་ཁང་དུ་ཆོས་གྲོགས་བཅུ་དང་ལྷན་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་༧ཡེ་ཤེས་རྒྱ་མཚོ་མཆོག་གི་ཞལ་སྔ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། 

དགེ་བའི་བཤེས་གཉེན་ཆེན་མོ་གཡོན་གཞིས་དར་རྒྱས་གནས་ཀྱི་སློབ་དཔོན་དུ་བཀུར་ནས་རིམ་གྱིས་འདོན་ཆོས་སྤྱོད་ཀྱི་རིམ་པ་ཐུགས་འཛིན་བྱས་ཐོག  ཀླུ་ཚང་དགོན་བཤད་སྒྲུབ་དགེ་འཕེལ་གླིང་གི་ཆོས་སྒོར་ཞུགས།

ཐམས་ཅད་མཁྱེན་པ་རྗེ་ཡེ་ཤེས་རྒྱ་མཚོ་མཆོག་ཉིད་ལས་བསྙེན་པར་རྫོགས་ཤིང་། རྗེ་དེ་ཉིད་དང་རྡོ་རྗེ་འཆང་རྗེ་འཇམ་དབྱངས་བློ་བཟང་བསྟན་དར་དཔལ་བཟང་བོ་དང་། ཡོངས་འཛིན་བློ་བཟང་མཁས་གྲུབ་ཚང་།  གུང་ཐང་སྐུ་ཕྲེང་དྲུག་པ་བསྟན་པའི་དབང་ཕྱུག་ཚང་།  བྱེས་བཞུགས་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་ཡོན་ཏན་ཚང་།  འཇམ་པའི་དབྱངས་རྗེ་སྨོན་ལམ་རྒྱ་མཚོ།  ལྕང་སྐྱ་རིན་པོ་ཆེ་འཇམ་དབྱངས་ཤེས་རབ་དར་རྒྱས་ཚང་།  བླ་བྲང་གི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་དགེ་འདུན་རྒྱ་མཚོ་ཆེ་ཚང་།  རྗེ་དཔལ་ལྡན་རྒྱ་མཚོ་ཚང་། མགོ་ལོག་རྗེ་གྲགས་པ་ཚང་སོགས་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དུ་མ་བསམ་པ་དང་སྦྱོར་བས་ཚུལ་བཞིན་བསྟེན་ཏེ། ཁྲིད་ལུང་མན་ངག་གི་རྒྱུན་སོགས་ཀྱི་མནོག་ཆོས་མཐའ་ཡས་པ་གསན།

གོ་གཉིས་ལོར་ཀླུ་ཚང་དགོན་དུ་ཐོག་མའི་༼ཐེངས་དང་བོའི་༽ཕར་ཕྱིན་རབ་འབྱམས་པའི་དམ་བཅའི་དབུ་ཚུགས་པར་མཛད་པའི་འཛིན་གྲྭའི་སྐྱོར་དཔོན་མཛད།  

གོ་བཞི་ལོའི་ཧོར་ཟླ་གཉིས་པའི་ཚེསབཅུ་གཅིག་ཉིན་ཡུལ་ཕྱོགས་འདིའི་རིགས་ཀྱི་ཅོད་པན་རྙེ་ཐམས་ཅད་མཁྱེན་པའི་དཔོན་སློབ་ཀྱི་མཆོག་སྤྲུལ་སྐུ་འཕྲེང་དྲུག་པ་བློ་བཟང་དགེ་འདུན་ཕུན་ཚོགས་ཆོས་ཀྱི་ཉི་མའི་ཡོངས་འཛིན་དུ་བསྐོས།

གོ་བརྒྱད་ལོར་ཀླུ་ཚང་དགོན་པའི་དགེ་བསྐོས་ཀྱི་ཐུགས་འགན་བཞེས།    གོ་བཞི་ལོ་ནས་དགོན་པའི་དོ་དམ་ཨུ་ཡོན་ཁོངས་མི་དང་།  གོ་བདུན་ལོ་ནས་དོ་དམ་ཁང་གི་ཀྲུའུ་རིན་གྱི་འགན་བཞེས་ནས་ཉིས་སྟོང་བརྒྱད་བར་དགོན་པའི་ཆོས་སྲིད་ལེགས་ཚོགས་མཐའ་དག་ལ་འཐུས་ཤོར་མེད་པར་མཛད།  ཉིས་སྟོང་བརྒྱད་ལོར་དོ་དམ་ཁང་གི་ལས་གནས་ལས་དགོངས་པ་ཞུས་ཤིང་དོ་དམ་ཁང་གི་མཚན་འཛིན་ལྟ་བུར་བཞུགས་ཡོད།

གོ་དགུ་ལོར་དགོན་པའི་བརྩི་བཞག་ལོ་གཉིས་ཀྱི་རིང་ལ་ཁུར་གནང་མཛད་ཅིང་དེ་ནས་ལོ་བཞིའི་རིང་ལ་དགོངས་པ་ཞུས་ཏེ་བཞུགས་ཀྱང་ཉིས་སྟོང་ལྔ་ལོ་ནས་སླར་ཡང་དགོན་པའི་བརྩི་བཞག་གི་འགན་ད་ལྟའི་བར་དུ་གནང་།  

ཉིས་སྟོང་བཅུ་དྲུག་ལོའི་ཚེས་བཅུ་གཅིག་ཉིན་དགོན་པའི་སློབ་གཉེར་འཛིན་སྐྱོང་ཚོགས་པའི་བློ་འདྲི་ས་དང་། ཚོགས་གཙོ་གཞོན་པའི་འགན་སོགས་བཞེས། 

དགོན་འདི་ཉིད་དུ་གཞུང་བཀའ་པོད་ལྔ་དང་སྔགས་རིམ་ཆེན་མོ་སོགས་ལ་སྦྱངས་པ་མཐར་ཕྱིན་པར་མཛད་ཅིང་ཞོར་དུ་འདོན་རྟ་དབྱངས་ཐིག་རྡུལ་ཚོན་གར་ཕྱག་རྒྱ་སོགས་མ་ལུས་པར་བྱང་བར་མཛད།

ཆོས་འདུལ་བའི་ཕྱག་ལེན་ཇི་བཞིན་ཉམས་བཞེས་མཛད་པས་བླ་མ་ཐམས་ཅད་ཀྱི་ཐུགས་ཟིན་གྱི་སློབ་མར་གྱུར་ཅིང་སྙན་པའི་གྲགས་པ་ཕྱོགས་སུ་རྒྱས། 

ཐུགས་རིག་བཟང་ཞིང་སྦྱངས་བརྩོན་ཆེ་བས་རྗེ་འཇམ་དབྱངས་བློ་བཟང་བསྟན་དར་དཔལ་བཟང་བོ་མཆོག་ནས་ཀྱང་ཐུགས་རེ་ཆེན་པོས་དགོན་སྡེ་འདི་ཉིད་ཆོས་འཆད་ཉན་གྱི་འཛིན་སྐྱོང་སྤེལ་བའི་ཁུར་ཆེན་ཡོངས་སུ་གཏད་ཅིང་།  སྲིད་དུ་རིང་བའི་ལྷ་དར་དྲི་མས་མ་གོས་ཞིག་གནང་སྟེ་ལྷ་དར་འདི་ཁོང་དགུང་ལོ་བརྒྱད་ཅུ་བཞེས་བླ་བྲང་གི་ཨ་ཁུ་ལྷུན་གྲུབ་ཚང་ནས་གནང་བ་ཡིན་པས་ད་ཁྱོད་ལ་གནང་བ་ཡིན་ཞེས་གསུངས། 

དགོན་པའི་ཆོས་འཆད་ཉན་གྱི་གཟེངས་རྟགས་དང་རྫོང་རིམ་པ་དང་ཁུལ་རིམ་པ། ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་དཔོན་ཆེན་མོ་བཅས་ཀྱི་མཚན་རྟགས་བཞེས་པ་སོགས་མཛད་འཕྲིན་ཤིན་ཏུ་མང་མོད་འབྲི་བར་མ་སྤོབས།

ད་ལྟ་འཛིན་གྲྭ་མཐོ་དམན་ཐམས་ཅད་ལ་བཀའ་པོད་ལྔའི་དཔེ་ཁྲིད་ཆུ་བོའི་རྒྱུན་བཞིན་གནང་བ་དང་།དགོན་སྡེ་སྒྲིག་ལམ་ཀུན་ལའང་ལམ་སྟོན་མཛད་ཅིང་། སྔ་རྗེས་སུ་སྙིགས་དུས་ཉེ་བར་འཁོར་རྗེ་འཇམ་དབྱངས་བློ་བཟང་བསྟན་དར་དང་རབ་བྱུང་བ་མང་བོར་ལས་གྲྭ་བ་དང་།  རྙེ་དཔོན་སློབ་བསྙེན་པར་རྫོགས་དུས་གསང་སྟོན་སློབ་དཔོན་དང།   བླ་བྲང་གི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་དགེ་འདུན་རྒྱ་མཚོ་མཆོག་གི་ཞལ་སྔ་ནས་དང་། རྗེ་དཔལ་ལྡན་རྒྱ་མཚོ་མཆོག་གི་ཞལ་སྔ་ནས་བསྒྲུབ་བྱ་མང་བོར་དགེ་ཚུལ་སློང་གི་དངོས་པོ་སྩོལ་དུས་གསང་སྟོན་སློབ་དཔོན་གནང་།

ད་ལྟ་བསྒྲུབ་བྱ་མང་བོར་བར་མ་རབ་བྱུང་། དགེ་ཚུལ་གྱི་བསླབ་པའི་དངོས་བོ་སྩོལ་བཞིན། སྔར་བཞིན་འཆད་རྩོད་རྩོམ་གསུམ་དང་བྱ་བ་ལས་ཀྱི་འཁོར་ལོ་གསུམ་ལ་བརྩོན་བཞིན་བཞུགས་སོ།།

  ༢༠༢༠/༡༠/༡༠བོད་རབ་རྒྱན་ལྕགས་བྱ་ལོའི་ཟླ་བཅུ་བའི་ཚེས་བཅུ་ལ་ཁེལ་བ་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་འཁྲུངས་སྐར་དུས་ཆེན་གྱི་ཉིན་མོར་ལེགས་པར་གྲུབ་པར་བྱས་པ་འདི་ནི་ཀླུ་ཚང་དགོན་པའི་གྲལ་མཐའ་བ་ཀླུ་ཚང་སྨྱུག་གསར་དུ་འབོད་པས་བྲིས་པ་དགེའོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།