དྷི་ཚའི་དགེ་བའི་བཤེས་གཉེན་ཁ་སྒང་ལུང་རིགས་རྒྱ་མཚོ། 

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-11-11 19:10:29     རྩོམ་པ་པོ།   སེང་གཤོང་དགེ་འདུན་འཇིགས་མེད།     ཀློག་ཐེངས།  

དགེ་བའི་བཤེས་གཉེན་ཆེན་པོ་རྡོ་རམས་པ་ལུང་རིགས་རྒྱ་མཚོ་ཚང་ནི།སྤྱི་ལོ་༡༩༦༦ལོའི་ཧོར་ཟླ་༩བའི་ཚེས་༢༢ལྷ་བབས་དུས་ཆེན་ཉིན་དབུས་གཞུང་ཁ་སྒང་སྡེ་བར།ཡབ་དཀོན་མཆོག་ཚེ་བརྟན་དང་ཡུམ་གནམ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།ཆུང་དུས་ནས་དྷཱིཿཚ་དགོན་པའི་ཁྲི་རབས་དྲུག་པ་༧སྐྱབས་རྗེ་ཨ་རྒ་རིན་པོ་ཆེ་མཆོག་དང་།ཨ་རྒ་རིན་པོ་ཆེ་སྐུ་ཕྲེང་གཉིས་པའི་དགེ་རྒན་བྱ་བཏང་རྣལ་འབྱོར་བ་ཨ་ཁུ་དམ་ཆོས་རྒྱ་མཚོ་རྣམ་གཉིས་ཀྱི་དྲུང་དུ་དྷཱིཿཚའི་ཀ་ཁའི་སྟེང་ནས་ཕྲལ་སྦྱོར་གྱི་ཀློག་དང་འདོན་ཆོག་སོགས་ལ་ལེགས་པར་སྦྱངས།

སྤྱི་ལོ་༡༩༨༡ལོར་དམ་པ་གཉིས་དང་ལྷན་དུ་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་སུ་ཕེབས།ལོ་དེའི་ཧོར་ཟླ་༡༡པའི་ཚེས་༡ཉིན་མདོ་སྔགས་གཞུང་ལུགས་རྒྱ་མཚོའི་མངའ་བདག་མཁས་གྲུབ་བྱེ་བའི་གཙུག་ནོར་༧རྗེ་ཡེ་ཤེས་རྒྱ་མཚོའི་དྲུང་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ལེགས་པར་མནོས་ཤིང་མཚན་ལ་ཕྱིས་འབྱུང་གི་མཛད་པ་དང་མཐུན་པར་ལུང་རིགས་རྒྱ་མཚོ་ཞེས་གསོལ།

སྤྱི་ལོ་༡༩༨༢ལོའི་ཧོར་ཟླ་༢པའི་ཚེས་༥ཉིན་དྷཱིཿཚ་རི་ཁྲོད་བཀྲ་ཤིས་ཆོས་སྡིངས་སུ་ཚོགས་ཞུགས་མཛད་ཅིང་།རྗེ་ཡེ་ཤེས་རྒྱ་མཚོ་མཆོག་དང་རྗེ་རྨོག་རུ་བ་བློ་བཟང་བསྟན་དར་སོགས་ཀྱི་དྲུང་དུ་བསྡུས་གྲྭ་དང་བློ་རྟགས་ནས་བཟུང་གཞུང་ཆེན་ཁག་ལ་སློབ་གཉེར་མཛད་པས་ཐུགས་འཛིན་དང་རྣམ་དཔྱོད་བརྩོན་པ་བཅས་ལ་མཁས་དབང་མང་བོས་བསྔགས་བརྗོད་ཀྱི་རོལ་མོ་དབྱངས་སུ་འཁྲོལ།

དགུང་ལོ་ཉེར་བཞི་བ་སྤྱི་ལོ་༡༩༨༩ལོར་རྗེ་བཙུན་ཡེ་ཤེས་རྒྱ་མཚོ་མཆོག་གིས་མཁན་སློབ་སྦྲགས་མ་དང་རྗེ་བློ་བཟང་བསྟན་དར་ཚང་གིས་གསང་སྟོན་པ་མཛད་དེ་དགེ་འདུན་གྲངས་ཚང་གི་དབུས་སུ་དགེ་སློང་གི་སྡོམ་པ་ཡང་དག་པར་མནོས།སྤྱི་ལོ་༡༩༩༠ལོར་རྗེ་བཙུན་ཡེ་ཤེས་རྒྱ་མཚོའི་ཞལ་བཀོད་བཞིན་བྲག་དཀར་རྫོང་གི་གསེར་ཐང་དགོན་དམ་ཆོས་ཐོས་བསམ་གླིང་དུ་དགེ་རྒན་ལ་ཕེབས་ནས་དགོན་པ་དེར་ལུགས་གཉིས་ཀྱི་བཀའ་དྲིན་ཟླ་མེད་པས་བསྐྱངས་དང་སྐྱོང་བཞིན་ཡོད།

སྤྱི་ལོ་༡༩༩༣ལོར་རྒྱ་གར་དུ་བྱོན་ནས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཞུགས་ཤིང་།རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་རྒན་གྲུབ་ཐོབ་ཚང་དང་།དགེ་བཤེས་ལྷ་རམས་པ་ཐུབ་བསྟན་བཀྲ་ཤིས་ཚང་རྣམ་གཉིས་བསྟེན་ཏེ་གསེར་ཕྲེང་དང་རྗེ་བཙུན་སྤྱི་དོན་གྱི་དཔེ་ཁྲིད་གསན་ཅིང་སློབ་གཉེར་ལ་ཚུལ་བཞིན་བརྩོན་པའི་སྐབས་ན་ས་ཆུ་མ་འཕྲོད་པར་སྐུ་བསྙུན་གྱི་དབང་གིས་ཕྱིར་རང་དགོན་དུ་ཕེབས་དགོས་བྱུང་།

དགུང་ལོ་ཉེར་དགུ་བ་སྤྱི་ལོ་༡༩༩༤ལོའི་དགའ་ལྡན་ལྔ་མཆོད་དང་འབྲེལ་བར་དྷཱིཿཚ་དགོན་འདིར་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་འཛིན་གྲྭའི་དགེ་བའི་བཤེས་གཉེན་རྣམས་དང་ལྷན་ཅིག་ཕར་ཕྱིན་དམ་བཅའ་ལེགས་པར་བཞགསྤྱི་ལོ་༡༩༩༧ལོར་ཚོགས་ཆེན་དགེ་བསྐོས་ཀྱི་འགན་བཞེས་ཏེ་སྒྲིག་ལམ་དམ་འཛིན་དང་རྒྱན་འཇུག་སྐྱོར་སྦྱང་གི་སྲོལ་བཙུགས་པ་སོགས་སློབ་གཉེར་གྱི་ཕྱོགས་ལ་ཕན་པའི་ཕྱག་ལས་མང་དུ་མཛད།

སྤྱི་ལོ་༢༠༠༡ལོར་དགེ་བའི་བཤེས་གཉེན་ཆེན་མོ་སྦྱིན་པ་དར་རྒྱས་ཚང་དང་ལྷན་དུ་བཀའ་བཅུ་རབ་འབྱམས་པའི་དམ་བཅའ་བཞག་པ་དང་།སྤྱི་ལོ་༢༠༠༣ལོར་རྡོ་རམས་དམ་བཅའ་ལེགས་པར་བཞག་སྟེ་མཁས་པའི་སྙན་པ་ཕྱོགས་ཀུན་ཏུ་རྒྱས།ལོ་འདིར་དོ་དམ་ཁང་གི་འགན་གཙོ་བོ་བཞེས་ནས་ལོ་གསུམ་གྱི་རིང་སློབ་གཉེར་གྱིས་མཚོན་འདུས་སྡེ་རིན་པོ་ཆེར་ལུགས་གཉིས་ཀྱི་མཐུན་རྐྱེན་གང་མང་ལེགས་པར་བསྐྲུན་ཅིང་།འདུ་ཁང་ཆེན་མོ་བསྐྱར་བཞེངས་ཀྱི་མ་དངུལ་བསྡུ་བའི་དབུ་བརྩམས།སྤྱི་ལོ་༢༠༠༧ལོར་མཚོ་ལྷོ་ཁུལ་མཐོ་རིམ་སློབ་འབྲིང་དང་བོ་རུ་སློབ་གཙོ་གཞོན་པ་བསོད་ནམས་ཚེ་རིང་སོགས་ཀྱིས་བསྐུལ་བ་ལྟར་ཕེབས་ནས་བོད་ཡིག་དགེ་རྒན་རྣམས་དང་སློབ་མ་སྐོར་ཅིག་ལ་བསྡུས་གྲྭ་དང་གྲུབ་མཐའི་དཔེ་ཁྲིད་གནང་བ་དང་།སློབ་གྲྭ་འདིར་བསྡུས་གྲྭ་གསར་འཛུགས་གནང་སྟེ།སློབ་ཚན་སྣ་ཚོགས་རིགས་ལམ་ནས་སྦྱོང་བའི་ཁ་ཕྱོགས་གསལ་སྟོན་མཛད་པ་ལྟར་དགེ་སློབ་ཡོངས་ཀྱིས་འབད་པ་ལྷུར་ལེན་བྱས་པས་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད།

སྤྱི་ལོ་༢༠༠༩ལོ་ནས་ཡང་བསྐྱར་དགོན་པའི་དོ་དམ་གྱི་གཙོ་འགན་བཞེས་ནས་འདུ་ཁང་ཆེན་མོ་བསྐྱར་བཞེངས་ལ་ཐུགས་ཁུར་ཟབ་བཞེས་གནང་སྟེ།ཁོང་གིས་བསྐུལ་བ་བཞིན་སྔགས་ས་ཕ་ཚོ་དང་བ་བཟའ་སྐྱ་ར་དམེ་གླིང་ལོ་བ་སོགས་ཀྱིས་སྦྱིན་བདག་བྱས་ནས་འདུ་ཁང་ཆེན་མོའི་གཙོ་སྐུ་ཇོ་བོ་རིན་པོ་ཆེ་བཞེངས་ཤིང་།ཁ་སྒང་སྡེ་བས་སྦྱིན་བདག་མཛད་དེ་གྲལ་གདན་དང་།ཆོས་ཚ་སྡེ་བས་སྦྱིན་བདག་བྱས་ཏེ་སྒོ་ཆེན་བཞེངས་པ་སོགས་མ་དངུལ་ཕོན་ཆེན་པོ་སྦྱོར་བར་མཛད།

སྤྱི་ལོ་༢༠༡༤ལོར་དབྱར་གནས་བླ་མར་བཞུགས།བཤེས་གཉེན་ཆེན་མོ་རྔ་བའི་གྲགས་པ་ཚང་གི་མདུན་ནས་སླར་ཡང་གཞུང་ཆེན་ལྔའི་བསྐྱར་ཁྲིད་དང་རྡོ་རྗེའི་ཕྲེང་བ་སོགས་ཀྱི་དབང་ཁྲིད་མང་དུ་གསན།ལཱ་མོའི་ཡོངས་འཛིན་རྡོ་རྗེ་འཆང་།རྗེ་འབོ་རའི་ཡོན་ཏན་ཚང་།རྗེ་མགོ་ལོག་གྲགས་པ་ཚང་།རྗེ་དཔལ་ལྡན་རྒྱ་མཚོ་ཚང་སོགས་ཀྱི་དྲུང་ནས་མདོ་སྔགས་ཀྱིས་བསྡུས་པའི་དབང་ལུང་ཁྲིད་གསུམ་མན་ངག་དང་བཅས་གསན་ཅིང་།ཐོས་བསམ་སྒོམ་པ་ཡ་མ་བྲལ་བར་ཉམས་བཞེས་མཛད།བསྒྲུབ་བྱ་མང་བོ་རབ་ཏུ་བྱུང་བར་མཛད་པ་སོགས་བསྟན་འགྲོར་ཕན་པའི་ཕྱག་ལས་བགྲང་གིས་མི་ལང་།

དགུང་ལོ་ཉེར་བཞིའི་སྐབས་ནས་དཔེ་ཁྲིད་ཀྱི་དབུ་ཚུགས་ཤིང་།རང་དགོན་གྱིས་གཙོས་རིས་མེད་དོན་གཉེར་ཅན་ཤིན་ཏུ་མང་བོར་གཞུང་ཆེན་བཀའ་པོད་ལྔ་དང་ལམ་སྔགས་ཀྱིས་མཚོན་པའི་དཔེ་ཁྲིད་དང་ལུགས་གཉིས་ཀྱི་བསླབ་བྱའི་སྒོ་ནས་བཀའ་དྲིན་གཞལ་མཐའ་བྲལ་བས་བསྐྱངས་དང་སྐྱོང་བཞིན་པའི་སྐབས་ལགས་སོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn a

བརྒྱུད་འགོད།