སྐུ་འབུམ་དགོན་པའི་དགེ་བའི་བཤེས་གཉེན་བསྟན་པ་ཆོས་འཕེལ་མཆོག་ངོ་སྤྲོད་རགས་བསྡུས།

    སྤེལ་དུས།  2020-11-11 18:59:09         ཀློག་ཐེངས།  

༧རྗེ་སྐུ་འབུམ་དགོན་པའི་གཞུང་ལུགས་རབ་འབྱམས་པའི་དགེ་བཤེས་བསྟན་པ་ཆོས་འཕེལ་མཆོག་ངོ་སྤྲོད་རགས་བསྡུས།

微信图片_20201209000228.jpg

རྒན་བསྟན་པ་ཆོས་འཕེལ་མཆོག་ནི་མདོ་སྨད་རེབ་གོང་མདོ་བའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་རབ་བྱུང་བཅུ་དྲུག་པའི་ས་བྱ་སྟེ་སྤྱི་ལོ་༡༩༦༩ལོའི་ཧོར་ཟླ་༨པའི་ཚེས་༨ཉིན་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་སྟེང་རོང་བོ་དགོན་པའི་འཇམ་མོ་ཨ་ཁུ་ཚང་གི་མདུན་དུ་རབ་ཏུ་བྱུང་ནས་དར་ཞིང་དགོན་པའི་ཚོགས་ལ་ཞུགས།དེར་ཀློག་གི་སློབ་དཔོན་རྒན་བློ་བཟང་རབ་གསལ་བསྟེན་ཏེ་ཡི་གེ་འབྲི་ཀློག་ནས་འདོན་ཆོས་སྤྱོད་དང་རྒྱུད་གྲྭའི་ཕྱག་ལེན་སོགས་ལ་སྦྱངས་པ་ཞིབ་ཏུ་གནང་། རང་ལོ་བཅུ་དྲུག་གི་བར་དུ་དགེ་འདུན་མང་གི་སར་འདོན་ཆོས་སྤྱོད་ཆ་ཚང་བློ་རྒྱུགས་ལ་ཕུལ་ཚར།

རང་ལོ་བཅོ་བརྒྱད་སྟེང་ནས་ལོ་འགར་དགོན་པའི་དབུ་མཛད་ཀྱི་འགན་ཁུར།  ཞོར་དུ་རྗེ་བསྟན་པའི་རྒྱལ་མཚན་གྱི་མདུན་དུ་སུམ་རྟགས་དག་གསུམ་དང་ལམ་རིམ་བློ་སྦྱོང་གི་སྐོར། དབུ་མེད་ཀྱི་བྲིས་སོགས་ལ་སྦྱངས་ཏེ་ལམ་རིམ་ཚིགས་བཅད་མ་དང་བསེ་བསྡུས་གཉིས་བློ་འཛིན་དང་ཚོགས་རྒྱུགས་ཕུལ།

རང་ལོ་ཉེར་གཉིས་སྟེང་རོང་བོ་བདེ་ཆེན་ཆོས་འཁོར་གླིང་གི་ཚོགས་ལ་ཞུགས་ནས་དགེ་བའི་བཤེས་གཉེན་ཆེན་མོ་ལྷ་སྡེ་ཨ་ཁུ་དགེ་འདུན་བསྟན་འཛིན་ཚང་སོགས་བསྟེན་ནས་རིག་པའི་སྒོ་འབྱེད་བསྡུས་གྲྭ་ཆ་ཚང་དང་བློ་རྟགས་གཉིས། གྲུབ་དོན་ས་གསུམ་སོགས་ལ་ཐོས་བསམ་ཉིན་མཚན་སྦྲེལ་བའི་བརྩོན་པ་ཆེན་པོ་གནང་སྟེ་རྩོད་རྒྱུགས་དང་། འགྲེལ་བ་དོན་གསལ་དང་རྟགས་རིགས་སྤྱི་དོན་སོགས་བློ་རྒྱུགས་ཀྱི་ཨང་རྩེ་ཕུད་བླངས་པས་སྐབས་དེའི་དགོན་པའི་ཁྲི་བ་ཁ་སོ་གསེར་ཁྲི་ཚང་གིས་ལེགས་པའི་སྐྱེས་དང་བཅས་བསྔགས་པ་རྒྱ་ཆེར་བྱས། སྐབས་དེ་ནས་བཟུང་སློབ་བུ་མང་པོར་དཔེ་ཁྲིད་དང་ཞར་ཆོས་ཀྱི་བགྱི་བ་ཟམ་མ་ཆད་དུ་བྱས། རང་ལོ་ཉེར་ལྔའི་སྟེང་དབུས་ཀྱི་སེ་ར་ཐེག་ཆེན་གླིང་དུ་སློབ་གཉེར་ལ་ཕྱིན་ཏེ། ཕར་ཕྱིན་ནས་དབུ་བརྩམས་ཏེ་གཞུང་ཆེན་བཀའ་པོད་ལྔར་རྡོ་རུས་ཐུག་པ་ལྟ་བུའི་བརྩོན་པ་བྱས། ལོ་རེ་གཉིས་ཀྱི་རྗེས་ནས་བཟུང་རང་གིས་ཐོས་བསམ་གྱི་ཞོར་དུ་སློབ་བུ་མང་པོར་དཔེ་ཁྲིད་བྱེད་མགོ་བརྩམས། སྐབས་སྐབས་སུ་སེ་ར་ཆོས་སྡིངས་སོགས་གནས་འགོལ་བོ་དག་ཏུ་ཆོས་བར་དུ་ཕྱིན་ནས། གནས་མལ་དང་ཟས་གོས་ངན་ངོན་ཁོ་ནར་སྤྱད་པ་ནི་སློབ་གཉེར་གྱི་ཆ་རྐྱེན་དུ་བལྟས་ནས་སྤྲོ་བ་དང་བཅས་དྲང་ངེས་ལེགས་བཤད་སྙིང་བོ་དང་། འགྲེལ་བ་དོན་གསལ། སྤྱོད་འཇུག་ཆེན་མོ། དབུ་མའི་སྤྱི་དོན། དབུ་མ་དགོངས་པ་རབ་གསལ། རྣམ་འགྲེལ་ཐར་ལམ་གསལ་བྱེད་ཀྱི་ལེའུ་དང་པོ་དང་གཉིས་པ་སོགས་གཞུང་ཆེན་ཁག་གི་རྩ་འགྲེལ་མང་པོ་གཞི་གཅིག་ཏུ་དྲིལ་ན་ཤོག་བུ་སྣ་རིང་སྟོང་ལས་བརྒལ་བ་བློ་འཛིན་གནང་། རྭ་སྟོད་འཇང་དགུན་ཆོས་སྟེང་ཐེངས་དུ་མར་ཞུགས་ཏེ་སེ་འབྲས་དགེ་གསུམ་གྱི་རྩོད་ཟླ་མང་པོ་དང་ལྷན་དུ་རྩོད་པ་མཛད་པས་མཚན་སྙན་ཕྱོགས་སུ་འཕེལ། དགའ་ལྡན་གྱི་རྒན་སྙན་གྲགས་ཚང་ནས་ཕྲུག་གཟན་གྱི་སྐྱེས་དང་བཅས་སྐུལ་མ་དང་ངེས་དོན་གྱི་དགེ་བའི་བཤེས་གཉེན་མང་པོས་ཡི་རང་དང་བསྔགས་བརྗོད་ངོ་མཚར་བ་བྱས།

༢༠༠༥ལོར་ཤར་སྐྱབས་མགོན་མཆོག་དང་དགོན་པའི་ལས་སྣེ་ཡོངས་ཀྱི་རེ་ཞུས་ལྟར་ཕྱིར་རོང་བོ་དགོན་པར་ཕེབས་ཏེ་ཉིན་རེར་དཔེ་ཁྲིད་མི་འདྲ་བ་བརྒྱད་རེ་གནང་སྟེ་སྐུ་ངལ་ཁྱད་དུ་བསད། སྐབས་ཤིག་ལ་མདོ་སྨད་འཇང་དགུན་ཆོས་ཆེན་མོ་གཙང་དགོན་པར་གསར་འཛུག་ཐོག་གཞུང་ཚིག་ཙམ་མ་ཡིན་པར་ཞིབ་ཕྲའི་རིགས་པ་ཡང་དག་གིས་རྩོད་པ་བྱས་པས། དེར་ཡོད་ཀུན་ཁོང་གི་ཡོན་ཏན་ལ་ངོ་མཚར་བར་གྱུར། གཙང་དགོན་པའི་བླ་མ་རུ་ཤིས་མཁན་ཆེན་ཚང་མི་སྒེར་ནས་སྐུའི་རྟེན་གྱི་སྐྱེས་དང་བསྔགས་བརྗོད་བླ་མེད་མཛད། ༢༠༠༦ལོར་ཁ་མཆུ་སོགས་འགལ་རྐྱེན་སྣ་ཚོགས་པའི་དབང་གིས་ཐུགས་སུན་ནས་ཕྱིར་སེ་ར་དགོན་པར་ཕེབས། དགོན་པའི་དགེ་བསྐོས་གཙོས་ལས་ཀྱི་སྣེ་མོ་བ་དག་གིས་གྲོས་བསྡུར་ཡང་ཡང་བྱས་མཐར་དགོན་པའི་གྲྭ་རྒྱུན་མང་པོའི་ཁྲོད་ནས་གཅིག་གྱུར་གྱིས་མོས་མཐུན་བྱུང་བ་ཁོང་ཉིད་གཅིག་པུར་ཁེལ་ཏེ་དགོན་པའི་གྲྭ་རྒྱུན་ཙམ་མ་ཡིན་པར་ཚོགས་གྲལ་དུ་དངོས་སུ་བླངས་པས། སྔར་བཞིན་དཔེ་ཁྲིད་དགེ་རྒན་གྱི་འགན་བཞེས་ཏེ་སློབ་བུ་མང་པོར་གཞུང་ཆེན་དག་གི་དཀའ་གནད་རྣམས་ཞིབ་ཕྲའི་སྒོ་ནས་དཔེ་ཁྲིད་ཀྱི་འཕྲོ་བསྐྱངས།

ཁོང་གི་དུས་རྒྱུན་སེམས་སུ་དབུ་ཕར་གྱི་དཔེ་ཁྲིད་རྫོགས་པ་ན་རི་ཁྲོད་ལ་ཕེབས་འདོད་ཀྱིས་བསམ་པས་སེ་རའི་དགེ་བསྐོས་ལགས་ལ་དགོངས་པ་ཞུས་ཀྱང་བསྟན་འགྲོའི་དོན་དང་ལྷག་པར་དུ་སེ་ར་དགོན་པའི་སློབ་གཉེར་གྱི་ཆེད་དུ་ཅིས་ཀྱང་རྒྱུན་བཞུགས་གནང་དགོས་པའི་བཀའ་གསུང་ཕེབས་ཏེ་བཤོལ་བཏབ། རྒན་ཟླ་གྲགས་ཚང་ལ་སྔ་ཕྱི་ལན་གསུམ་ཞུས་ཀྱང་སློབ་བུ་མང་པོར་དཔེ་ཁྲིད་གནང་རྒྱུ་ནི་རི་ཁྲོད་འགྲིམས་ཏེ་སྒོམ་སྒྲུབ་ལ་བརྩོན་པ་ལས་ཀྱང་ཕན་ཡོན་ཆེ་ཚུལ་གྱི་རྒྱུ་མཚན་མང་དུ་གསུངས་པས་བཀའ་གཅོག་མ་ཐུབ།

༢༠༠༨སླར་ཡང་མདོ་སྨད་དུ་ཕེབས།ཕ་ཡུལ་དུ་ཕེབས་ནས་བཞུགས་པའི་སྐབས་སུ་ཡང་རྗེ་བཙུན་ངག་དབང་ཟླ་གྲགས་གཙོས་རང་ལ་འདྲིས་ཆེ་བའི་དགེ་རྒན་དག་གིས་ཁྱེད་རང་གཞུང་ཆེན་ཁག་ལ་ངེས་པ་འདྲོངས་པ་ཙམ་དུ་མ་ཟད་སྙིང་རྗེ་དང་ལྷག་བསམ་གྱིས་ཕྱུག་པ་ཞིག་ཡིན་པས་ས་ཕྱོགས་གང་དུ་ཕེབས་ཀྱང་བསྟན་པ་དང་འགྲོ་བར་ཕན་ཐོགས་རྒྱ་ཆེན་འབྱུང་ངོ་ཞེས་ལུང་བསྟན་དང་དཔེ་ཁྲིད་གནང་དགོས་པའི་བཀའ་གསུང་ཡང་ཡང་ཕེབས།
   སྔ་གཞུག་ཏུ་ཁམས་རྫ་ཆུའི་འབུམ་སེར་དགོན་པ་དང་། འཇུ་མང་དགོན་པ། རྔ་བ་བསེ་དགོན་པ། ཟིལ་དཀར་དགོན་པ་སོགས་ཆོས་བརྒྱུད་རིས་མེད་ཀྱི་དགོན་པ་དག་གིས་གདན་ཞུས་ལྟར། ཕར་ཕྱིན་དང་དབུ་མ་སོགས་གཞུང་ཆེན་ཁག་དང་ལམ་རིམ་ཆེ་ཆུང་། སྤྱོད་འཇུག་ཆེན་མོ་སོགས་ཀྱི་དཔེ་ཁྲིད་གང་མང་གནང་སྟེ་སྐལ་ལྡན་བུ་སློབ་རྣམས་ཀྱི་བསམ་དོན་དམ་པའི་ཆོས་ཀྱིས་བསྐངས། གཞན་ཕ་ཡུལ་གྱི་མདོ་བ་དགོན་དང་དར་ཞིང་དགོན་པའི་དགེ་འདུན་པ་རྣམས་ལའང་གང་ལ་གང་འཚམས་ཀྱིས་ལམ་རིམ་བློ་སྦྱོང་དང་འབྲེལ་བའི་བསླབ་བྱ་གང་མང་གནང་། རྗེས་སུ་དགོན་པ་གང་མང་ཞིག་གིས་དགེ་རྒན་དུ་ཕེབས་པའི་རེ་བ་ནན་ཆེར་ཞུས་ཀྱང་གཞུང་ཆེན་མོ་ལ་དུས་ཚོད་ཐུང་ངུའི་ནང་དུ་ཕན་མི་ཐོགས་པར་དགོངས་ནས་དང་ལེན་མ་གནང་།
གཞན་ཡང་ལོ་སྔ་ཕྱི་མང་པོར་དགོན་ཁག་ལྔ་བཅུ་ལྷག་གིས་གྲུབ་པའི་མདོ་སྟོད་འཇང་དགུན་ཆོས་ཀྱི་ལས་ཀྱི་སྣེ་མོ་བའི་འགན་ཁུར་ཏེ་དངོས་ཤུགས་བརྒྱུད་གསུམ་ནས་ཞབས་འདེགས་བླ་མེད་བསྒྲུབས། ༢༠༡༠ལོར་མདོ་སྨད་ཀྱི་གདན་ས་ཆེན་པོ་རྗེ་སྐུ་འབུམ་བྱམས་པ་གླིང་གི་ཚོགས་སུ་ཞུགས་ཤིང་། ༢༠༡༢ལོར་རྗེ་གསེར་སྡོང་ཆེན་མོ་གསེར་གྱིས་བཏུམས་ནས་ལེགས་འགྲུབ་ཀྱི་དགའ་སྟོན་སྟེང་དགེ་འདུན་སྟོང་ཕྲག་བརྒལ་བའི་དབུས་སུ་ཕར་ཕྱིན་ཆོས་འཁོར་ལས་བརྩམས་ཏེ་བགྲོ་གླེང་ལེགས་པར་མཛད། ༢༠༡༧ལོར་སྐྱབས་རྗེ་༧དགེ་ཀྱཱ་རིན་པོ་ཆེ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གིས་ཐུགས་བཀོད་ལྟར། ཚོགས་འདུས་ལྷན་རྒྱས་དང་ལས་སྣེ་མོ་བ་དག་གི་བཀའ་ལུང་གསེར་གྱི་མེ་ཏོག་བསྩལ་ཏེ་སྤྱི་ལོ༢༠༡༨ལོར་མཁས་མང་གསེར་རིའི་ཕྲེང་བའི་དབུས་སུ་གཞུང་ཆེན་བཀའ་པོད་ལྔར་དམ་བཅའ་བཞག་སྟེ། ཆོ་འཕྲུལ་སྨོན་ལམ་སྐབས་བཤད་པ་དང་ཚོགས་བར་དམ་བཅའ་ཉིན་གསུམ་མཛད་ནས་སྨོན་ལམ་རབ་འབྱམས་པའི་གྲྭ་སྐོར་དམ་བཅའ་དང་མཚན་བཏགས་བཞེས།

ད་ལྟ་གདན་ས་འདིའི་དགེ་རྒན་གྱི་འགན་ཁུར་ནས་དགོན་པའི་འགྲིག་ལམ་ལྟར་ཉིན་རེར་དཔེ་ཁྲིད་ཆོས་ཐུན་འགའ་རེ་མ་ཆགས་པའི་ངང་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་སྒོས་གདན་སའི་ཆོས་འཆད་ཉན་གྱི་ཕྱོགས་ལ་སྲི་ཞུ་རེ་སྒྲུབ་ཨེ་ཐུབ་ཀྱིས་ཀུན་སློང་རྣམ་དག་གིས་སྒོ་ནས་སློབ་བུ་མང་པོ་བསྐྱངས་དང་སྐྱོང་བཞིན་པ་ལགས།
མི་ལོ་བཅུ་ཕྲག་གསུམ་ལྷག་གི་རིང་ལ་ཀློག་བསླབས་པའི་དགེ་རྒན་བློ་བཟང་རབ་གསལ་ཚང་ནས་རིམ་བཞིན་ཨ་ཁུ་བསྟན་པའི་རྒྱན་མཚན་ཚང་། འཇམ་མོ་ཨ་ཁུ་ཚང་། ལྷ་སྡེ་ཨ་ཁུ་རྗེ་དགེ་འདུན་བསྟན་འཛིན་ཚང་། གཅན་ཚའི་རྒན་འཇམ་དབྱངས་ཆོས་འཕེལ་ཚང་། དགེ་བའི་བཤེས་གཉེན་རྒན་ཟླ་གྲགས་ཚང་། རྒན་ཐེག་མཆོག་ཚང་། རྒན་བཀྲ་ཤིས་རྒྱལ་མཚན་ཚང་། སེ་ར་རྒན་མགོན་པོ་ཚང་། རྒན་ཡེ་ཤེས་དབང་ཕྱུག་ཚང་། པཎ་ཆེན་རིན་པོ་ཆེ། བསེ་ཚང་བློ་བཟང་དཔལ་ལྡན་ཚང་། གཡེར་གཤོང་ཆོས་པ་རིན་པོ་ཆེ། བླ་བྲང་གི་དགེ་བའི་བཤེས་གཉེན་ཨ་ཁུ་དཔལ་ལྡན་ཚང་། གདན་ས་འདིའི་ཁྲི་ཆེན་དགེ་ཀྱཱ་རིན་པོ་ཆེ་སོགས་མདོ་དབུས་ཁམས་གསུམ་གྱི་སྡེ་སྣོད་འཛིན་པའི་བླ་མ་དགེ་བའི་བཤེས་གཉེན་མང་པོ་བསམ་སྦྱོར་གཉིས་ཀྱིས་ལེགས་པར་བསྟེན་ནས་དབང་ལུང་མན་ངག་སོགས་བུམ་པ་གང་བྱོའི་ཚུལ་དུ་གསན།
རིག་པའི་གནས་མཐའ་དག་དང་མདོ་སྔགས་ཀྱི་གཞུང་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་མཐར་ཕྱིན་པར་མཛད་ནས་འཆད་རྩོད་རྩོམ་གསུམ་དང་། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གྱིས་ཐུགས་རྒྱུད་ཕྱུག་པར་གྱུར། མི་ཚེ་ཐོས་པས་བསྐྱལ་ཞིང་ཐོས་པའི་སྙིང་པོ་བཟོད་པ་དང་ཤེས་རབ། ལྷག་བསམ་ཁོ་ན་ལག་ཏུ་བསྟར་ཅི་ཐུབ་ལ་འབད།

ལྷག་པར་དུ་གཞན་ལ་ཕན་མི་ཐོགས་ཀྱང་གནོད་པ་མི་བྱེད་པའི་དམ་བཅའ་ལྟར་དུ་ཆོས་བརྒྱུད་ཁག་དང་ཡིག་ཆ་གང་ལའང་ཕྱོགས་ཞེན་མེད་པར་དྲང་བདེན་དང་གནས་ལུགས་ཁོ་ནས་རྗེས་སུ་འབྲངས་ཏེ་དད་པ་དང་དག་སྣང་བྱེད་རྒྱུ་ནི་ཁོང་གི་མི་ཚེའི་སྙིང་བོ་ལྟ་བུར་བརྩི་བཞིན་ཡོད།
མདོར་ན་ཁོང་ནི་གནས་གང་དུ་ཕེབས་ཀྱང་གཉོམ་ཆུང་ཚུལ་མཐུན་གྱི་རང་ཚུགས་མ་ཤོར་བར་ཆོས་དང་མཐུན་པའི་ངང་བཞུགས་པ་དང་། མི་སུ་ལ་འཕྲད་ཀྱང་འགྲོགས་བདེ་ཞིང་གང་ཟག་ཕ་རོལ་བའི་བློ་ཁ་དང་བསྟུན་ནས་ཞལ་བརྡ་གནང་མཁས་པ་ཞིག་ཡིན། རྒྱུད་ཡོན་ཏན་གྱི་རྟོགས་པ་ཀློང་དུ་བརྡོལ་ནའང་བུམ་ནང་གི་མར་མེ་བཞིན་གྲྭ་རྐྱང་ཕལ་བའི་རང་གཤིས་བཟང་པོས་ནམ་ཡང་དམན་སར་བཟུང་ནས་འདུག་ཤེས་པ་ཞིག་ཡིན་པས། ཞི་དུལ་བག་ཡོད་ཀྱི་ཀུན་སྤྱོད་ཁོ་ནས་ཀྱང་སྐྱེ་བོ་མཐོ་དམན་སུས་ཀྱང་མཐོང་བ་ཙམ་གྱིས་ཡིད་ལ་དགའ་དད་སྤྲོ་གསུམ་ངང་གིས་འཁོར་ཞིང་བསྔགས་བརྗོད་ཀྱི་མེ་ཏོག་འབུལ་བར་བྱེད་དོ།།
བརྩམས་ཆོས་ཀྱི་སྐོར་ལ། རིགས་ལམ་གསེར་གྱི་ལྡེ་མིག རྣམ་འགྲེལ་དང་དྲང་ངེས་དབུ་མ་སོགས་ཀྱི་དོགས་དཔྱོད། དེ་མིན་གཞན་གྱི་རེ་བ་ལྟར་བྲིས་པའི་རྩོམ་ཡིག་ཐོ་རེ་བ་མང་ངོ་།།

    ཁོང་གི་ངོ་སྤྲོད་མདོར་བསྡུས་འདི་ནི་ཆོས་གྲོགས་ཤིག་གིས་རེ་འདུན་ལྟར་སྐུ་འབུམ་པ་དཀོན་མཆོག་བསམ་གཏན་ནམ་མི་ཁོམ་པའི་རྒྱལ་སྲས་སུ་འབོད་པས་འབྲི་ཁུལ་བྱས་མོད། དམ་པ་ཁོང་གི་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་སྐོར་ཞིབ་ཕྲའི་གནས་ཚུལ་ཁོ་བོས་རབ་དཀར་ཁ་བཏགས་ཀྱི་སྐྱེས་དང་བཅས་ཕུལ་ནས་ཁོང་ལ་ཞུས་ཀྱང་ཁེངས་སྐྱུང་དང་ཐུགས་མི་དགྱེས་པའི་ཚུལ་བསྟན་ནས་བཀའ་གསུང་རྒྱས་པར་མ་གནང་བས་འདི་ཙམ་ཞིག་གིས་འཐུས་པ་བྱས་པ་༢༠༢༠ལོའི་ཧོར་ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་བྲིས་པ་དགེའོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།