བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་སྔགས་རམས་པ་དགེ་འདུན་ཆོས་གྲགས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-10-12 07:33:40         ཀློག་ཐེངས།  

微信图片_20191224220712.jpg

རྩོམ་པ་པོ།   སྐྱ་རེངས་དཔལ་ལོ།

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན།


༄༅། །དགེ་ལེགས་རྩ་བ་བཤེས་གཉེན་ཚུལ་བཞིན་བསྟེན།།འདུན་པ་དྲག་པོས་བཀའ་པོད་ཉིང་ཁུ་བཞེས།།ཆོས་ཀྱི་བདུད་རྩིས་སྐལ་ལྡན་ཚིམ་མཛད་པས།།གྲགས་པ་འཛམ་གླིང་ཡངས་པའི་ཁྱོན་ན་ལྡིར།།

དེ་ཡང་དགེ་བའི་བཤེས་གཉེན་ཆེན་པོ་སྔགས་རམས་པ་ཀླུ་རྒྱལ་དགེ་འདུན་ཆོས་གྲགས་མཆོག་ནི།    ཡུལ་མདོ་སྨད་གཅན་ཚའི་ཡུལ་གྱི་སྣང་ར་གྲོང་བརྒྱད་ཀྱི་ཡ་གྱལ། ཚོ་བཞི་གྲོང་གི་ཀླུ་རྒྱལ་ཞེས་བྱ་བའི་སྡེ་བ་རུ་ཡབ་ཐར་པ་འབུམ་དང་ཡུམ་འབྲུག་མོ་མཚོ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་དྲུག་པའི་ཟིལ་གནོན་མེ་ཕོ་རྟ་སྟེ།   སྤྱི་ལོ་1966ལོའི་ཧོར་ཟླ་11ཚེས་16ཉིན་གྱི་ཉི་ཤར་གྱི་རྩེ་དགའ་དང་འགྲོགས་ཏེ་སྐུ་འཁྲུངས།

སྔོན་གྱི་བག་ཆགས་བཟང་བོའི་མཐུ་ལས་ཆུང་དུས་ནས་བློ་རིག་ཤིན་ཏུ་གསལ་ཞིང་དཔེ་ཆ་གང་ཡིན་ཡང་དཀའ་ཚེགས་མེད་པར་དེ་མ་ཐག་ཏུ་མཁྱེན་པ་སོགས་སྐྱེས་སྟོབས་ཤེས་རབ་ཀྱི་དཔལ་རབ་ཏུ་འབར།

དགུང་ལོ་དྲུག་གི་སྟེང་ནས་སློབ་ཆུང་དང་དམའ་འབྲིང་རིམ་པར་བརྒྱུད་དེ་ཤེས་བྱའི་གནས་མཐའ་དག་ལ་སྦྱོང་བའི་སྒོ་མོ་ཡངས་པོར་ཕྱེས། དགེ་རྒན་དམ་པ་རིན་ཆེན་རྒྱ་མཚོ་སོགས་ཀྱི་དྲུང་དུ་ཡི་གེའི་འབྲི་ཀློག་སྦྱོང་བའི་དབུ་ཚུགས་ཤིང་རིམ་གྱིས་རིག་ཚན་སོ་སོར་སྦྱོང་སྐབས་སྔོན་གྱི་བག་ཆགས་བཟང་པོའི་མཐུ་ལས་བློ་རིག་གསལ་ཞིང་ཤེས་རབ་ཆེ་བས་དཔེ་ཆ་ཚར་རེ་བསླབས་པས་དེ་མ་ཐག་མཁྱེན་པའི་རྣམ་དཔྱོད་དང་ལྡན་པར་གྲགས་སོ།།

དགུང་ལོ་བཅོ་ལྔ་བ་ལྕགས་སྤྲེལ་སྤྱི་ལོ1980 ལོའི་ཧོར་ཟླ4 བའི་ཚེས་ 8 ཉིན་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ལཱ་མོ་བདེ་ཆེན་པ་ ༧  རྗེ་དགེ་འདུན་རྒྱ་མཚོ་བ་ལས་རབ་ཏུ་བྱུང་སྟེ་མཚན་ལ་དགེ་འདུན་ཆོས་གྲགས་ཞེས་གསོལ། ལཱ་མོ་བདེ་ཆེན་ཆོས་འཁོར་གླིང་གི་ཆོས་སྒོར་ཞུགས་ཤིང་། གདན་ས་དེར་དགེ་རྒན་བཀའ་དྲིན་ཅན་ཨ་ཁུ་དགེ་ལེགས་རྒྱ་མཚོ་མཆོག་གནས་ཀྱི་སློབ་དཔོན་དུ་བསྟེན་ནས་ཆོས་ལྡན་གྱི་བྱ་བ་ཆེ་མ་ཆུང་གསུམ་དང་བཅས་པ་ལ་གཞི་ནས་བསླབས། 

ཡོངས་ཀྱི་བཤེས་གཉེན་ཆེན་པོ་ཞྭ་ཁྲའི་ཨ་ལགས་གྲགས་པ་ཚང་དང་།  སྣང་རའི་གྲམ་པ་ནང་ཨ་ལགས་གྲགས་པ་རྒྱ་མཚོ་སོགས་དགེ་བའི་བཤེས་གཉེན་དུ་མ་ཚུལ་བཞིན་དུ་བསྟེན་ཏེ་སུམ་རྟགས་དག་གསུམ་དང་།  སྙན་ངག བསྡུས་གྲྭ་སོགས་ལ་ཐོས་བསམ་སྦྱངས་པ་མཛད།   རིག་པ་བཟང་ཞིང་བརྩོན་འགྲུས་ཆེ་བས་གཞུང་དོན་ལ་གོ་བ་བཟང་པོ་ཆགས།   ཞོར་དུ་རྒྱུད་གྲྭའི་འདོན་རྟ་དབྱངས་གསུམ་དང་།  ཆོ་ག་ཆོས་སྤྱོད་ཀྱི་རིམ་པ་མཐའ་དག་ཀྱང་ཚེགས་མེད་དུ་མཁྱེན།  སྔ་གཞུག་ཏུ་རྡོ་རྗེ་འཆང་ཆེན་པོ་ལཱ་མོའི་ཡོངས་འཛིན་ ༧  རྗེ་བཙུན་བློ་བཟང་མཁས་གྲུབ་རྒྱ་མཚོ་དཔལ་བཟང་པོ་ལས་བསྡུས་གྲྭ་དང་། བློ་རྟགས་རྟེན་འབྲེལ་སོགས་ཀྱི་དཔེ་ཁྲིད་གང་མང་དང་། བདེ་གསང་འཇིགས་གསུམ་མགོན་ཆོས་ལྷ་མོ་སོགས་ཕྱི་ནང་གསང་གསུམ་གྱི་རྗེས་གནང་དང་ཆོས་སྐྱོང་མང་བོའི་སྲོག་གཏད་སོགས་ཐོབ་པར་མ་ཟད།  དེ་དག་གི་ཆོ་ག་ཕལ་ཆེར་ཐུགས་འཛིན་ཀྱང་མཛད། དེ་མིན་ལམ་རིམ་ཆེ་ཆུང་གཉིས་དང་རྒྱལ་དབང་ལྔ་བ་དང་ཀུན་མཁྱེན་རྣམ་གཉིས་ཀྱི་ལམ་རིམ་འཇམ་དཔལ་ཞལ་ལུང་། རྗེ་ཞྭ་དམར་བའི་ལམ་རིམ་སོགས་ཀྱི་ཁྲིད་ཐོབ།  གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ལཱ་མོ་བདེ་ཆེན་པ་ ༧   རྗེ་དགེ་འདུན་རྒྱ་མཚོ་བ་ལས་སྡོམ་གསུམ་བསླབ་བྱ་དང་གཞི་གསུམ་ཆོ་ག་སོགས་ཀྱི་ཁྲིད་བཤད་ལུང་གང་མང་གསན།  

སྤྱི་ལོ1987ལོར་གོང་ས་ལཱ་མོ་ཞབས་དྲུང་དཀར་པོ་ ༧  རྗེ་བཙུན་བློ་བཟང་ལུང་རིགས་བསྟན་པ་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་བཀའ་བཞིན་དུ་མཚོ་སྔོན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་ཞུགས་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་ ༧ རྗེ་བཙུན་དྷཱིཿཚའི་ཡེ་ཤེས་རྒྱ་མཚོ་མཆོག་ལ་བསྟེན་ནས།   རྣམ་འགྲེལ་དང་།    ཕར་ཕྱིན།  དྲང་ངེས་སོགས་ཀྱི་ཁྲིད་གསན་པས་གཞུང་གི་གོ་བ་ཟབ་མོ་ཆགས།   གདན་ས་ཆེན་པོ་སྐུ་འབུམ་དགོན་པའི་བླ་སྤྲུལ་དགེ་བའི་བཤེས་གཉེན་དུ་མ་ལས་ཀྱང་དཔེ་ཁྲིད་གང་མང་ཐོབ།  སྔ་ཕྱིར་སློབ་གླིང་དེར་བཞུགས་རིང་གསུམ་བཟང་སློབ་མའི་བྱ་དགའ་ཨང་དང་བོ་གང་མང་བཞེས་པར་མ་ཟད།   ཀུན་གཟིགས་བཅུ་བ་ཆེན་པོ་མཆོག་སྐུ་འབུམ་བླ་བྲང་རྩེར་ཕེབས་དུས་སྐུའི་གཞོགས་གཡས་ནས་སྐྱོར་བའི་ཞབས་ཕྱིའང་གང་མང་ཞུས་མྱོང་།

སྤྱི་ལོ་1989 ལོར་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོས་ལཱ་མོ་བདེ་ཆེན་དུ་དུས་དབང་བསྐུར་པར་གསན།

སྤྱི་ལོ་1989 ལོའི་ཟླ་བདུན་པར་ཕུལ་བྱུང་སློབ་མའི་མཚན་བཏགས་བཞེས་ཏེ་སློབ་མཐར་ཕྱིན་ཅིང་། ལཱ་མོ་ཞབས་དྲུང་དཀར་བོ་ ༧ རྗེ་བཙུན་བློ་བཟང་ལུང་རིགས་བསྟན་པ་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་བཀའ་ལུང་ལྟར་དགེ་ལྡན་བསྟན་པའི་རྩ་ལག་རྨ་མགུར་རྣམ་པར་རྒྱལ་བའི་གླིང་གི་དགེ་རྒན་དུ་ཕེབས་ནས་གྲྭ་ཚང་འདུས་སྡེ་ཡོངས་ལ་ལོ་དུ་མའི་རིང་སུམ་རྟགས་དག་གསུམ་དང་།   སྙན་ངག    སྐྱབས་ཁྲིད།    ལམ་རིམ་ཆེ་ཆུང་དང་། འཇམ་དཔལ་ཞལ་ལུང་རྣམ་གཉིས།  གྲུབ་མཐའ་རྩ་འགྲེལ་སོགས་ཀྱི་དཔེ་ཁྲིད་མང་དུ་གནངས་པར་མ་ཟད།  བདེ་གསང་འཇིགས་གསུམ་དང་།  དུས་འཁོར་གྱི་ཐིག་རྩ།   ལས་བཞིའི་སྦྱིན་སྲེག་གི་ཐིག་རྩ།   ས་བདག་ལྟོ་འཕྱེའི་བརྟག་ཐབས་དང་དེའི་ཐིག་རྩ་སོགས་ཀྱི་ཁྲིད་གནངས་ཤིང་།    གྲྭ་ཚང་གི་འཆད་ཉན་བཤད་སྒྲུབ་ཀྱི་ཐད་ལ་ཕྱག་རྗེས་མི་དམན་པ་བཞག་པས་ལཱ་མོ་གོང་ས་སྐུ་ཕྲེང་བརྒྱད་པ་ཆེན་པོ ༧  རྗེ་བཙུན་བློ་བཟང་ལུང་རིགས་བསྟན་པ་རྒྱ་མཚོ་དཔལ་བཟང་བོ་མཆོག་ཐུགས་ཤིན་ཏུ་དགྱེས་པར་མ་ཟད། གྲྭ་དམངས་རྣམས་ཀྱང་ཐུགས་དགྱེས་པའི་ཚུལ་རྨད་དུ་བྱུང་།

དེ་དུས་གཅན་ཚ་རྫོང་ཆོས་དོན་སྡེ་ཁག་གིས་གཅན་ཚ་རྫོང་ཡོངས་ཀྱི་དགོན་སྡེ་སོ་སོའི་གྲྭ་བཙུན་རྣམས་ལ་ནང་བསྟན་རིག་གནས་སྐོར་གྱི་རྒྱུགས་ཤིག་བླངས་པར་རྨ་མགུར་གྲྭ་བཙུན་རྣམས་ཀྱིས་སྤྱིའི་རྒྱུགས་འབྲས་ཨང་དང་བོ་བླངས།  དེ་བས་ཁོང་གི་བཟང་འབྲས་འདི་དང་འདི་ལ་སོགས་པའི་བློ་དཀར་དྲང་བདེན་གྱི་མཛད་རྗེས་གང་མང་ལ་བརྟེན་ནས་ལཱ་མོ་ཞབས་དྲུང་དཀར་པོ་དཔལ་བཟང་བོའི་སྐུ་ཚེ་མཇུག་གི་རྗེས་རབས་བུ་སློབ་མང་པོ་ལས་དམིགས་བསལ་ནང་ཐུགས་ཀྱི་སྲས་སུའང་གྱུར་པར་མ་ཟད།  རྗེས་སུ་ཁྱོད་བླ་བྲང་བཀྲ་ཤིས་འཁྱིལ་དུ་སོངས། དེ་ནས་དཔེ་ཆར་ལྟོས་ཞེས་སོགས་ཀྱི་འབྱུང་འགྱུར་ལུང་བསྟན་ཀྱང་གང་མང་གནངས།

 སྤྱི་ལོ1993ལོར་སྐྱབས་མགོན་ཀུན་མཁྱེན་དྲུག་པ་ཆེན་པོ་ ༧ རྗེ་བཙུན་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་རིན་པོ་ཆེའི་དམིགས་བསལ་ཐུགས་བརྩེ་མི་དམན་པ་ཐོབ་པས། མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆོས་གྲྭར་ཞུགས་ཤིང་ཡོངས་རྫོགས་བསྟན་པའི་མངའ་བདག་རྡོ་རྗེ་འཆང་ཆེན་པོ་  ༧ རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་དཔལ་བཟང་བོ་མཆོག་ཆེད་དུ་བསྟེན་ཅིང་།  དེ་མིན་མཁས་པའི་དབང་པོ་ ༧  རྗེ་དགེ་འདུན་རྒྱ་མཚོ་ཚང་དང་།  དགེ་བའི་བཤེས་གཉེན་ཆེན་པོ་   ༧   རྗེ་བཙུན་རྔ་བ་གྲགས་པ་རྒྱ་མཚོ་ཚང་སོགས་མཚན་ལྡན་བཤེས་གཉེན་དུ་མ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས་གཞུང་བཀའ་པོད་ལྔ་དང་། གསང་སྔགས་རྒྱུད་སྡེ་བཞིའི་སྐོར་ལ་གསན་སྦྱོང་རྡོ་རུས་ཐུག་པ་ལྟ་བུར་གནངས། 

སྤྱི་ལོ་1994 ལོར་བླ་མ་འཇམ་པའི་དབྱངས་སྐུ་ཕྲེང་དྲུག་པ་  ༧  རྗེ་བཙུན་འཇིགས་མེད་བསྟན་པའི་དབང་ཕྱུག་མཆོག་གིས་བསང་ཁོག་ཏུ་དུས་དབང་ཆེན་མོ་གནངས་པར་གསན་པར་མ་ཟད་བླ་བྲང་དུ་མི་ཊ་དང་རྡོར་ཕྲེང་སོགས་གནངས་པའང་གསན།

དེ་ལྟར་མདོ་སྔགས་རིག་གནས་མཐའ་དག་ལ་སློབ་གཉེར་གནང་སྐབས་སྔ་གཞུག་ཏུ་སྐྱབས་འགྲོ་སོགས་ཆོས་སྤྱོད་ཀྱི་སྐོར་མང་པོ་དང་།   སུམ་རྟགས་རྩ་བ།      སྙན་ངག་མེ་ལོང་མ།  དབྱངས་ཅན་སྒྲ་མདོ།    བསྡུས་གྲྭའི་རྩ་ཚིག   བློ་རྟགས་མཐའ་དཔྱོད།    གྲུབ་མཐའ་རྩ་བ།     གྲུབ་མཐའ་རིན་ཆེན་ཕྲེང་བ།  ས་ལམ་ཐེག་གསུམ་མཛེས་རྒྱན།  མངོན་རྟོགས་རྒྱན།    དབུ་མ་འཇུག་པ།  རྣམ་འགྲེལ་རྩ་བ།   རྣམ་འགྲེལ་ཐར་ལམ་གསལ་བྱེད་ཀྱི་དབུ་ཕྱོགས་ཤོག་ངོས་ཞེ་བདུན་ཙམ།  གསེར་ཕྲེང་སྐབས་དང་པོ་ལས་ཤོག་ངོས་སུམ་ཅུ་ལྷག་དང་། གསེར་ཕྲེང་སྐབས་གསུམ་པ།  རྟེན་འབྲེལ་ལུང་རིགས་བང་མཛོད།  དྲང་ངེས་ལེགས་བཤད་སྙིང་པོ་ལས་སེམས་ཙམ་སྐོར་དང་དེའི་ཐད་མཆན་གྱི་ཉེར་མཁོའི་སྐོར་གང་མང་།    མཛོད་རྩ་བ།    སྤྱོད་འཇུག་ཆེན་མོའི་ལེའུ་དྲུག་པ་ཡན་ཆད་སོགས་གཞུང་ལུགས་མང་པོ་ཐུགས་འཛིན་བྱང་ཆུབ་པ་གནངས།

སྤྱི་ལོ 2002 ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཁས་མང་འདུས་པའི་བསྟི་གནས།  རྨད་བྱུང་ཐོས་བསམ་གླིང་དུ་ཕར་ཕྱིན་དམ་བཅའ་ཕུལ་སྐབས་ངེས་དོན་དགེ་བའི་བཤེས་གཉེན་མང་བོས་བསྔགས་བརྗོད་ཀྱི་མེ་ཏོག་བར་མེད་དུ་གཏོར་ཞིང་དགའ་གུས་ཚད་མེད་གནངས། འདི་ལོ་ནས་བཟུང་ལོ་ཁ་ཤས་ལ་བླ་བྲང་དགོན་པའི་དཔེ་མཛོད་ཁང་དུ་དཔེ་སྒྲིག་གི་ལས་ཀ་གཉེར།

སྤྱི་ལོ1995ལོའི་ཧོར་ཟླ་4ཚེས་15ནས་བཟུང་སློབ་གཉེར་གྱི་ཞོར་དུ་ཕྱོགས་ཀྱི་གྲྭ་བཙུན་བུ་སློབ་མང་པོར་དཔེ་ཁྲིད་བྱེད་མུས་སུ་ ༧ རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་མཆོག་གི་དྲུང་ཡིག་གི་འགན་བཞེས་ཤིང་། ཁོང་གི་བཀའ་རྩོམ་ཕར་ཕྱིན་དང་། དབུ་མ། སྤྱོད་འཇུག་གི་འགྲེལ་བ།  སྐུ་བསྟོད་གསོལ་འདེབས་སྐོར་གང་མང་།  ལཱ་མོ་ཡོངས་འཛིན་རིན་པོ་ཆེའི་རྣམ་ཐར་ཁ་སྐོང་སྨད་ཆ་སོགས་པོད་དྲུག་ལྷག་གི་ཡི་གེ་བ་དང་ཞུས་ཆེན་པའི་ཕྱག་ལས་གཅིག་ལྕོགས་སུ་གནངས་པས། དམ་པ་གང་གི་ཐུགས་ཟིན་པ་བྱུང་ལ་དགྱེས་བརྩེའི་གཟིགས་པའང་བསམ་གྱིས་མི་ཁྱབ་པ་ཐོབ་པའི་བཀའ་དྲིན་སྟོང་གསུམ་གྱི་ཁྱོན་ལས་འདས།  

དགུང་ལོ་སོ་དགུ་པ་ཤིང་སྤྲེལ་སྤྱི་ལོ 2004ལོར།    ལཱ་མོ་གོང་ས་དགུ་བ་ ༧  རྗེ་བཙུན་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ངཔལ་བཟང་བོ་མཆོག་དང་།  ཡོངས་འཛིན་རིན་པོ་ཆེ་ ༧  རྗེ་བཙུན་བློ་བཟང་མཁས་གྲུབ་རྒྱ་མཚོ་རྣམ་གཉིས་ཀྱིས་ཆེད་དམིགས་བཀའ་བགྲོས་ཀྱིས་ཞུ་སྣ་ཕུལ་བར་བརྟེན། བླ་བྲང་དགོན་པའི་དོ་དམ་ཁང་གིས་ཆེད་མངགས་བཞིན་གཅན་ཚ་རྨ་མགུར་རྣམ་རྒྱལ་གླིང་དུ་ཡང་བསྐྱར་ཕེབས་ནས་སྐྱབས་ཁྲིད་སོགས་མང་དུ་གནངས་པ་དང་།    སློབ་གྲྭ་ཆེ་འབྲིང་ནས་ཐོན་པའི་དགེ་སློབ་མང་པོར་ནང་དོན་རིག་པ་དང་།  རིག་གནས་སྐོར་གྱི་དཔེ་ཁྲིད་མང་དུ་བསྩལ། 

  སྔ་གཞུག་ཏུ་གུང་ཐང་འཇམ་པའི་དབྱངས་སྐུ་ཕྲེང་དྲུག་པ་ ༧  རྗེ་བཙུན་འཇིགས་མེད་བསྟན་པའི་དབང་ཕྱུག་མཆོག་དང་། སྐྱབས་རྗེ་བདེ་ཐང་ཞབས་དྲུང་རིན་པོ་ཆེ་རྣམ་གཉིས་ལས་དབང་བསྐུར་མང་དུ་ཐོབ་པ་དང་།   ཁྱད་པར་དུ་ ༧  རྗེ་འཇམ་དབྱངས་རྒྱ་མཚོ་དཔལ་བཟང་བོ་མཆོག་ལས་གསང་སྔགས་རྒྱུད་སྡེ་བཞིའི་དབང་དང་རྗེས་གནང་སྟེ་མི་ཊ་དང་། རྡོར་ཕྲེང་།  སྣར་ཐང་བརྒྱ་རྩ།  བ་རི་བརྒྱ་རྩ། ཞལ་རྣམ་འགྱུར་བཅུ་བདུན།  སྟག་ཕུའི་དག་སྣང་སོགས་ཁོང་ལ་གང་བཞུགས་རྣམས་ཕལ་ཆེར་མ་ཐོབ་པ་མེད་པའི་ཚོད་དུ་གདའ།    དེ་མིན་མན་ངག་སྐོར་དང་། བསྐྱེད་རྫོགས་ཀྱི་ཁྲིད།  ལམ་རིམ་བློ་སྦྱོང་སོགས་ཀྱི་ཁྲིད། འགྲེལ་བ་བཞི་སྦྲགས་ཀྱི་ཁྲིད། ཀུན་མཁྱེན་བཀའ་འབུམ་ལས་འཇིགས་བྱེད་ཆོས་འབྱུང་སོགས་བཀླགས་ལུང་བཞུགས་པ་ཇི་སྙེད་ཅིག་དང་།  ཕར་ཕྱིན་མཐའ་དཔྱོད་མཆན་དང་བཅས་པའི་ཁྲིད།   གྲུབ་མཐའ་ཆེན་མོའི་མཆན་སྦྲགས་ཀྱི་བཤད་ལུང་སོགས་ཐོབ། དེ་མིན་རྗེ་ཤེས་རབ་རྒྱ་མཚོའི་བཀའ་འབུམ་དང་།   རྗེ་ཞང་ལྷ་རིན་པོ་ཆེའི་བཀའ་འབུམ་སོགས་ལས་བཀླགས་ལུང་དང་བཤད་ལུང་།  བཀའ་རྒྱའི་སྐོར་གང་མང་། ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེའི་བཀའ་འབུམ་གསན་པར་མ་ཟད།  དམིགས་བསལ་གྱིས་ཁོང་གཅིག་པུ་ལ་སྔགས་ཕྱོགས་ཀྱི་བཀའ་ཁྲིད་ཟབ་མོ་གང་མང་ཡང་བཀའ་དྲིན་དུ་བསྩལ་པ་དང་། སྨན་གྱི་ཆ་ལག་བཅོ་བརྒྱད་སོགས་རྒྱ་ཆེར་གནངས་པས་དབང་ལུང་མན་ངག་གི་གཏེར་མཛོད་དུ་གྱུར།

སྤྱི་ལོ2005ལོར་མདོ་སྨད་བསྟན་པའི་མངའ་བདག་ཀུན་མཁྱེན་རིན་པོ་ཆེ་མཆོག་གིས་བཀའ་གནངས་པ་ལ་བརྟེན། བླ་བྲང་དགོན་པའི་དོ་དམ་ཁང་གི་གསུང་བཀོད་བཞིན་སི་ཁྲོན་མཛོད་དགེ་གྲོ་ཚང་དགོན་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་གི་དགེ་རྒན་དུ་ཕེབས་ནས་ད་བར་དུ་མི་ལོ་བཅོ་ལྔ་ལྷག་ལ་གྲྭ་བཙུན་བརྒྱ་ཕྲག་མང་བོར་ལམ་རིམ་ཆེ་ཆུང་དང་བསྐྱེད་རྫོགས།  བསྡུས་གྲྭ་དང་བློ་རྟགས།  བརྡ་དག་སོགས་ནང་བསྟན་གཞུང་ལུགས་ཀྱི་ཟབ་ཁྲིད་གནང་མུས་སུ་བཞུགས་པ་དང་།

སྤྱི་ལོ་2007ལོ་ནས་བླ་བྲང་དགོན་པའི་རིག་གནས་སྦྱོང་བརྡར་འཛིན་གྲྭའི་དགེ་རྒན་གྱི་འགན་བཞེས་ནས་གདན་ས་རང་གི་གྲྭ་རྒྱུན་གསར་བུ་རྣམས་ལ་བརྡ་སྤྲོད་སོགས་འཁྲིད་པའི་འགན་ལྕིད་མོ་བདག་གིར་བཞེས།

སྤྱི་ལོ2008ལོ་ནས་2015ལོའི་བར་དུ་བླ་བྲང་རྡོ་རམས་པ་དང་དེ་ནས་བཟུང་སྟེ་ཀྱེ་རྡོར་གྲྭ་ཚང་དུ་སྔགས་ལ་ཞུགས་ནས་སྤྱི་ལོ་2020ལོའི་ཧོར་ཟླ་2པར་གྲྭ་ཚང་དེ་གར་སྔགས་ཀྱི་དམ་བཅའ་གནངས།

སྤྱི་ལོ་2009ལོའི་ཧོར་ཟླ་5 བའི་ཉི་ཤུ་ལྔའི་ཉིན་སྐྱབས་མགོན་ཀུན་མཁྱེན་རིན་པོ་ཆེ་མཆོག་གིས་དམིགས་བསལ་གཟིགས་སྐྱོང་ལ་བརྟེན་ནས་བླ་བྲང་དགོན་པའི་དོ་དམ་ཁང་གི་མངགས་བཀོད་ལྟར་ཁྲི་ཆེན་ཟམ་ཚ་མཆོག་སྤྲུལ་རིན་པོ་ཆེ་དང་། ཨ་ལགས་དམེ་ཤུལ་མུ་ཏོ་ཚང་སོགས་བླ་སྤྲུལ་མི་སྣ་དང་ལྷན་ཏུ་དབུས་གཙང་ཡུལ་གྲུ་སོ་སོར་མཆོད་མཇལ་དང་གཙང་བཀྲ་ཤིས་ལྷུན་པོར་ཀུན་གཟིགས་མཆོག་གི་ཆོས་སྟོན་མཛད་སྒོར་ཞུགས་པའི་སྐལ་བ་ཐོབ། 

 འདི་ལོའི་ཧོར་ཟླ་9བར་རྩོད་རྒྱུགས་སོགས་ཀྱི་འགྲོ་ལུགས་བརྒྱུད་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བདུན་པའི་མཐོ་རིམ་རབ་འབྱམས་པའི་འཛིན་གྲྭར་ཞུགས་ནས་ལོ་ངོ་གཉིས་རིང་གཞུང་ལུགས་སྐོར་ལ་ཐོས་བསམ་སྨིན་རྒྱས་སུ་མཛད་པའི་ཞོར་དུ་རྗེས་འཇུག་གི་བུ་སློབ་མང་བོ་བསྐྱངས།

སྤྱི་ལོ2011ལོར་སྐབས་བདུན་པའི་ནང་བསྟན་མཐོ་རིམ་རབ་འབྱམས་པའི་མཚན་བཏགས་བཞེས།         

སྤྱི་ལོ་2012 ལོར་སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་ལྟར་དུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་དུ་སྐབས་གཉིས་པའི་ཆོས་དོན་དགོངས་འགྲེལ་བགྲོ་གླེང་ལ་ཞུགས་ནས<<བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་དགེ་མཚན་གླེང་བ>>ཞེས་པའི་བརྗོད་གཞི་ལས་བརྩམས་ཏེ་མཁས་པ་མགུ་བའི་གཏམ་བརྗོད་རྨད་དུ་བྱུང་བ་སྤེལ།   

སྤྱི་ལོ་2012 ལོར་བླ་མ་རིན་པོ་ཆེ་  ༧  རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་མཆོག་གིས་ཁོ་ཚེ་ནས་གནངས་པའི་དུས་འཁོར་དབང་ཆེན་དང་།  སྤྱི་ལོ་2015ལོར་རྒན་གྱ་ནས་གནངས་པའི་དུས་འཁོར་དབང་ཆེན་ཡང་གསན་མྱོང་།

སྤྱི་ལོ་2014ལོའི་ཟླ་6ཚེས་28ཉིན་ཁོང་གི་བླ་མ་རིན་པོ་ཆེ་ ༧ རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་ཚང་འཁོར་དང་བཅས་པ་རང་གི་ཕ་ཁྱིམ་དུ་གདན་དྲངས་ཏེ་མ་རྒན་དྲིན་མོ་ཆེར་གཟིགས་རྟོག་དང་བསྔོ་སྨོན་སྐྱབས་འཇུག་གནད་སྨིན་གནངས་པ་ནི་ཁོང་རང་གི་མི་ཚེ་འདིའི་ཁྱད་དུ་འཕགས་པའི་ལས་དོན་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པར་གླེང་།  དེ་དུས་ཁོང་ཚོས་ཞབས་འཁོར་མང་པོ་ཡོད་པར་བསམ་མེད་ཀྱང་། གྲྭ་བཙུན་བཅུ་དྲུག་ཙམ་དང་གྲོང་བ་ཞབས་ཞུ་བའང་དེ་ལུགས་ཀྱིས་མང་ནའང་བཞེས་པ་སོགས་ལ་ལག་ཐོགས་མ་དགོས་པ་བྱུང་། ཁོང་ཡོངས་འཛིན་རིན་པོ་ཆེས་དབུ་བསྐུལ་ཏེ་སྒྲོལ་མ་ཚར་གསུམ་དང་རླུང་རྟ།  དེ་མིན་བསྟན་པ་རྒྱས་པའི་སྨོན་ལམ་སོགས་དང་མཆོད་ཁང་ལ་རབ་ཏུ་གནས་པ་མཛད། རྟེན་སྐལ་དུ་ཚེ་མཐའ་ཡས་པའི་ལི་སྐུ་བྱིན་ཅན་ཞིག་བསྩལ་པ་ད་ལྟའི་ཁོང་ཚང་གི་ཕ་ཁྱིམ་དུ་བཞུགས།

ཁོང་ཉིད་རྒྱུན་དུ་དགོན་པར་བཞུགས་ནས་འཕགས་བོད་བཀའ་པོད་གཞུང་བརྒྱར་ཐོས་བསམ་དང་། ཞིབ་འཇུག   ཉམས་ལེན་དང་མཉམ་དུ་གདུལ་བྱ་མང་པོར་བསྡུས་གྲྭ  བློ་རྟགས་དང་། ཕར་ཕྱིན་དབུ་མ་སོགས་ཀྱི་དཔེ་ཁྲིད་དང་།  རྗེ་ པྲཉྫའི་གསུང་གི་བདེ་གསང་འཇིགས་གསུམ་གྱི་བསྐྱེད་རྫོགས། རྗེའི་ལམ་སྔགས་གཉིས་དང་། དབལ་མང་སྔགས་ཀྱི་སྤྱི་དོན། དཔལ་ཞང་ལྷ་རིན་པོ་ཆེའི་གསུང་ལས་སྔགས་ཀྱི་ས་ལམ་དང་། ལམ་རིམ་གླང་སྨྱོན་འདུལ་བའི་ལྕགས་ཀྱུ། ལུང་སྟོང་ཕྱུགས་རྫིའི་གླིང་བུ་སོགས་ཀྱི་ཁྲིད་གང་མང་གནངས་པ་དང་། ཁྱད་པར་དུ་ཕྱོགས་འདུས་རྣམས་ལ་སྒྲ་དང་།  བོད་ཀྱི་བརྡ་སྤྲོད་སུམ་རྟགས་དག་གསུམ་དང་།    སྙན་ངག་དཎ་ཊིའི་དགོངས་རྒྱན། དབྱངས་ཅན་དགྱེས་གླུ། སྙན་འགྲེལ་ཡང་གསལ་སྣང་མཛོད།  སྙན་ངག་སྤྱི་དོན་སོགས་ཀྱི་ཁྲིད་དང་བཅས་པའི་འཆད་ཉན་མང་དུ་གནངས་པས་དོན་གཉེར་ཅན་མང་པོས་དད་གུས་ཚད་མེད་ཐོབ་པོ།།

སྤྱི་ལོ་2020ཧོར་ཟླ་1ཚེས་3-8བར་དུ་དོ་དམ་ཁང་གིས་བཀའ་གནངས་ལྟར་བླ་བྲང་ནང་དུ་རྣམ་སྲས་གཡང་སྒྲུབ་ཀྱི་བླ་མ་ལ་སོང་ནས་བསྟན་འགྲོའི་བདེ་སྐྱིད་དང་། ཁྱད་པར་དུ་བླ་མ་དམ་པའི་བརྟན་རིམ་དུ་འགྲོ་ངེས་ཀྱི་དམིགས་རྣམ་རྒྱ་ཆེན་པོ་བསྐྱངས།  ལོ་སྔོན་མའི་ཧོར་ཟླ་བཅུ་གཅིག་པ་ནས་བཟུང་བླ་མ་རྡོ་རྗེ་འཆང་གི་བཀའ་གསུང་ལྟར་སྔགས་སྤྱི་དང་འབྲེལ་ཡོད་ཀྱི་རིམ་ལྔ། དེ་མིན་སྔགས་ཀྱི་ས་ལམ་གང་མང་ལ་ཞིབ་གཟིགས་ཀྱིས་སྔགས་སྐོར་ལ་བག་ཆགས་ཟབ་མོ་བཞག  ལོ་སར་སྐབས་སུའང་ཉིན་མཚན་དབྱེར་མེད་དུ་དཔེ་བལྟས་དང་བློར་འཛིན་སོགས་་བྱས་ཏེ་གྲྭ་ཚང་རིན་པོ་ཆེ་དང་བླ་མ་རིན་པོ་ཆེར་ཐུགས་མཉེས་པའི་མཆོད་པ་ཞིག་འབུལ་ཨེ་ཐུབ་སྙམ་པའི་ཀུན་སློང་ཟབ་མོས་དུས་འདའ་བར་བྱས།

 ཧོར་ཟླ་གཉིས་པའི་ཚེས་བཅོ་ལྔའི་ཉིན་བླ་མ་རིན་པོ་ཆེས་ཉེ་གནས་ཀྱི་ཞལ་པར་བརྒྱུད།   ཨ་རོ་ཆོས་གྲགས།  ཁྱོས་སྔགས་སྐོར་ལ་བལྟས་པ་བཟང་ངམ།  དམ་བཅའ་ལ་གྲ་སྒྲིག་བྱས་པ་བཟང་ངམ་ཞེས་སོགས་ཀྱི་བཀའ་གསུང་ཐོས་པས་ཡིད་ལ་དགའ་དད་འདྲེས་མ་དང་།  ཁྱད་པར་དུ་འཚུབ་ཆ་དང་བྲེད་དངངས་བྱུང་། 

ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་སེམས་ལ་འཚུབ་ཆ་ལངས་པར་མ་ཟད།  བལྟས་ཟིན་གྱི་དཔེ་ཆའི་ནང་དོན་རྣམས་ཅི་ཡང་དྲན་རྒྱུ་མེད་པར་གྱུར་པས་བླ་མ་རིན་པོ་ཆེར་ཞལ་པར་བརྒྱུད།   དེ་ལུགས་ཀྱི་སྙན་གསན་ཕུལ་པས་འོ་དྲག་མོད། ལྷོད་ལ་ཕོབས།  རླུང་རེད་ཡ། ཞེས་སོགས་གསུངས་པས་རང་སེམས་ལ་ཕན་རླབས་ཆེན་པོ་བྱུང་།  དེ་ནས་དུས་ཚོད་ལྔ་ལ་མ་ཐོན་ཙམ་ལ་ཀྱེ་རྡོར་དུ་དམ་བཅའ་དངོས་གཞིར་ཕེབས་ནས་བཙན་ཁང་དུ་གནོད་སྦྱིན་ཆེན་པོར་མཆོད་མེ་སྙན་ཤལ་དང་བཅས་ཕུལ་ནས་སྐྱབས་འཇུག་ཞུས་པས་རིམ་གྱིས་སེམས་པ་ལྷོད་ལ་བབས་སོང་བར་བཤད། དེ་ནས་དགེ་སྐོས་ཀྱིས་བརྡ་བཏང་པ་ལྟར་སོང་ནས་གྲལ་རྔ་རུ་ཕྱག་གསུམ་འཚལ།  ཆོས་གོས་གྱོན་ནས་འདུ་ཁང་གྲལ་མགོར་བཞུགས་ཁྲི་ལ་མཇལ་བ་དང་དུས་མཚུངས།  ཁྲིའི་གཡས་སུ་བཞུགས་པའི་དཔལ་མགོན་བྲམ་གཟུགས་ཆེན་པོར་སྒེར་གྱིས་སྐྱབས་གསོལ་ཞུས་ནས་འདུ་ཁང་ཕྱི་ཁྱམས་སུ་ཡོང་ནས་སྡོད་གནས་སུ་དལ་འབྱོར་དཔག་བསམ་མ་བཏོན་པར་ཤར་ཤར་བློ་ཐོག་ནས་ཐོན་པ་ཞིག་མ་བྱུང་ནའང་སྒྲ་དག་གསལ་གསུམ་གྱིས་ཀུན་ཡིད་དྲངས། ཉིན་དེར་སྔགས་སྤྱི་དོན་གྱི་མགོ་ནས་དྲིས་པས་ཚིག་དོན་གཉིས་ཆ་ནས་ཡོད་པར་མ་ཟད།  རྟགས་གསལ་འཕངས་པ་ལའང་ཐག་ཐོགས་མེད་པར་ལན་གདབ་ཐུབ་པ་བྱུང་།

ཚེས་བཅོ་བརྒྱད་ཉིན་ཀྱེ་རྡོར་གྲྭ་ཚང་ལ་གྲྭ་ཇ་ཕུལ་ཅིང་། ཕོགས་ལ་སྒོར་ཉེར་གཉིས་རེ་ཕུལ།   གདུང་མདུན་སོགས་སུ་མཆོད་མེའང་གང་མང་ཕུལ་ཏེ་བསྟན་འགྲོར་སྨན་པའི་སྨོན་ལམ་ནན་ཏན་བཏབ།  ཉིན་འདིར་ཡང་རྟགས་གསལ་སོགས་གང་ཅིའི་ཐད་ལ་དཀའ་ལས་མ་བྱུང་།

ཚེས་བཅུ་དགུའི་ཉིན་དྲི་བ་ལ་སྔགས་སྤྱི་དྲིས་ཤིང་ཚིག་དོན་གཉིས་ཆ་ལ་ཞིབ་ཆ་དོད་པོ་མ་བྱུང་ན་གང་ཡིན་གྱིས་ལན་གདབ་པར་དཀའ་ཙམ། ཡིན་ནའང་རྒྱན་བདུན་གྱི་བར་དུ་ཚིག་དོན་གཉིས་ཆ་ལ་ལེགས་ཙམ་བྱུང་ནའང་རྒྱན་ཉེར་བརྒྱད་ཀྱི་གྲངས་འདྲེན་ཞིབ་པར་མ་ཐོན་པས་དཀའ་སེ་བྱུང་ནའང་རྟགས་གསལ་མུ་བཞི་སོགས་བཏང་བར་གཅིག་ཀྱང་མ་ཆད་པར་ལན་བཏབ་པར་ཁོས་ཀྱང་བདེན་ཁ་བྱིན།

 ཚེས་ཉི་ཤུའི་ཉིན་ཚིག་དོན་གཉིས་ཆའི་ཐད་ལ་བྱང་ཆུབ་པ་བྱུང་བ་ནི་བདག་གཞན་ཀུན་ཀྱི་ཡིད་གསོས་སུ་གྱུར།  

ཚེས་ཉེར་གཅིག་ཉིན་ཡུལ་བ་གཙོས་ཉེ་འབྲེལ་རུ་སྡེ་ཚོ་བ་དང་བཅས་པས་གྲ་སྒྲིག་ལེགས་པར་བྱས་པའི་སྣང་རའི་གོ་རེ་སྤུས་ལེགས་རེ་དང་གོར་དམར་ལྔ་རེ།  ཚོགས་རྫས་བཅས་མཆོད་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པས་གྲྭ་ཚང་རིན་པོ་ཆེར་བསྙེན་བཀུར་གཟབ། དེ་དང་དུས་མཚུངས་སུ་གསེར་ཁང་བྱམས་པར་གོས་དར་ཕུན་སུམ་ཚོགས་པས་སྙན་དར་ཕུལ་ཏེ།  བླ་བྲང་ཁྲི་ཁར་མཇལ་ནས་མྱུར་སྟབས་ཀྱིས་རང་ཤག་ཏུ་ཐོན་དུས་འཛིན་གྲྭ་ཡུལ་ཕྱོགས་ངོ་ཤེས་དང་བཅས་པའི་དགེ་བཤེས་གང་མང་གིས་བསུ་བ་དང་། དེ་མིན་ཕ་ཡུལ་ཀླུ་རྒྱལ་སྡེ་བ་དང་ཚོ་བ་གཉེན་ཉེ་གྲོང་བ་བརྒྱ་ཕྲག་དུ་མས་མདུན་བསུས་ཏེ།  རང་ཤག་ཏུ་ཁྲི་ཁར་འཁོད་པ་དང་།   དུས་མཚུངས་སུ་བཞུགས་གྲལ་ལ་འཚོགས་ཏེ་དམ་པ་ལྷ་ཆོས་ཀྱི་ཆོ་ལོ་མི་དམན་པས་དགའ་སྟོན་བསམ་གྱིས་མི་ཁྱབ་པས་དགའ་སྤྲོའི་ཡོ་ལང་རྣམ་པར་རྒྱས།

 ཁྱད་པར་དུ་ལཱ་མོའི་གོང་ས   ༧  མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་ཀྱིས་བཀའ་བཀོད་ལྟར། ལཱ་མོ་བདེ་ཆེན་དང་།  རྨ་མགུར་རྣམ་རྒྱལ་གླིང་གཉིས་ཀྱི་སྐུ་ཚབ་ལས་སྣ་ཆེད་ཕེབས་ཀྱིས་སྡེར་ཆེན་སྡེར་ཐེབས་དང་བཅས་པ་ཕུལ་པས་ཐོག་དྲངས་ཀྱེ་རྡོར་གྲྭ་ཚང་གི་ལས་སྣེ་བླ་མ་རྡོ་རྗེ་དང་དབུ་ཆོས་གཉིས་ཀྱིས་གཙོས་གྲྭ་ཚང་ཡོངས་དང་། དེ་མིན་བླ་བྲང་དགོན་པའི་གྲྭ་བཙུན་དགེ་བཤེས་མང་བོས་དྲི་མེད་ཀྱི་ཁ་དར་ཕུལ་ཚར་བ་དང་བསྟུན་གྲོང་པ་རྣམས་ཀྱིས་ཁ་དར་ཕུལ། དེ་ནས་གྲྭ་བཙུན་མང་བོར་གསོལ་སྟོན་རྒྱ་ཆེན་པོ་ཕུལ་པ་དང་མཇུག་ཏུ་གྲོང་བ་རྣམས་ལ་དགའ་སྟོན་ཕུལ་པ་སོགས་ཀྱི་ལེགས་མཛད་བསམ་རྗོད་ཀྱི་ཡུལ་ལས་འགོངས།  མཛོད་དགེ་གྲོ་ཚང་དགོན་པའི་གྲོ་པཎྜི་ཏ་ ༧ རྗེ་བཙུན་འཇམ་དབྱངས་དགེ་ལེགས་ཡོན་ཏན་རྒྱ་མཚོ་མཆོག་གིས་གཙོས་གྲོ་ཚང་དགོན་འདུས་སྤྱི་ཐུན་མོང་གིས་ཀྱང་བཀུར་གཟོས་གཟབ།

རྗེས་སུ་ཁོང་ཡོངས་འཛིན་རིན་པོ་ཆེའི་ཞལ་ནས་ཀྱང་ཐུགས་དགྱེས་པའི་གསུང་བཤད་གང་མང་གནངས་པ་བཅས་བཀའ་དྲིན་གྱི་དཔལ་དུ་ཆེ་བ་སོགས་བསྟན་པ་རིན་པོ་ཆེའི་མཛེས་རྒྱན་དུ་བཞུགས་པ་འདི་ལགས་སོ།།

དེང་སྐབས་དམ་པ་ཁོང་གི་ཕྱག་ལས་ཀྱི་གཙོ་བོ་ནི་ཡོངས་འཛིན་རིན་པོ་ཆེ་ ༧ རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་ཚང་གི་དྲུང་ཡིག་གི་འགན་ཁུར་བ་དང་། ཀན་སུའུ་ནང་བསྟན་སློབ་གླིང་གི་དགེ་རྒན།  ཀན་སུའུ་བསང་ཆུ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས། ཀྱེ་རྡོར་གྲྭ་ཚང་གི་སྔགས་རམས་པ།   གཅན་ཚའི་རྨ་མགུར་དགོན་པའི་དགེ་རྒན་དང་།མཛོད་དགེ་གྲོ་ཚང་དགོན་པའི་དགེ་རྒན་བཅས་ཀྱི་འགན་འཁུར་བཞིན་ཡོད་ལ།ད་དུང་ཁོང་གིས་ཐོས་བསམ་སོགས་ནམ་རྒྱུན་བྱ་བའི་བྲེལ་ཟིང་གི་ཁྲོད་ནས་སྐུ་ཚེགས་ལ་མི་འཛེམས་པར་བོད་ཀྱི་རིག་གནས་མི་ཉམས་དར་སྤེལ་གྱི་ཕྱིར་དུ་ཕྱོགས་སོ་སོ་ནས་ཕེབས་པའི་དགེ་འདུན་པ་དང་།རིས་སུ་མ་ཆད་པའི་སློབ་ཆེན་སློབ་མ་སོགས་སློབ་གཉེར་བ་སྐྱ་སེར་བརྒྱ་ཕྲག་མང་བོ་ལ་སློབ་ཁྲིད་ཆག་མེད་དུ་གནང་བཞིན་མཆིས་སོ།།

ཁོང་གི་གསུང་རྩོམ་གྱི་སྐོར་ལ།<<ལཱ་མོ་གྲགས་པ་རྒྱ་མཚོ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར།>><<ལྷ་ཁང་ཆེན་མོ་སྲིད་གསུམ་དགེ་ལེགས་འབྱུང་བའི་རོལ་མཚོའི་དཀར་ཆག་དད་གསུམ་ཉིན་བྱེད་འདྲེན་པའི་སྐྱ་རེངས།>> <<མཛོད་དགེ་གྲོ་ཚང་དགོན་དགེ་ལྡན་བཤད་སྒྲུབ་དར་རྒྱས་གླིང་གི་སྒྲིག་ཡིག་འདོན་སྒྲིག་གི་རིམ་པ་གསལ་བར་བཀོད་པ་ཤེལ་དཀར་མེ་ལོང་།>> <<ཡོངས་འཛིན་རིན་པོ་ཆེ་ ༧རྗེ་འཇམ་དབྱངས་རྒྱ་མཚོ་མཆོག་གི་རྣམ་ཐར་མདོར་བསྡུས།>> <<གྲོ་ཚང་མ་ཧཱ་པཎ་ཊི་ཏ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར།>><<མཛོད་དགེ་གྲོ་ཚང་དགོན་པའི་ལོ་རྒྱུས།>> <<གྲོ་བློ་གོ་ཚང་སྐུ་ཕྲེང་སྔ་ཕྱིའི་རྣམ་ཐར།>><<བྲག་སྒོམ་པ་དཀོན་མཆོག་བསྟན་པ་རབ་རྒྱས་སྐུ་ཕྲེང་ལྔའི་རྣམ་ཐར་མདོར་བསྡུས།>><<ཨ་མཆོག་སེ་ར་ཚང་སྐུ་ཕྲེང་ལྔའི་རྣམ་ཐར་མདོར་བསྡུས།>><<ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་ལཱ་མོ་བློ་བཟང་བསྟན་པ་ཚང་གི་རྣམ་ཐར་སྐལ་ལྡན་དད་པའི་གསོས་སྨན།>><<དགེ་བའི་བཤེས་གཉེན༧ རྗེ་བྱམས་མེ་ངག་དབང་ཚང་གི་རྣམ་ཐར་མདོར་བསྡུས།>>དེ་མིན་འཁྲུངས་རབས་རྣམ་ཐར་གྱི་སྐོར་གང་མང་།  དུས་དབང་སྐབས་ཀྱི་བཤད་པ་སྐལ་ལྡན་དང་བ་འདྲེན་པའི་ལྕགས་ཀྱུ།མཎ་ཊལ་བཤད་པ་གང་མང་། <<ཆོས་སྐྱོང་འགའི་བསང་ཡིག་གི་སྐོར།>><<སྐྱབས་རྗེ་ཐུའུ་བཀྭན་རིན་པོ་ཆེའི་སྐུ་ཚེ་སྟོད་ཀྱི་ལོ་རྒྱུས་མི་ལོ་ཉི་ཤུའི་རྗེས་ཀྱི་ཕྱིར་མིག>><<ཐེ་བོ་དགུ་བརྒྱ་དགོན་དུང་དཀར་བསམ་འགྲུབ་གླིང་གི་ལོ་རྒྱུས།>><<གྲུབ་མཐའི་སྐོར་གྱི་སྤྱི་བཤད་དང་འབྲེལ་སྔགས་ཀྱི་དོགས་སློང་བློ་གསལ་རིག་པའི་དགའ་སྟོན།>> ངེས་དོན་གྱི་མཁས་གྲུབ་གཉིས་འཛོམས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་  ༧  རྗེ་བཙུན་བློ་བཟང་བསྟན་པ་ཚང་གི་ཕྱག་བཞེས་བཞིན་བྲིས་པའི་<<ཀུན་བཟང་འཁོར་ལོ་ཁྱད་དུ་འཕགས་པ། >> <<ལཱ་མོ་ཚ་གན་ནོ་མོན་ཧན་ནམ་ལཱ་མོ་ཞབས་དྲུང་དཀར་པོ་འཁྲུངས་རབས་རིམ་བྱོན་གྱི་མཛད་རྣམ་མདོར་བསྡུས་པད་དཀར་ཕྲེང་མཛེས།>>  རང་གི་ལོ་ཆུང་བྱིས་པའི་དུས་ཀྱི་བྱུང་བ་དངོས་<<ཆུང་འབྲིང་སློབ་མའི་སྐབས་ཀྱི་འཚོ་བ།>> ཞེས་པ།ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭས་བསྒྲིགས་ཞེས་པའི་<<བོད་བརྒྱུད་ནང་བསྟན་གྱི་རྒྱུན་སྤྱོད་ཡིག་རིགས་རྣམ་གཞག >> ཅེས་པ་སོགས་དང་།

གཞན་ཡང་གངས་རྒྱན་མེ་ཏོག་དང་། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དུས་དེབ།   ཀུར་གུམ་ཆུན་པོ།   སེང་དཀར་ཞབས་རྗེས་སོགས་བོད་ཀྱི་དུས་དེབ་མང་བོའི་སྟེང་དུའང་དཔྱད་རྩོམ་དང་རྗེས་དྲན་སྙན་རྩོམ་སོགས་བསྟོད་ཚོགས་མང་པོ་སྤེལ་པ་ལ་ཀུན་ཀྱིས་དོ་སྣང་དང་དགའ་བསུ་ཚད་མེད་ཐོབ་ཡོད།

མདོར་ན་དམ་པ་ཁོང་ནི་རྣམ་དཔྱོད་ཀྱི་རྩལ་རྫོགས་ཤིང་རིག་པའི་གནས་ཀུན་ལ་མཁྱེན་རྒྱ་ཡངས་པ། རང་ལྟ་མཆོག་འཛིན་ལ་མི་མཉེས་ཤིང་། གྲུབ་མཐའི་ཕྱོགས་རིས་དང་འཐེན་འཁྱེར་ལ་མི་དགའ་བ།བདེན་པ་ལ་ཡིད་རྟོན་ཚ་བ་དང་་མི་རིགས་རིག་གནས་ལ་བློ་སེམས་དཀར་བ། གྲྭ་རྐྱང་དཀྱུས་མའི་འཚོ་བ་ངན་ངོན་ཙམ་ལས་ཁེ་འབྱོར་དང་སྙན་གྲགས་སོགས་འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བ་གང་ལའང་དང་དོད་མི་བྱེད་མཁན་ཞིག་ཡིན་ཞིང་།ལྷག་པར་དུ་ཁོང་ནི་ཕྱི་ནང་གི་སྤྱོད་པ་གང་ལའང་བརྫུ་བག་དང་བཅོས་མའི་ལྷད་མི་འདྲེས་པར་གཏམ་གྱི་སྦྱོར་བ་མཐའ་དག་ཀྱང་དྭངས་བསིལ་གྱི་རྫ་ཆུ་ཇི་བཞིན་ངག་ལས་ཤར་ཤར་བཞུར་བ་སོགས་སྐྱེས་བུ་དམ་པའི་ཐུན་མོང་མིན་པའི་མཛད་འཕྲིན་གྱི་རྣམ་ཐར་མང་དུ་བྱུང་བ་ཞིག་ཡིན་པས།  ཡོངས་འཛིན་རིན་པོ་ཆེ ༧རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་མཆོག་གི་ཞལ་ནས་ཀྱང་། རྣམ་དཔྱོད་ཡངས་པ་དགེ་སློང་དགེ་འདུན་ཆོས་གྲགས།   ཞེས་བསྔགས་པ་གནངས་པ་དོན་ལ་གནས་པ་སོགས་མང་དུ་ཞུ་རྒྱུ་ཡོད་ཀྱང་། ཁོང་གི་སྐུ་གསུང་ཐུགས་གསུམ་གྱི་མཛད་པ་མཐའ་དག་ནི་ཕྲན་ལྟ་བུ་ཞིག་གིས་ཇི་བཞིན་བརྗོད་པར་མི་ནུས་པས་མཛད་རྣམ་རྒྱ་མཚོ་ལྟ་བུ་ལས་ཆུའི་ཐིགས་པ་ཙམ་ཞིག་དམ་པ་གང་གི་མཆེད་གྲོགས་སུ་གྱུར་པ་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་མིང་བ།    སྐྱ་རེངས་དཔལ་ལོར་འབོད་པས་བོད་རབ་གནས་ལྕགས་བྱི་ལོ་སྟེ། སྤྱི་ལོ2020ལོའི་དགེ་ལྡན་ལྔ་མཆོད་ཀྱི་དུས་མཆོད་དང་བསྟུན་སྔར་གྱི་མ་ཕྱི་ལ་སྣོན་འཕྲི་ཅུང་ཙམ་དང་བཅས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག །
 

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།