རྔ་བ་སྒོ་མང་དགོན་པའི་དགེ་བའི་བཤེས་གཉེན་རྣམ་འདྲེན་རྒྱ་མཚོ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-10-12 07:26:36     རྩོམ་པ་པོ།   གསེར་ཐང་སངས་རྒྱས་རྒྱ་མཚོ།    ཀློག་ཐེངས།  

微信图片_20201012072941.jpg

༄༅།།དཔལ་གྱི་ཆོས་སྡེ་ཆེན་པོ་རྔ་ཡུལ་སྒོ་མང་དགོན་གྱི་དགེ་བཤེས་རྣམ་འདྲེན་རྒྱ་མཚོ་མཆོག་ནི་མདོ་སྨད་ལྷོ་རྒྱུད་རྔ་ཡུལ་གཡང་ལྡན་ཕྱུག་མོའི་སྟོད་ཀྱི་ཆ། ཨ་རན་ཚོ་བ་དྲུག་གི་ནང་ཚན་སྣ་ཤུལ་སྡེ་བའི་ཤར་ཆེན་ཚང་དུ། ཡབ་རྡོར་ཁོ་དང་ཡུམ་སྟག་བཟའ་སྒྲོལ་མ་(སྒྲོན་རིས)གཉིས་ཀྱི་སྲས་སུ་སྤྱི་ལོ༡༩༦༩ལོའི་ཟླ་༡༠བའི་ཚེས་༢༨ཉིན་སྐུ་འཁྲུངས། མཚན་ལ་ལམ་བདེན་དུ་གསོལ། འདུལ་འཛིན་ཨ་ཁུ་སྐལ་བཟང་རྒྱ་མེའི་མདུན་དུ་ཀ་ཁའི་སྤྱོར་ཀློག་ནས་བཟུང་ཆོ་ག་ཆོས་སྤྱོད་མང་བོ་ཐུགས་འཛིན་གནང་།རྔ་ཡུལ་སྒོ་མང་དགོན་ཆེན་གྱི་གྲྭ་སར་ཞུགས་ཏེ་དགུང་གྲངས་བཅོ་ལྔ་བར་བསྟན་འགྲོའི་དོན་དུ་བསམ་བཞིན་བྱོན་པའི་ཟབ་དོན་གཅོད་ཀྱི་རྣལ་འབྱོར་བ་ཆེན་མོ་ཕྱུག་རྡོ་རྗེ་འཆང་སྐལ་བཟང་ལྷག་བསམ་རྒྱ་མཚོའི་ཞལ་སྔར་རབ་བྱུང་དང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་རྣམ་འདྲེན་རྒྱ་མཚོ་ཞེས་པའི་མཚན་གསོལ།    

དགུང་ལོ་བཅུ་དྲུག་སྟེང་ནས་ཁ་དོག་གོང་ནས་བཀའ་རམས་གསར་བའི་བར་དུ་སྐྱོར་དཔོན་གྱི་ཁུར་བཞེས།  དགུང་གྲངས་ཉེར་གཅིག་པར་སྙིགས་དུས་ཀྱི་སློབ་དཔོན་ཐོན་མི་གཉིས་པ་མ་ཧཱ་པཎྜི་ཏ་རྗེ་བཙུན་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གི་མདུན་ནས་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་རྣམ་འདྲེན་རྒྱ་མཚོ་ཞེས་པའི་མཚན་སོར་བཞག་མཛད་ཅིང་བསླབ་ཁྲིམས་མིག་འབྲས་བཞིན་དུ་བསྲུངས་པར་མཛད།   

 དགུང་ལོ་ཉེར་བདུན་སྟེང་ནས་དགོན་པ་གཞུང་གིས་བཀོད་སྒྲིག་ལྟར་བུ་སློབ་རྣམས་ལ་ཆོས་ཆར་བར་མེད་དུ་འཇོ་བའི་དབུ་ཚུགས་ཤིང་རིམ་བཞིན་གདན་ས་རང་ནས་མདོ་སྔགས་བཤད་སྒྲུབ་འཕེལ་རྒྱས་གླིང་གི་དགེ་རྒན་དང་གཞུང་ཆེན་དབུ་མ་ཁྲིད་པའི་ཆེད་དམིགས་ཀྱི་དགེ་རྒན་དུ་ཕེབས་ཏེ་ཆོས་བརྒྱུད་རིས་སུ་མ་མཆིས་པའི་དགོན་སྡེ་བདུན་ཅུ་ལྷག་ནས་ཕེབས་པའི་དོན་གཉེར་ཅན་གྱི་སློབ་བུ་དང་རང་དགོན་གྱི་སློབ་བུ་བརྒྱ་ཕྲག་དུ་མ་ལ་མདོ་སྔགས་གཞུང་ལུགས་ཀྱི་རྒྱུན་བཟང་བར་མེད་དུ་བསྩལ།   སྔ་ཕྱི་དུ་མར་སྨོན་ལམ་རབ་འབྱམས་པའི་དམ་བཅའ་དང་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་ཆེན་མོའི་གྲ་སྐོར་དང་རྡོ་བཅའ་རབ་འབྱམས་པའི་དམ་བཅའ་ཆེན་མོ་དང་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ་རིམ་པ་དང་བོའི་དམ་བཅའ་ཆེན་མོ་སོགས་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་ཐུགས་དགྱེས་པའི་མཆོད་སྤྲིན་དུ་བསྟར།  ཞོར་དུ་རྨད་བྱུང་ཐོས་བསམ་བསམ་གླིང་གི་དགེ་སྐུལ་སོགས་ཀྱི་ཐུགས་འགན་བཞེས་ཏེ་བཤད་སྒྲུབ་བསྟན་པའི་འཕེལ་རྒྱས་ལ་སྒོ་སྣ་ཚོགས་ནས་འབད་པ་གནང་།   ད་དུང་མདོ་སྔགས་གཞུང་ལུགས་མང་བོ་དང་ཁྱད་པར་དུ་ཀུན་མཁྱེན་བླ་མའི་ཕར་ཕྱིན་མཐའ་དཔྱོད་སྐབས་བརྒྱད་ཀ་ཡོངས་རྫོགས་ཐུགས་འཛིན་གནང་ནས་ཚོགས་རྒྱུགས་ཕུལ་བ་གོང་ས་མཆོག་དང་སྐྱབས་མགོན་འཇམ་དབྱངས་བཞད་པ་རྗེ་བཙུན་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་བོ་མཆོག་དང་། ཁྲི་ཆེན་གུང་ཐང་བསྟན་པའི་དབང་ཕྱུག་ཚང་སོགས་གསེར་ཁྲི་རྣམ་པ་བཞི་དང་། རྗེ་བཙུན་ཧྭར་བ་འཇམ་དབྱངས་བློ་གྲོས་བསྟན་པའི་སྒྲོན་མེ། དགེ་བའི་བཤེས་གཉེན་ཆེན་མོ་རྗེ་དགེ་འདུན་རྒྱ་མཚོ། ལུང་རིགས་སྨྲ་བའི་དབང་བོ་རྗེ་འཇམ་དབྱངས་རྒྱ་མཚོ། ཟབ་རྒྱས་ནོར་བུའི་གཏེར་མཛོད་རྗེ་བློ་བཟང་རྒྱ་མཚོ། སྒོ་མང་དགོན་གྱི་ཚོགས་ཆེན་ཁྲི་རིན་པོ་ཆེ། བླ་མ་ལས་སྣེ་དང་། ལུང་རིགས་སྨྲ་བ་ལ་འགྲན་ཟླ་དང་བྲལ་བའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་སྐལ་བཟང་རྒྱ་མཚོ་དང་། ལུང་རིགས་སྨྲ་བའི་དབང་བོ་སྲས་མཆོག་ཉེ་བར་འཁོར་གྱི་མཆེད་ཟླ་རྗེ་འཇམ་དབྱངས་ཚང་སོགས་དགེ་བའི་བཤེས་གཉེན་མང་བོས་བསྔགས་པ་བརྗོད་ཅིང་གཟེངས་སྐྱེས་བསྩལ་བ་སོགས་བརྗོད་ཀྱིས་མི་ལང་བའི་རྣམ་ཐར་མང་།  སྔ་གཞུག་དུ་མར་གདན་ས་རང་དང་གྲྭ་ས་ཆེན་མོ་བླ་བྲང་བཀྲ་ཤིས་འཁྱིལ་དང་གཙང་བཀྲ་ཤིས་ལྷུན་པོ་སོགས་སུ་ཕེབས་ཏེ་ངེས་དོན་གཞུང་བརྒྱ་སྨྲ་བའི་དབང་བོ་སྐྱེས་མཆོག་དམ་པ་གུང་ཐང་དྲུག་པ་ཆེན་མོ་རྗེ་བཙུན་བསྟན་པའི་དབང་ཕྱུག་མཆོག་དང་སྙིགས་དུས་ཐོན་མི་གཉིས་པ་རྗེ་བཙུན་དམུ་དགེ་བསམ་གཏན་རྒྱ་མཚོ་སོགས་དུ་མ་ལས་དུས་འཁོར་དབང་ཆེན་དང་སྒྲུབ་ཐབས་བརྒྱ་རྩ་བ་རི་བརྒྱ་རྩ་སྣར་ཐང་བརྒྱ་རྩ་སོགས་ཀྱི་དབང་དུ་མ་དང་།   བཀའ་འགྱུར་གྱི་ནང་གསེས་ཤེར་ཕྱོགས་ཀྱི་མདོ་ཡོངས་རྫོགས་དང་རྗེ་ཡབ་སྲས་རྣམ་གསུམ་གྱི་གསུང་འབུམ་དང་ཀུན་མཁྱེན་བླ་མའི་གསུང་འབུམ་སོགས་ཀྱི་ལུང་དུ་མ་དང་།  ལམ་རིམ་ཁྲིད་ཆེན་བརྒྱད་སོགས་རྒྱ་བོད་ཀྱི་མདོ་སྔགས་གཞུང་ལུགས་སྣ་ཚོགས་ཀྱི་ཁྲིད་དུ་མ་སྟེ་དབང་ལུང་ཁྲིད་གསུམ་གྱི་མན་ངག་ཅི་དགར་རོལ།  དེ་ནས་དབུས་གཙང་གི་གདན་ས་ཆེན་མོ་བཞིའི་ཡ་གྱལ་དཔལ་ལྡན་འབྲས་སྤུངས་སྒོ་མང་དང་སྔོན་གྱི་གདན་ས་ཆེན་མོ་དྲུག་གི་ཡ་གྱལ་སྐྱོར་མོ་ལུང་། ལྷ་སའི་གླིང་བཞིའི་ཡ་གྱལ་ཀུན་བདེ་གླིང་དང་གདན་ས་རང་།  དཔལ་སྙན་རི་དགོན་དང་ཁང་སར་གསར་མ་དགོན།  མགོ་ལོག་ལུང་སྔོན་དགོན་དང་གཙང་ཕྱོགས་ཀྱི་དཔལ་ཆེན་ཧའོ་དགོན་སོགས་མདོ་དབུས་གཙང་གསུམ་གྱི་དགོན་པ་བཅུ་ཕྲག་གཅིག་ལྷག་ལ་དགེ་རྒན་དུ་ཕེབས་ཤིང་མདོ་སྔགས་ཀྱི་གཞུང་མང་བསྩལ་ཏེ་བསྟན་འགྲོའི་དཔལ་དུ་བཞེངས།  དུས་མི་རིང་བར་བླ་མ་ལྔ་བཅུ་བའི་ཟིན་བྲིས་དང་དགེ་འདུན་ཉི་ཤུའི་ཁྱབ་མཐའ།   རྟེན་འབྲེལ་གནས་སྐབས་པའི་སྐོར་སོགས་ལས་བརྩམས་པའི་ལེགས་བཤད་པོད་འཕྲེང་སྟོད་སྨད་གཉིས་ཀྱང་བློ་གསལ་བྱེ་བའི་དཔལ་དུ་སྨིན་ངེས་སོ།།  ད་དུང་གྲོང་ཁྱེར་པེ་ཅིན་སོགས་སུ་རྒྱུགས་ལེན་དགེ་རྒན་དང་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་རྗེ་བླ་མ་གང་གིས་མཆོག་གི་དངོས་གྲུབ་བརྙེས་པའི་ཚུལ་བསྟན་ཏེ་ལོ་འཁོར་དྲུག་བརྒྱ་འགོར་བའི་རྗེས་དྲན་མཛད་སྒོར་ཕེབས་པས་མཚོན་པའི་ཆོས་ཚོགས་ཆེ་ཆུང་དུ་མར་ཕེབས་པ་སོགས་མདོར་ན་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ་དང་རྔ་ཡུལ་སྒོ་མང་དགོན་ཆེན་གྱི་དགེ་རྒན་ནམ་བླ་མ་གཞུང་ལས་པའི་འགན་བཞེས་ནས་སྐུ་འཚོ་གཞེས་པའི་སྐབས་ལགས་སོ་ཞེས་པ་ནི་སློབ་བུའི་གྲལ་མཐའ་འཛིན་པ་སྤྲུལ་མིང་བ་གསེར་ཐང་སངས་རྒྱས་རྒྱ་མཚོས་སྤྱི་ལོ༢༠༢༠ཟླ་༡ཚེས་༣ཉིན་གུས་པས་སྦྱར་བའོ།།  

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།