སྐུ་འབུམ་དགོན་པའི་དགེ་བའི་བཤེས་གཉེན་དཔལ་ལྡན་བློ་གྲོས་མཆོག་གི་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-12-08 23:52:53     རྩོམ་པ་པོ།   ཐ་ཀྱཱ་སྤྲུལ་མིང་འཛིན་པ།    ཀློག་ཐེངས།  

༄༅།།མདོ་སྨད་བསྟན་པའི་འབྱུང་གནས་དགའ་ལྡན་གཉིས་པ་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་ཡོངས་ཀྱི་དགེ་བའི་བཤེས་གཉེན་༧རྗེ་དཔལ་ལྡན་བློ་གྲོས་མཆོག་གི་ངོ་སྤྲོད་མདོར་བསྡུས།


微信图片_20201208232329.jpg

དཔལ་ལྡན་རྒྱལ་བ་གཉིས་པའི་རང་ལུགས་མཆོག།

སྤེལ་ཕྱིར་བཤེས་གཉེན་དམ་པའི་སྐུར་བཞེངས་པ།།

དུས་མཐར་བསྟན་པ་འཛིན་དང་སྐྱོང་བ་ལ།།

མཚུངས་མེད་བློ་གྲོས་མངའ་ལ་གསོལ་བ་འདེབས།།

ཞེས་ཤིས་པར་བརྗོད་པའི་ཚིག་གིས་མདུན་བསུས་ཏེ་གང་གླེང་བར་བྱ་བའི་གཏམ་ནི།

དེ་ཡང་རྒྱལ་བའི་ལུང་གིས་ཟིན་པའི་གནས་མཆོག་ལུམ་བིའི་དགའ་ཚལ་གཉིས་པ་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་ཆོས་སྲིད་གཉིས་ཀྱི་བདག་པོ།སྐྱབས་རྗེ་ར་ཁོ་ཧོ་ཐོག་ཐུའི་ཡོངས་འཛིན་སྨོན་ལམ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོ། ཆོས་འདུལ་བའི་བཅས་མཚམས་ཕྲ་མོ་ཡང་མིག་འབྲས་བཞིན་དུ་བསྲུངས་པའི་གནས་བརྟན་འདུལ་བ་འཛིན་པ་༧རྗེ་དཔལ་ལྡན་བློ་གྲོས་མཆོག་ནི་མདོ་སྨད་ཙོང་ཁའི་ཡུལ་གྱི་རྗེ་གསུང་འབྱོན་མ་བཞུགས་སའི་ཁྭ་ཏའི་ཁ་བའི་ཚོ་བའི་མངའ་ཁོངས་སུ་གཏོགས་པ།ཚོང་དཔོན་ནོར་བུ་བཟང་བོའི་ནོར་རྭར་གྲགས་པའི་གནས། ད་ལྟ་ནོར་ར་་སྡེ་བ་རུ་འབོད་བའི་རོང་ཁྱིམ་ཞིག་ཏུ་རབ་བྱུང་བཅུ་དྲུག་པའི་ཆུ་སྟག་སྟེ་སྤྱི་ལོ༡༩༦༢ལོར་མཆོག་གསུམ་ལ་དད་པ་རབ་ཏུ་བརྟན་པའི་ཡུམ་སངས་རྒྱས་སྐྱིད་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་འཁྲུངས།

དགུང་ལོ་དྲུག་གི་སྟེང་དུ་ས་དེའི་རྒྱ་ཡིག་གི་སློབ་ཆུང་ནས་སློབ་འབྲིང་བར་དུ་ཕེབས་ཏེ་སློབ་མཐར་ཕྱིན། སྤྱི་ལོ་༡༩༨༠ ལོར་རྗེ་གདན་ས་ཆེན་མོ་སྐུ་འབུམ་བྱམས་པ་གླིང་དུ་ཕེབས། སྤྱི་ལོ་༡༩༨༡ ལོའི་ས་ག་ཟླ་བའི་ཚེས་པ་བརྒྱད་ཉིན་ཆེ་ཤོས་ལྷ་རམས་པ་སྐུ་ཕྲེང་བཞི་བའི་དྲུང་དུ་རབ་ཏུ་བྱུང་ཞིང་མཚན་ལ་དཔལ་ལྡན་བློ་གྲོས་ཞེས་གསོལ།ཟླ་དེའི་ཚེས་པ་བཅོ་ལྔའི་ཉིན་སྐུ་འབུམ་བྱམས་པ་གླིང་གི་ཚོགས་ལ་ཞུགས།

རྗེས་སུ་མདོ་སྨད་བསྟན་པའི་བདག་པོ་༧སྐྱབས་རྗེ་ལ་མོ་ཡོངས་འཛིན་རིན་པོ་ཆེའི་དྲུང་དུ་ཐོག་མར་བོད་ཡིག་གི་འབྲི་ཀློག་ནས་འགོ་བརྩམས་ཏེ་སྐྱབས་འགྲོ་དང་ལྟུང་བཤགས། སྨོན་ལམ་སྣ་ལྔ་ཆོས་སྤྱོད་སོགས་ཚོགས་འདོན་གྱི་རིམ་པ་ལ་སློབ་པའི་སྐལ་བ་ཐོབ། སྤྱི་ལོ༡༩༨༣ ལོར་གྲྭ་ས་འདིའི་མཁས་གྲུབ་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་༧རྗེ་བཙུན་བརྩོན་འགྲུས་རྒྱ་མཚོ་མཆོག་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ།ལྟོ་གོས་ངན་ངོན་ཙམ་གྱི་འཚོ་བ་ལ་བརྟེན་ནས་བསྡུས་གྲྭ་ནས་བཟུང་གཞུང་བཀའ་པོད་ལྔ་སོགས་ལ་གསན་སྦྱངས་རྡོ་རུས་ཐུག་པ་གནང་།

སྤྱི་ལོ༡༩༨༣ ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་དགེ་འདུན་རྒྱ་མཚོ་མཆོག་གི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་མཚན་ལ་དཔལ་ལྡན་རྒྱ་མཚོ་ཞེས་གསོལ།

སྤྱི་ལོ་༡༩ ༨༤ ལོའི་ཟླ་བདུན་པའི་ཚེས་ཉེར་གཉིས་དང་ཉེར་གསུམ་ལ་དཔལ་ལྡན་བཤད་སྒྲུབ་གླིང་གི་མཁས་མང་འདུས་པའི་དབུས་སུ་བསྡུས་གྲྭ་ལྔའི་དམ་བཅའ་འཇོག་སྐབས་ཉན་བྱའི་མཚམས་སུ་རྣམ་འགྲེལ་གྱི་རིགས་པ་ངོ་མཚར་བ་དག་གིས་རང་གི་བླ་མ་གཙོས་གཟུར་གནས་མཁས་མང་ཡོངས་ལ་ཐུགས་དགྱེས་པའི་མཆོད་པ་བླ་མེད་ཕུལ་བས་སྙན་པ་ཀུན་ཏུ་ཁྱབ།

དེའི་རྗེས་ཁྲི་རབས་བརྒྱ་དང་གསུམ་པ་རྗེ་བཙུན་བླ་མ་སྐྱབས་རྗེ་༧དགེ་ཀྱཱ་རིན་པོ་ཆེ་གཙོས་གདན་ས་འདིའི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་སྐལ་བཟང་ཆོས་སྲུང་ཚང་།བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་དaaགེ་འདུན་རྒྱ་མཚོ་ཚང་།རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་ཚང་དང་།རྗེ་གྲགས་པ་རྒྱ་མཚོ་ཚང་སོགས་་བསྟན་པའི་གསལ་བྱེད་ཆེན་པོ་དག་གི་དྲུང་ནས་ཡང་སྔ་གཞུག་ཏུ།མདོ་ཕྱོགས་བཀའ་པོད་ལྔ་དང་སྔགས་ཕྱོགས་རྒྱུད་སྡེ་བཞི་སོགས།མདོ་སྔགས་ཡོངས་རྫོགས་ལ་གསན་སྦྱངས་ལྷོད་མེད་གནང་།

ཡང་མཁས་ཞིང་གྲུབ་པའི་བླ་མ་༧རྗེ་ཤར་གདོང་རིན་པོ་ཆེའི་དྲུང་དུ་ཐ་སྙད་རིག་གནས་ཀྱི་སྐོར་ལ་སྦྱངས་པ་མཛད།སྐབས་དེ་ནས་བཟུང་གཞུང་ཆེན་པོ་དག་ལ་ཐོས་བསམ་གྱི་ཞོར་དུ་སུམ་རྟགས་དང་སྙན་ངགརྩིས་དཀར་ནག་སོགས་ལ་རང་སྦྱོང་གནང་སྟེ་ཐ་སྙད་རིག་གནས་གྱི་ཕྱོགས་ལ་བག་ཆགས་མཛད།

སྤྱི་ལོ༡༩༩༡ ལོར་སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེས་ཐུགས་བཀོད་འོག་རང་དགོན་ལྔ་རིག་སྐྱེད་ཚལ་སློབ་གླིང་གི་དགེ་རྒན་གྱི་འགན་བཞེས་ཏེ་སློབ་མ་ཡོངས་ལ་སུམ་རྟགས་དག་གསུམ་དང་གུང་ཐང་བསླབ་བྱ། བསྡུས་གྲྭ་དང་གྲུབ་མཐའ་རིན་ཕྲེང། ས་ལམ་སོགས་ཀྱི་དཔེ་ཁྲིད་གནང་བ་དང་།ཞོར་དུ་སྐལ་ལྡན་སློབ་མ་བླ་སྤྲུལ་མང་བོ་གཙོས་ཕྱོགས་སོ་སོར་ནས་ཕེབས་པའི་སློབ་བུ་རྣམས་ལ་དཀའ་བ་ཆེད་དུ་བསད།ངལ་བ་དང་དུ་བླངས་ནས་བསྡུས་གྲྭ། བློ་རྟགས།གྲུབ་དོན་ས་གསུམ་དབུ་ཕར་གྱིས་མཚོན་པའི་བཀའ་པོད་ལྔའི་བར།ཁྲིད་གཞི་གཙོར་བྱས་ནས་ཉིན་རེར་དཔེ་ཁྲིད་ཆོས་ཐུན་བཞི་རེ་རྒྱུན་མ་ཆད་པར་གནང་བར་མ་ཟད་ཞོར་དུ་འདོན་རྟ་དབྱངས་གསུམ། སུམ་རྟགས་དག་གསུམ།རྩིས་དཀར་ནག་སོགས་ཀྱི་དཔེ་ཁྲིད་ཀྱང་སློབ་བུ་ཡོངས་ཀྱི་རེ་བ་ལྟར་གནང་པས་སྐུ་ངལ་ཤིན་ཏུ་ཆེས་པས་སྨྱུང་གཞི་སྣ་ཚོགས་ཀྱིས་ཟིན་ཡང་ཁོང་གི་དཔེ་ཁྲིད་ལ་ད་ལྟའི་བར་དུ་མཚམས་བཞག་མ་མྱོང་།

སྤྱི་ལོ༡༩༩༤ ལོར་སྐུ་འབུམ་བྱམས་པ་གླིང་དུ་མཁས་མང་གསེར་རིའི་ཕྲེང་བའི་དབུས་སུ་གཞུང་ཆེན་བཀའ་པོད་ལྔའི་དམ་བཅའ་བཞག་སྟེ་མཁས་བཙུན་བཟང་གསུམ་གྱི་སྙན་པའི་གྲགས་པ་ཕྱོགས་བཅུར་རྒྱས།

སྤྱི་ལོ༡༩༩༥ ལོར་སྐྱབས་རྗེ་༧ཨ་ཀྱཱ་རིན་པོ་ཆེའི་བཀའ་ལྟར་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་བླ་མ་གཞུང་ལས་པའི་འགན་བཞེས་ཏེ།ཆོས་སྡེ་འདིའི་ཐུན་མོང་མ་ཡིན་པའི་ཕྱག་སྲོལ་དང་ཆོས་འདུལ་བའི་ཕྱག་ལེན་ཆེ་ཕྲ་ཆུང་གསུམ་མཐའ་དག་གྲྭ་མ་ཆག་གྲུ་མ་ཉམས་པར་བདག་གིར་བཞེས་པའི་སྒོ་ནས།ཐུབ་པའི་བསྟན་པ་རིན་པོ་ཆེ་སྤྱི་དང་།བྱེ་བྲག་ཞྭ་སེར་ཅོད་པན་འཆང་བའི་རི་བོ་དགེ་ལྡན་པའི་བསྟན་པ་མཆོག་ལ་དམིགས་ཏེ་་ལོ་བཅུའི་་རིང་ལ་གདན་ས་འདིའི་བླ་མ་གཞུང་ལས་པའི་འགན་བཞེས་གནང་བར་མ་ཟད།ཆོས་སྡེ་འདིའི་བླ་མ་བརྒྱུད་པའི་ཕྱག་ལེན་ཉམས་པ་སླར་གསོ་གནས་པ་གོང་འཕེལ་དུ་གནང་བས་གྲྭ་རྒན་གཞོན་ཀུན་གྱི་ཡིད་ཀྱི་དད་པའི་གནས་དང་གནས་བརྟན་འདུལ་བ་འཛིན་པ་ཆེན་་པོ་ཞེས་བསྟོད་བསྔགས་དང་ཁས་མི་ལེན་པ་སུ་ཡང་མེད་ལ།ད་བར་དུ་ཁོང་གི་མཚན་ལ་བླ་མ་གཞུང་ལས་པ་ཚང་ཞེས་འབོད་པར་མ་ཟད་ཁོང་ནི་ཆོས་འདུལ་བའི་བཅས་པ་དང་གྲྭ་ཚང་གི་ཕྱག་ལེན་གཙོར་གནང་མཁན་ཞིག་ཀྱང་ཡིན་པས་གདན་ས་འདིའི་དགོན་བདག་སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་ཚང་དང་།སྐྱབས་རྗེ་ཟི་ན་རིན་པོ་ཆེ་ཚང་།རྗེ་བཙུན་བླ་མ་༧དགེ་ཀྱཱ་རིན་པོ་ཆེ་སོགས་ཀྱི་ཐུགས་་སྲས་ལྟ་བུར་གྱུར་ཡོད་པས་གདན་ས་འདིའི་བླ་སྤྲུལ་མི་ཉུང་བ་ཞིག་ཡང་ཁོང་ལ་གཏད་ཡོད།

སྤྱི་ལོ༢༠༠༥ ལོར་་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་༧རྗེ་བཙུན་འཇིགས་མེད་དཔལ་ལྡན་ཚང་དང་སེ་འབྲས་ཀྱི་དགེ་བཤེས་མང་པོ་དང་མཉམ་དུ་ཀྲུང་གོ་བོད་བརྒྱུད་ནང་བསྟན་མཐོ་རིམ་རབས་འབྱམས་རྒྱུགས་སྤྲོད་ཀྱི་ཐེངས་དང་བོ་ནས་ཐེངས་བཞི་བའི་བར་གྱི་དཔང་བཞུགས་དགེ་བཤེས་ཀྱི་འགན་བཞེས།

སྤྱི་ལོ༢༠༡༥ལོའི་ཟླ་བཅུ་བའི་ཚེས་དགུ་ཉིན་ཡང་བསྐྱར་སྐུ་འབུམ་བྱམས་པ་གླིང་དུ་རིག་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་དགེ་ཀྱཱ་ཐམས་ཅད་མཁྱེན་པས་སྨོན་ལམ་རབ་འབྱམས་པ་ཉམས་པ་སླར་གསོའི་རབ་འབྱམས་དམ་བཅའ་བ་ཐོག་མ་བཞུག་དགོས་པའི་བཀའ་ལུང་གནང་བས་བླ་མས་གསུང་གཅོག་མ་ཕོད་པར་་་་༧སྐྱབས་རྗེ་ཁྲི་བ་དགེ་ཀྱཱ་རིན་པོ་ཆེ་དབུ་བཞུགས་ཀྱི་མཁས་གྲུབ་ནམ་མཁའི་སྐར་ཚོགས་བཞིན་བཀྲ་བའི་དབུས་སུ་གཞུང་ཆེན་བཀའ་པོད་ལྔར་དམ་བཅའ་བཞག་སྟེ། ཆོ་འཕྲུལ་སྨོན་ལམ་སྐབས་བཤད་པ་དང་ཚོགས་བར་དམ་བཅའ་ཉིན་གསུམ་མཛད་ནས་སྨོན་ལམ་རབ་འབྱམས་པའི་མཚན་བཏགས་བཞེས་རྗེས།བཀའ་དྲིན་གསུམ་ལྡན་གྱིབླ་མ་དགེ་ཀྱཱ་རིན་པོ་ཆེ་མཆོག་ལ་མཇལ་སྐབས།ཁོང་གིས་སླར་གསོས་རབ་བྱམས་དམ་བཅའ་དང་བོ་ལེགས་པར་གྲུབ་པས་ཐུགས་ཤིན་ཏུ་དགྱེས་པའི་ངང་བསྔགས་བརྗོད་དང་མཚན་རྟག་བླ་མེད་གནང་བ་དང་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསམ་་མཁས་བཙུན་བཟང་གསུམ་གྱི་གྲགས་སྙན་སྲིད་པའི་རྩེར་ཁྱབ།

སྤྱི་ལོ་༢༠༡༩ལོར་གླིང་བསྲེ་དམ་བཅའ་ཆེན་མོའི་སྟེང་སླར་ཡང་བླ་མ་གཞུང་ལས་པས་འགན་ལོ་གཅིག་ལ་བཞེས།དེའི་སྐབས་ཀྱི་གླིང་བསྲེ་དམ་བཅའ་བ་ཁོང་གི་སློབ་བུ་སྐྱབས་རྗེ་ར་ཁོ་རིན་པོ་ཆེ་ཡིན།ད་ལྟ་ཡང་གདན་ས་འདིར་ཁོང་གི་སློབ་མ་བླ་སྤྲུལ་དགེ་འདུན་པ་མང་བོའི་རེ་འདོད་ལྟར་གཞུང་ཆེན་བཀའ་པོད་ལྔ་དང་།ལམ་རིམ་བློ་སྦྱོང་དག་གི་ལྗགས་ཁྲིད་གནང་ཞོར་ཕྱོགས་སོ་སོའི་དགོན་པ་རྣམས་སུ་ཕེབས་ཏེ།དད་ལྡན་སྐྱ་སེར་ཡོངས་ལ་གང་འཚམས་ཀྱིས་ཆོས་ཀྱི་བདུད་རྩི་གནང་བ་དང་།དགེ་བསྙེན་རབ་བྱུང་སྒྲུབ་པ་སོགས་བསྟན་་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་དང་བྱེད་བཞིན་བཞུགས་པ་ལགས་སོ།

མཇུག་མཐར་ལག་ཟུང་སོར་མོ་སྙིང་གར་སྦྱར་ཏེ་རྩེ་གཅིག་ཏུ་གསོལ་བ་འདེབས་པའི་སྙིང་བོ་ནི།འཇམ་མགོན་བློ་བཟང་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེའི་གདུང་འཚོབ་ཏུ་སྐུར་བཞེངས་པའི་བདག་ཅག་རྣམས་ཀྱི་ཚེ་རབས་གཏན་གྱི་བླ་མ།མཚུངས་མེད་བཤེས་གཉེན་དམ་པ་གང་ཉིད་ཞབས་ཟུང་མི་ཤིགས་གཡུང་དྲུང་གི་ངོ་བོར་ལྷུན་ཆགས་པ་དང་་།སྐུ་ཚེ་བསྐལ་བ་རྒྱ་མཚོའི་བར་དུ་བརྟན་པར་བཞུགས་ཏེ་རྣམ་པར་དཀར་བའི་མཛད་འཕྲིན་གྱི་གདུགས་དཀར་བོ་འོག་མིན་ཞིང་གི་སྲིད་དུ་ཡང་ཡང་སྒྲེང་བར་གསོལ་བ་འདེབས་པ་ལགས།

༧ཞེས་དམ་པ་་ཁོང་གི་མཛད་རྣམ་མདོས་བསྡུས་འདི་ལྟ་བུ་ཞིག་དགོས་ཞེས་་སྐུ་ཉིད་ཀྱི་ཞབས་་གཡོག་གི་སྐལ་བ་ཐོབ་པ། དད་བརྩོན་ལྡན་པའི་ཆོས་གྲོགས་བློ་བཟང་རབ་རྒྱས་ཀྱིས་ཡང་ཡང་བསྐུལ་བས་ངོ་བཟློག་མ་ནུས་པར་སློབ་མའི་གྲལ་མཐའ་ཟིན་པ་ཐ་ཀྱཱ་སྤྲུལ་མིང་འཛིན་པས་སྤྱི་ལོ་༢༠༢༠ལོའི་ཧོར་ཟླ་༡༠བའི་ཚེས་༡༦ཉིན་བླ་མའི་མཛད་རྣམ་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཀྱི་ཆ་ཤས་ཙམ་ཞིག་མི་བརྗེད་པའི་ཁ་བྱང་ཙམ་དུ་ཐོལ་བྱུང་དུ་བྲིས་པ་འགལ་འཁྲུལ་མངའ་བས་བཤགས་པར་བྱ།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།