རྔ་བ་ཀིརྟི་དགོན་པའི་དགེ་བའི་བཤེས་གཉེན་མཛོད་ཚང་བློ་བཟང་བརྩོན་འགྲུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-10-12 07:20:30     རྩོམ་པ་པོ།   བརྒྱ་བྱིན་རྡོ་རྗེ    ཀློག་ཐེངས།  

早仓.jpg

༧ མཛོད་ཚང་པཎྜི་ཏའི་རྣམ་ཐར་གནད་བསྡུས།

༧  བཀའ་གདམས་བསྟན་པའི་མངའ་བདག་མདོ་སྔགས་རབ་འབྱམས་སྨྲ་བ་མཛོད་ཚང་པཎྜི་ཏ་བློ་བཟང་བརྩོན་འགྲུས་དཔལ་བཟང་པོ་མཆོག་ནི།  ཕྱི་ལོ་༡༩༦༦ལོའི་ཆོས་འཁོར་སྐོར་བའི་དུས་ཆེན་ཉིན་སྐུ་འཁྲུངས།  མི་རིང་བར་གནས་སྐྱོང་ཆོས་རྒྱལ་ཆེན་པོ་སྐུ་ཕེབས་ཐོག   མཚན་༸བློ་བཟང་དཔལ་ལྡན་དུ་གསོལ་ནས་རྗེས་སུ་རྔ་ཡུལ་ཀིརྟིའི་དགོན་ཆེན་གྱི་གྲྭ་སར་འཇོག་དགོས་པ་སོགས་ཀྱི་བཀའ་གནང་། དགུང་ལོ་བཅོ་ལྔའི་ཐོག་ས་ཟླའི་དུས་ཆེན་ཉིན།  དགེ་བསྙེན་རབ་བྱུང་དགེ་ཚུལ་བཅས་དཀྱུས་གཅིག་ཏུ་བཞེས། ལོ་དེའི་དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན་མཁན་ཆེན་ཆོས་ཀྱི་རྒྱལ་པོ་རྗེ་༸སྐལ་བཟང་ལུང་རིགས་རྒྱ་མཚོ་དཔལ་བཟང་པོའི་ཞབས་པད་ཚུལ་བཞིན་དུ་བསྟེན་ནས་ཀློག་སློབ་པ་དང་ཡི་གེ་འབྲི་བ་དང་དཔེ་ཆར་གཟིགས་པ་གསུམ་གྱི་དབུ་དུས་གཅིག་ཏུ་བཟུང་། མི་རིང་བར་མཁྱེན་དཔྱོད་རབ་ཏུ་རྒྱས་ཏེ་ཁ་དོག་གོང་མའི་གོ་ས་ནས་བཟུང་དགེ་བཤེས་བརྩོན་འགྲུས་ཞེས་པའི་མཚན་དམིགས་བསལ་གྱིས་ཐོགས་ཤིང་།  གཞན་ལ་དཔེ་ཁྲིད་གནང་དགོས་བྱུང་བ་སོགས་གདན་ས་འདིར་སྔོན་མེད་ཀྱི་སྲོལ་ཕྱེ།  རྒྱན་འཇུག་སོགས་སྡེ་འདིའི་འདོན་ཆོས་སྤྱོད་ཀྱི་རིགས་གང་ཡོད་དང་། འཇམ་བཞད་བསྡུས་གྲྭའི་རྩ་ཚིག སྐྱབས་མགོན་ལམ་སྔགས་གཉིས་ཀ  སྡོམ་གསུམ་བསླབ་བྱ། དྲང་ངེས་ལེགས་བཤད་སྙིང་པོ།  ཡོངས་འཛིན་ཡེ་རྒྱམ་པའི་སེམས་སེམས་བྱུང་གི་སྡོམ་ཚིག  རྗེའི་ཀུན་གཞི་རྩ་བ། མཛོད་རྩ།  རྩ་ཤེས།  རྭ་སྟོད་བློ་རྟགས་བསྡུས་གསུམ། དབུ་ཕར་གྱི་སྤྱི་མཐའ་སོགས་གཞུང་ཆེན་མང་པོ་བློ་འཛིན་གནང་།

༡༩༨༦ལོའི་ས་ཟླའི་དུས་ཆེན་ཉིན་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།  དེ་ནས་བཟུང་ད་ལྟ་ལ་ཐུག་གི་བར་དུ་གོས་རྣམ་གསུམ་གྱི་བྱིན་རླབས་ཙམ་ཡང་ཤོར་མ་མྱོང་བ་སོགས། སྡོམ་གསུམ་གྱི་བཅས་མཚམས་ལ་མཐོང་ཆེན་དང་། གཞུང་ཆེན་མོའི་སློབ་གཉེར་ཉམས་ལེན་ལ་སྦྱོར་མཁན།  ཚུལ་འཆོས་དང་གཡོ་སྒྱུ་མེད་པར་ཐུགས་རྒྱུད་ཤིན་ཏུ་དྲང་བ།  བླ་མ་སྟེན་ཚུལ་ཆེས་ལེགས་པ།  གྲྭ་ཤག་ནང་ཕན་ཚུན་དང་ཚོང་ར་སོགས་རྣམ་གཡེང་བྱེད་སར་གཏན་མི་ཕེབས་པ་སོགས་ཧ་ལས་དགོས་ས་ཞིག་སྟེ་ཆ་རྒྱུས་ཡོད་མཁན་ཚོས་ཤེས་གསལ་ལྟར་རེད།  སྐུ་ཆིངས་གཏན་མི་བཤིག་པར་ཉིན་མཚན་བར་མེད་དུ་དཔེ་གཟིགས་གནང་བས། སྨད་གཡོགས་ཀྱི་སྐེད་པ་འཚིགས་ནས་ཆད་པ་ཁོང་གི་འཛིན་གྲྭ་ཚོས་དངོས་སུ་རིག་ཡོད།  

༡༩༨༧ལོ་ནས་ད་ལྟའི་བར་འཛིན་གྲྭའི་བླ་མའི་ཁུར་བཞེས་ཏེ་ནང་རྒྱུགས་དང་དབྱངས་ཆགས་དཔེ་ཁྲིད་སོགས་སྣ་གང་ཐད་ནས་ཆེ་ཆེར་བསྐྱངས་པས། འཛིན་གྲྭའི་སེར་སྐྱ་གཉིས་ཀས་གཞན་དང་མི་འདྲ་བའི་མཐོང་ཆེན་བྱེད། མཁན་ཆེན་བློ་བཟང་ཆོས་འཕེལ་ཚང་སོགས་ལས་སྒྲ་སྙན་སུམ་རྟགས་དག་གསུམ་སོགས་སྦྱངས། ༡༩༩༥ལོར་ཕར་ཕྱིན་དམ་བཅའ་ཆེན་མོ་བཞག་པས་མཁས་སྙན་ཕྱོགས་སུ་རྒྱས། བསྡུས་གྲྭ་དང་། པཎ་ཆེན་རྣམ་འགྲེལ། རྗེ་བླ་མའི་ལེགས་བཤད་གསེར་ཕྲེང། དྲང་ངེས་ལེགས་བཤད་སྙིང་པོ་སོགས་ཀྱི་ཆེད་མཁས་པ་ལྟ་བུར་གྱུར།

༡༩༩༦ལོར་གསོ་རིག་ལ་ཆེད་གཉེར་གྱིས་སྦྱངས་པའི་རྣམ་ཐར་ཟབ།

༡༩༩༧ཡས་མས་ནས་དབང་ལུང་ཁྲིད་གསུམ་མན་ངག་སོགས་ཆེད་གཉེར་གྱིས་འཚོལ་བས་ད་ལྟ་ཆོས་རྒྱུན་མཐའ་ཡས་པའི་གཏེར་ལྟ་བུར་གྱུར།  གཞན་ལ་གནང་ཚེ་ཀློག་མྱུར་ཞིང་སེམས་རྒྱུད་ལ་ཕན་པའི་གསུང་བཤད་དང་འབྲེལ་བ་སོགས་ངོ་མཚར་ཆེ། ༡༩༩༨ལོ་ནས་ཕྱོགས་གཞན་དག་གི་དགོན་པ་མང་པོའི་མཁན་པོ་དང་དཔེ་ཁྲིད་དགེ་རྒན་ཅི་རིགས་པའི་ཁུར་བཞེས་ཏེ། བསྟན་པའི་རྒྱན་དུ་ཆེ་བའི་སློབ་མ་མཁས་ཆེན་མང་པོ་སྐྱེད་སྲིང་གནང་ཡོད།

 ༡༩༩༩ལོ་ནས་ཕྱོགས་གཞན་དག་ནས་ཕེབས་པའི་གྲྭ་རྐྱང་སློབ་གཉེར་པ་ཚོའི་ཆེད་དུ་ལུགས་གཉིས་ཀྱི་བྱ་བ་རླབས་ཆེན་བསྒྲུབས།

༢༠༠༡ལོ་ནས་རྔ་ཡུལ་ཕྱོགས་སུ་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་བྱེད་པའི་སྲོལ་ཕྱེ། ཐེག་ཆེན་གསོ་སྦྱོང་དང་། བསྙེན་གནས་ཡན་ལག་བརྒྱད་པ་གཉིས་ཀའི་སྡོམ་རྒྱུན་སྤེལ་བ་སོགས་མཛད་རྗེས་ཟབ། ༢༠༠༣ལོ་ནས་ཁྲི་ཆེན་རྣམ་གཉིས་ཀྱི་བཀའ་ལྟར་གཞན་ལ་བསྙེན་གནས་དང་རབ་བྱུང་དགེ་ཚུལ་བཅས་བསྒྲུབ་རྒྱུའི་དབུ་བཟུང་།

༢༠༠༦ལོ་ནས་༸མཁན་ཆེན་ཁྲི་ཐོག་སོ་བདུན་པས་བཀའ་གནང་དོན་ལྟར།  ཕྱོགས་རིས་མེད་ཀྱི་བསྙེན་རྫོགས་ཀྱི་མཁན་པོའི་ཁུར་ཡང་བཞེས་ཏེ་བསྟན་པའི་གཞི་མ་རྣམ་པར་དག་པའི་གསེར་ཤིང་མང་དུ་བཏབ།

 ༢༠༠༧ ལོར་རོང་ཆེན་བསྟན་པའི་སྒྲོན་མེ་༸སྐྱབས་ཀིརྟི་རིན་པོ་ཆེ་མཆོག་གི་༸བཀའ་ལུང་ལྟར་ཚོ་བདུན་ཀིརྟིའི་དགོན་གྱི་མཁན་པོ་དང་ཁྲི་བ་དགེ་རྒན་གཅིག་ལྕོགས་ཀྱི་ཁུར་ལོ་ལྔའི་རིང་བཞེས་ཏེ། ལྷ་སྔགས་ཀྱི་དམ་བཅའ་གསར་དུ་བཙུགས་པ་སོགས་ལུགས་ཟུང་གི་མཛད་རྗེས་གསུབ་ཏུ་མེད་པ་བཞག ཀིརྟི་ཚང་གི་གདན་ས་གོང་འོག་གི་ཚད་མའི་དགུན་ཆོས་ཀྱི་དགེ་རྒན་ཆེན་མོའི་ཁུར་ཡང་བཞེས།

 ༢༠༠༩ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ནས་ཉིན་གསུམ་རིང་། སྟག་ཚང་ལྷ་མོ་ཀིརྟིའི་དགོན་གྱི་སྟོང་ཕྲག་འདུས་པ་རྒྱ་མཚོའི་དབུས་སུ་ལྷ་རམས་དམ་བཅའ་ཆེན་མོ་བཞག་པས་རྒན་གཞོན་ཀུན་གྱིས་བསྔགས་བརྗོད་ཀྱི་རོལ་མོ་འཁྲོལ། ལོ་དེའི་བོད་ཟླ་བདུན་པའི་ཚེས་མགོ་ནས་བཟུང་རྔ་ཡུལ་ཀིརྟིའི་དགོན་ཆེན་གྱི་འཛིན་གྲྭ་སོ་སོའི་ནང་ལ་བཀའ་པོད་ལྔའི་གྲྭ་སྐོར་གནང་། 

༢༠༡༠ ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བཞི་ནས་ཉིན་གསུམ་རིང་རྔ་ཡུལ་ཀིརྟིའི་དགོན་ཆེན་གྱི་སུམ་སྟོང་འདུས་པ་རྒྱ་མཚོའི་དབུས་སུ་ལྷ་རམས་དམ་བཅའ་ཆེན་མོ་བཞག་པས་མཁས་པའི་མཚན་སྙན་ཤིན་ཏུ་རྒྱས་པར་མ་ཟད། སེར་སྐྱ་གཉིས་ཀའི་ཁྲོད་ནས་རྟེན་གསུམ་དང་དར་གོས་སོགས་ཀྱི་འབུལ་བ་མཐའ་ཡས་པ་སྔར་དེ་འདྲ་བྱུང་མ་མྱོང་ལ། ཕྱིས་སུ་ཡང་དེ་འདྲ་འབྱུང་རྒྱུ་མེད་པ་ལྟ་བུ་འབུལ་མཁན་བྱུང་།  གསེར་སྐུ་གཅིག་བུར་མཚོན་ནའང་སུམ་བརྒྱ་ལྷག་ཕེབས།  འདི་དང་འདིས་མཚོན་མཛད་སྒོ་ཆེ་ཆུང་གང་གི་སྐབས་ཡིན་ནའང་། ཁོང་གི་ངོས་ནས་མགྲོན་ཁ་སོགས་རྫིག་ཉམས་དང་རྒྱས་སྤྲོས་ཀྱི་རིགས་གང་ཡང་མེད་པར་གྲྭ་རྐྱང་དཀྱུས་མའི་ཚུལ་བཟུང་སྟེ་འདོད་ཆུང་ཆོག་ཤེས་གནང་མཁན་ཞིག་རེད།

 ༢༠༡༡ལོར་རྔ་ཡུལ་ཀིརྟིའི་དགོན་ནས་ཉིན་གསུམ་རིང་སྔགས་རིམ་དམ་བཅའ་ཆེན་མོ་བཞག་སྟེ་མདོ་སྔགས་རབ་འབྱམས་སྨྲ་བའི་མཚན་རྟགས་བཞེས། 

༢༠༡༢ལོར་རྔ་ཡུལ་ཀིརྟིའི་དགོན་གྱི་འཆད་ཉན་ཉམས་ཞིབ་ཚོགས་པའི་ཚོགས་གཙོ་དང། ༢༠༡༣ལོ་ནས་རྔ་ཡུལ་ཀིརྟིའི་དགོན་ཆེན་གྱི་ནང་བསྟན་ཤེས་ཡོན་འགན་འཛིན་གྱི་རྒྱུན་ལས་ཀྱི་ཁུར་བཞེས།

 ༢༠༡༥ལོར་གྲྭ་རྐྱང་སློབ་གཉེར་བ་ཚོར་བཞུགས་ཤག་གི་དཀའ་ངལ་ཤིན་ཏུ་ཆེ་བ་སོགས་སེལ་ཆེད།  ཚོང་ལས་དང་རྒྱ་བླ་སློང་མོ་སོགས་གང་ཡང་མ་གནང་བར། སློབ་གཉེར་ཚོམས་ཆེན་ཁང་རྒྱུ་སྤུས་ལེགས་ཤིང་འཕྲོད་བསྟེན་ཟབ་པ།  གནའ་དེང་ཟུང་འབྲེལ་གྱིས་སྟབས་བདེ་ཞིང་ཁོར་ཡུག་གཙང་བ་སོགས་ཁྱད་འཕགས་ཤིག་བཞེངས། འཆར་བཀོད་དང་འཛུགས་སྐྲུན་གྱི་ཕྱོགས་ལ་ཡང་ཤིན་ཏུ་མཁས། ཁོང་ལས་དཀའ་ལ་དངོས་སུ་ཞུགས་ཀྱང་ཁྱིམ་པའི་གོས་ཤིག་མནབ་རྒྱུ་ཕར་ཞོག གཟན་ཤམ་སོགས་དང་མི་འབྲལ་བར་གནང་བ་སོགས་ཆོས་འདུལ་ལག་ལེན་དང་། སློབ་མ་སྐྱོང་སྟངས་སོགས་ཀྱི་ཐད་གཞན་ལ་མེད་པའི་ཁྱད་ཆོས་ཧ་ལས་དགོས་ས་ཤིན་ཏུ་མང།

༢༠༡༧༸སྐྱབས་མགོན་ཀིརྟི་རིན་པོ་ཆེའི་༸བཀའ་ལྟར་བོད་ཟླ་བདུན་པའི་གནམ་གང་ཉིན་ནས་ལོ་གཅིག་གི་རིང་དམིགས་བསལ་ཚོགས་ཆེན་ཞལ་ངོའི་ཁུར་བཞེས་ཏེ། བསྟན་པའི་དག་ཐེར།  གྲྭ་ཚང་གི་སྒྲིག་ལམ།  དགེ་འདུན་པའི་ཀུན་སྤྱོད་དང་མཐུན་ལམ་སོགས་ལ་ཐུགས་འབད་ཆེར་བསྐྱེད་གནང་བས།   དགོན་གྲོང་གཉིས་ཀ་ཞི་འཇམ་ལྷིང་འཇགས་སུ་བཏང་བ་སོགས་སྣ་གང་ཐད་ནས་བློ་ཡུལ་ལས་འདས་པ་ལྟ་བུའི་ཕྱག་རྗེས་ཆེ།

 ༢༠༡༩བོད་ཟླ་བཞི་པའི་ཚེས་ཉེར་གཅིག་ནས་དུས་འཁོར་གྲྭ་ཚང་གི་མཁན་པོའི་ཁུར་བཞེས་ཏེ།  དུས་འགྲེལ་ལྔ་སྦྲགས་སོགས་ཀྱི་འཆད་ཉན་སྐྱོང་བཞིན་པའི་སྐབས་ལགས།  ༧ གསུང་འབུམ་གྱི་དབང་དུ་བྱས་ན།  བླ་མ་བསྟེན་ཚུལ་རྒྱས་པ་བྱང་ཆེན་ཁང་བཟང་བགྲོད་པའི་ལམ་ཡིག  བླ་མ་བསྟེན་ཚུལ་མདོར་བསྡུས་ཐར་འདོད་འཇུག་ངོགས། བསྟན་པའི་གཞུང་ཤིང་གསེར་གྱི་ལྡེ་མིག  ཐེག་ཆེན་གཞུང་ཤིང་དཔག་བསམ་ལྡེ་མིག བསྡུས་གྲྭའི་གཞུང་ཤིང་ཕ་ལམ་ལྡེ་མིག ཕར་ཕྱིན་གཞུང་ཤིང་དངུལ་གྱི་ལྡེ་མིག  གསང་ཆེན་གཞུང་ཤིང་འཕྲུལ་གྱི་ལྡེ་མིག  སློབ་གསོའི་གཞུང་ཤིང་དབུས་ལམ་ལྡེ་མིག་སྟེ་ལྡེ་མིག་རྣམ་དྲུག་དང་། དྲང་ངེས་ལེགས་བཤད་སྙིང་པོའི་དགོངས་འགྲེལ་འཇམ་དཔལ་བཞད་སྒྲ།  ལེགས་བཤད་གསེར་ཕྲེང་གི་མཆན་འགྲེལ་འཇམ་དབྱངས་བཞད་སྒྲ། དབུ་མའི་རྣམ་བཤད་ཀྱི་མཆན་འགྲེལ་འཇམ་མགོན་བཞད་སྒྲ། ཐར་ལམ་གསལ་བྱེད་ཀྱི་མཆན་འགྲེལ་རྒྱལ་ཚབ་བཞད་སྒྲ། མཛོད་ཊཱིཀ་ཐར་ལམ་གསལ་བྱེད་ཀྱི་མཆན་འགྲེལ་རྒྱལ་དབང་བཞད་སྒྲ། རྣམ་འགྲེལ་དགོངས་པ་རབ་གསལ་གྱི་མཆན་འགྲེལ་པཎ་ཆེན་བཞད་སྒྲ། འདུལ་བ་ལུང་རིགས་ཉི་མའི་གསལ་བྱེད་ཁྲི་ཆེན་བཞད་སྒྲ་སྟེ་བཞད་སྒྲ་རྣམ་བདུན། ལེགས་བཤད་གསེར་ཕྲེང་གི་བསྡུས་དོན་འཇམ་མགོན་བླ་མའི་དགོངས་རྒྱན། དམིགས་བརྟག་དགོངས་འགྲེལ་ཕྱོགས་གླང་དགོངས་རྒྱན། རྣམ་འགྲེལ་བསྡུས་དོན་ཆོས་གྲགས་དགོངས་རྒྱན་ཏེ་དགོངས་རྒྱན་རྣམ་གསུམ་སོགས་མང་དུ་བཞུགས།  

 ༧  མདོར་ན་ཨ་གསར་དང་གཡམ་རྒྱུག་མི་གནང་བར་བྱ་བ་གང་སྒྲུབ་ཀྱང་ཚད་ལྡན་གྱི་ཁུངས་ཤིག་ལ་བརྟེན་ནས་ནོར་དུ་མི་འཇུག་པས་མཁ༵ས་པ༵འི་ཡོ༵ན་ཏ༵ན་ར༵ང་ཆ༵ས་སུ༵་མང༵འ།  ལས་རྒྱུ་འབྲས་ལ་ཡིད་ཆེས་ཆེ་བས་སྡོམ་གསུམ་མིག་འབྲས་ལྟར་སྲུང་བར་མ་ཟད། ཁྱིམ་ནང་ལ་བཀོད་ཁྱབ་སྣ་ཚོགས་འཇོག་རྒྱུ་ཕར་ཞོག་དེར་ནམ་ཡང་མི་ཕེབས་པར་རྒྱུན་པར་དཔེ་གཟིགས་གནང་རྒྱུ་ལས། རང་འདོད་ཀྱིས་སྐུ་ཚེ་གང་བོར་རྔ་རྫོང་གི་ཟ་ཁང་ཞིག་གི་ནང་ལའང་ཕེབས་མ་མྱོང་བས་བཙུན༵་པ༵འི་ཡོ༵ན་ཏ༵ན་ལྷན༵་སྐྱེས༵་སུ༵་ལྡན༵།  ལམ་གྱི་གཙོ་བོ་རྣམ་གསུམ་ཐུགས་དམ་གྱི་མཐིལ་དུ་བཞེས་ཤིང་གཞན་ལའང་རྒྱུན་པར་དེ་དག་གི་སློབ་སྟོན་རྣམ་པར་དག་པ་གནང་བས་བཟ༷ང་པོ༵འི་ཡོ༵ན་ཏ༵ན་འགོ༵ག་མེ༵ད་དུ་བཞུ༵གས། རྗེ་བླ་མར་ཤེས་ནས་དད་པས་བསྟན་པའི་བདག་པོར་བཞེངས་ཡོད། ཚོགས་འདུ་བགྲོ་གླེང་སློབ་གསོ་མཛད་སྒོ་སོགས་ཆེ་ཆུང་ཅི་རིགས་པར་ཕེབས་ནས་སྤྱི་སྒེར་གྱི་ཞབས་ཕྱི་རྣལ་མ་མང་དུ་བསྒྲུབས་པ་དང། སྐུ་མདུན་ནས་གཞུང་ཆེན་མོའི་དཔེ་ཁྲིད་རེ་གསན་ན་ཧ་ལས་དགོས་ས་ཞིག་ཡིན་པ་སོགས་སྒྲོ་བཏགས་ཡིན་མིན་སོ་སོས་བརྟག་ན་མཁྱེན་པར་འགྱུར་རོ།  །ཞེས་ཁོང་གི་བཀའ་དྲིན་གྱིས་འཚོ་བའི་བརྒྱ་བྱིན་རྡོ་རྗེའི་པིར་མིང་པས་གུས་ཕྱག་དང་བཅས་ཏེ་བྲིས་ལགས།  །སརྦ་མངྒཾ།།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།