བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་སྒོ་མང་བློ་བཟང་འོད་ཟེར་རྒྱ་མཚོ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-10-12 06:54:27     རྩོམ་པ་པོ།   དཔལ་ལྡན་འཇིགས་མེད་གྲགས་པ་རྒྱ་མ    ཀློག་ཐེངས།  

འོད་ཟེར.jpg

སྐུ་ཕྱོགས་སྒོ་མང་ཚང་བློ་བཟང་འོད་ཟེར་རྒྱ་མཚོ་ཁོང་ནི། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་རབས་ཞེ་བརྒྱད་པ་ཀླུ་འབུམ་ངག་དབང་ཚུལ་ཁྲིམས་ཚང་གི་སྐུ་ཕྲེང་དྲུག་པ་དང་མཚོ་སྔོན་ཁྲི་ཀའི་སྐུ་ཕྱོགས་རྣམ་གསུམ་གྱི་གཙོ་བོ་ཡིན་ཞིང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་བརྒྱུད་ནང་བསྟན་ལས་དོན་ཨུ་ལྷན་གྱི་ཨུ་ཡོན། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཞིབ་འཇུག་ཁང་གི་ཞིབ་འཇུག་པ།  ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ་རིམ་པ་དང་བོ་དང་། ཆེད་བསྐོས་དགེ་རྒན་ཆེན་མོ། ད་ལྟ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གྲྭའི་སློབ་མ་ཁྲུའུའི་ཁྲུའུ་ཀྲང་དང་། མཚོ་སྔོན་ཁྲི་ཀ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། ཁྲི་ཀ་རྫོང་ཏང་ཕྱིའི་ཤེས་ལྡན་མི་སྣའི་མཛའ་འབྲེལ་ལྷན་ཚོགས་སྐབས་དང་བོའི་ཚོགས་གཙོ་གཞོན་པ་བཅས་ཡིན།

ཁོང་ནི1968ལོའི་ཟླ་6པར། མཚོ་སྔོན་གཅན་ཚར་འཁྲུངས། དགུང་ལོ་བརྒྱད་ནས་ས་གནས་སློབ་གྲྭར་རིམ་བཞིན་ཞུགས། དགུང་ལོ་བཅུ་དྲུག་ཐོག་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཨ་ལགས་བླ་ཁོ་རིན་པོ་ཆེའི་ཐུགས་སྲས་རྗེ་དགེ་འདུན་རྒྱ་མཚོའི་དྲུང་རབ་བྱུང་དགེ་ཚུལ་དུ་བསྒྲུབས་ནས་མཚན་འོད་ཟེར་རྒྱ་མཚོར་གསོལ། དེ་ནས་གཅན་ཚ་རྫོང་ལཱ་མོ་བདེ་ཆེན་དགོན་དུ་ཆོས་སྒོར་ཞུགས། དགུང་ལོ་ཉེར་གཅིག་ཐོག་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས།

1992ལོར། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་དང་ཆོས་གྲྭར་ཞུགས་ཏེ། ཧོར་ཚང་གསེར་ཁྲི་ཚང་གི་མཚན་ཉིད་ཞབས་ཞུ་བྱས། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་དགེ་འདུན་རྒྱ་མཚོ་ཚང་། པཎ་ཆེན་རིན་པོ་ཆེའི་ཡོངས་འཛིན་རྗེ་འཇམ་དབྱངས་རྒྱ་མཚོ་ཚང་།སྨྲ་བའི་དབང་ཕྱུག་ཆེན་པོ་རྗེ་གྲགས་པའི་མཚན་ཅན་སོགས་དགེ་རྒན་དུ་བསྟེན་ནས། བླ་བྲང་དགོན་པའི་ཆོས་གྲྭའི་འཛིན་གྲྭ་བསྒྲིགས་སྲོལ་ལྟར་བསྡུས་གྲྭ་ལོ་གསུམ་དང་ཕྱེད། བློ་རྟགས། གྲུབ་དོན་ས་གསུམ་ལོ་གཅིག་དང་ཕྱེད། ཕར་ཕྱིན་ཐལ་ཕྲེང་། ཟུར་བཀོལ། སྲོད་ཆོས་བཅས་ལོ་བཞི་སྟེ་བསྡོམས་པས་ལོ་དགུའི་རིང་ལ། བློ་གསལ་རིགས་པ་སྨྲ་བའི་ཁྱུ་ཚོགས་དང་མཉམ་དུ་ལུང་རིགས་བརྒལ་བརྟག་གིས་དུས་འདས་ཤིང་། ཚ་གྲང་བཀྲེས་སྐོམ་ངལ་དུབ་སྣ་ཚོགས་ཁྱད་དུ་གསད་དེ་འབད་བརྩོན་ལྷོད་མེད་བྱས་པའི་འབྲས་བུར།

2001ལོར་མཁས་མང་འདུས་སྡེའི་དབུས་སུ་ཕར་ཕྱིན་དམ་བཅའ་ཆེན་མོ་བཞག དེ་ནས་དབུ་མ་ལོ་གཉིས། མཛོད་ལོ་བཞི། བཀའ་རམས་འཛིན་གྲྭར་འདུལ་བ་ལོ་དྲུག་སྟེ་བསྡོམས་པས་ལོ་ཉེར་གཅིག་རིང་ལ་མདོ་སྨད་བླ་བྲང་དགོན་པའི་རྨད་བྱུང་ཐོས་བསམ་གླིང་ནས་ཆོས་གྲྭ་ཆག་མེད་དུ་འགྲིམས་ཏེ། གཞུང་བཀའ་པོད་ལྔ་ལ་སློབ་གཉེར་ལེགས་པར་བྱས།2009ལོར། རྡོ་རམས་པར་བསྐོས་ཏེ་རྡོ་རམས་ལས་ཐོག་ལོ་དྲུག་ལ་བྱས། བློ་འཛིན་སྐོར་བཀའ་པོད་ལྔའི་བརྩི་བཞག་སྣ་རིང་སྟོང་ལྷག་བློ་འཛིན་དང་རྒྱུགས་འབུལ་བྱས་པར་མ་ཟད། དེ་ལས་གཞན་བཀའ་པོད་ལྔའི་རྩ་འགྲེལ་སྐོར་དང་། རྒྱུད་སྡེ་སོ་སོའི་ཆོ་ག་ཆོས་སྤྱོད་སྐོར་སོགས་བསྡོམས་ན་སྣ་རིང་ཤོག་གྲངས་སྟོང་གཉིས་ལྷག་ཐུགས་འཛིན་བྱས་ཡོད། ལོ་སྔ་ཕྱི་དེ་དག་ཏུ་སུམ་རྟགས། དབྱངས་ཅན་སྒྲ་ཊཱིཀ་ཆ་ཚང་། སྡེབ་སྦྱོར་རིན་ཆེན་འབྱུང་གནས། སྙན་ངག་གི་སྐོར། སྔགས་ཀྱི་ས་ལམ་དང་སྔགས་སྤྱི་དོན། སྔགས་རིམ་ཆེན་མོ། བསྐྱེད་རྫོགས་སོགས་ལའང་སྦྱངས་བརྩོན་བྱས། སྤྱི་ཟུར་གྱི་དབང་རྗེས་གནང་ཁྲིད་བཤད་ལུང་སོགས་བཀའ་ཆོས་མི་ཉུང་བ་ཐོབ་ཅིང་ཕྱག་ལེན་ལའང་བསླབས།

1997ལོར་སྲིད་གཞུང་གིས་ཆོག་མཆན་འོག་ལཱ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་མཆོག་དང་། ལྷ་སའི་སེ་རའི་དགེ་བཤེས་ཆེན་མོ་རྒན་སེང་གེ་ལགས་རྣམ་གཉིས་ནས་འབྲས་སྤུངས་སྒོ་མང་མཁན་པོ་ཀླུ་འབུམ་ངག་དབང་ཚུལ་ཁྲིམས་ཀྱི་སྐུ་ཕྲེང་ལྔ་བའི་ཡང་སྲིད་དུ་ཐུགས་ཐག་བཅད་ནས་མཚོ་སྔོན་ཁྲི་ཀ་རྒྱ་ཚ་དགོན་དུ་ཁྲི་འདོན་ཆོ་ག་སྤེལ། 

2002—2004བར་བླ་བྲང་དགོན་པས་མངགས་པ་ལྟར། རྨ་ལྷོ་རྫོང་སྟག་ལུང་དགོན་པའི་ཁྲི་བ་ལོ་གསུམ་བྱས་ཤིང་། དགོན་དེ་དང་། བླ་བྲང་བཀྲ་ཤིས་འཁྱིལ། ཀན་ལྷོ་རྨ་ཆུ་ནུར་མའི་དགོན། ཁྲི་ཀའི་དགོན་སྡེ་ཆེ་ཆུང་དུ་མ། མང་རྫོང་དམར་སྐམ་དགོན་སོགས་སུ་ལོ་མང་བོར་གཞུང་གི་སྐོར་དང་། ལམ་རིམ་བློ་སྦྱོང་གི་སྐོར། རིག་གནས་སྐོར་སོགས་དཔེ་ཁྲིད་གང་མང་བྱས་དང་བྱེད་བཞིན་ཡོད། 

2004—2006ལོར་ཀྲུང་གོ་བོད་བརྒྱུད་ནང་བསྟན་སློབ་གླིང་གི་སྐབས་དང་བོའི་འབྲིང་རམས་པའི་ནང་རིག་དགེ་རྒན་ལོ་གཉིས་ལ་བྱས་ཏེ། སྒོ་མང་ཡིག་ཆའི་ཕར་ཕྱིན་ཆེན་མོ། དབུ་མ་རྒྱས་པ། མཛོད་མཐའ་དཔྱོད་བཅས་རྒྱས་ཁྲིད་བྱས། 2009ལོར་ཀྲུང་གོ་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་ཞིང་ལྗོངས་ལྔ་ནས་ཐོན་པའི་དགེ་བཤེས་བཅུ་གཅིག་དང་མཉམ་དུ་སྐབས་ལྔ་བའི་མཐོ་རམས་རབ་འབྱམས་པའི་དམ་བཅའ་སྟེ། རྩོད་པའི་དམ་བཅའ་ཉིན་ལྔ་དང་། དཔྱད་རྩོམ་བགྲོ་གླེང་དམ་བཅའ་ཉིན་གཅིག་ལ་བཞག་ཅིང་ཨང་དང་བོའི་མཚན་སྙན་ཐོབ། ཀུན་མཁྱེན་འཇམ་དབྱངས་བཞད་པ་མཆོག་གི་བཀའ་གསུང་བཞིན་2009ལོ་མཇུག་ནས་པེ་ཅིན་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཕེབས་ནས་བོད་བརྒྱུད་ནང་བསྟན་གྱི་༼ཆོས་དོན་དགོངས་འགྲེལ་༽ལས་ཀ་གཙོ་བོར་བྱས།

2011ལོར་མཐོ་རིམ་ནང་སློབ་ཏུ་དགེ་རྒན་ཆེན་མོའི་དམ་བཅའ་བཞག་སྟེ། དགེ་རྒན་ཆེན་མོ་རིམ་པ་དང་བོའི་མཚན་གནས་ཐོབ། སློབ་གླིང་དུ་ལས་ཞོར་ལ་མཐོ་རམས་འཛིན་གྲྭར་ལོ་རེར་འདུལ་དོན་དགོངས་འགྲེལ་སྐོར་སློབ་ཁྲིད་བྱས།  ཞོར་དུ་རྒྱའི་སྐད་ཡིག་དང་། ཐུན་མོང་གི་སློབ་ཚན། ཀྲུང་གོའི་གནའ་དེང་གི་ལོ་རྒྱུས་སོགས་ལའང་། ཆེད་མཁས་པས་འཆད་ཁྲིད་ལ་ཉན་པ་དང་རང་སྦྱོང་གང་ལེགས་བྱས།

2014ནས་ད་བར་མཚོ་སྔོན་ཁྲི་ཀ་རྫོང་ནང་བསྟན་སྐབས་གསུམ་པའི་ཚོགས་གཙོར་བདམས་ཐོན་བྱུང་སྟེ། རྫོང་ཡོངས་ཀྱི་དགོན་པའི་བླ་སྤྲུལ་གྲྭ་བཙུན་རྣམས་ལ་ཟབ་སྦྱོང་འཛིན་གྲྭ་བཙུགས་ནས་ད་ལྟའི་བར་ཐེངས་བཅུ་ལ་སྤེལ་བར་སློབ་ཁྲིད་བྱས་ཏེ་རྒྱུན་སྐྱོང་མུས་སུ་མཆིས། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་སློབ་གླིང་གིས་བཀོད་སྒྲིག་ལྟར་པེ་ཅིན་དང་ཅང་སུའུ་ཁྲང་ཧྲ་སོགས་ནས་བསྒྲུབས་པའི་མཐོ་རམས་པའི་ཟབ་སྦྱོང་དང་། རྔ་བ་ཁུལ་དགོན་པའི་ཀྲུའུ་རིན་ཟབ་སྦྱོང་། ཀན་སུའུ་དང་ཡུན་ནན་སྤྲུལ་སྐུའི་ཟབ་སྦྱོང་སོགས་སུ་ཆོས་དོན་དགོངས་འགྲེལ་སྐོར་འཆད་ཁྲིད་བྱས། ཆོས་དོན་དགོངས་འགྲེལ་གྱི་རྩོམ་ཡིག་༼བྱམས་པའི་སེམས་ནི་འདུལ་ཁྲིམས་ཀྱི་སྙིང་བོ་ཡིན༽དང་། ༼འདུལ་བའི་སྤྱི་དོན་༽སོགས་ཆོས་དོན་དགོངས་འགྲེལ་སྐོར་གྱི་རྩོམ་ཡིག་བཅུ་ཕྲག་ལྷག་བྲིས་ཏེ་མཐོ་རིམ་ནང་སློབ་ཀྱི་སློབ་སྦྱོང་དུས་དེབ་དང་ཞིང་ཆེན་རིམ་པའི་ནང་བསྟན་དུས་དེབ་ཁག་ཏུ་བཀོད། ད་དུང་མཚོ་སྔོན་གྱི་སྦྲང་ཆར་དུས་དེབ་དང་། མཚོ་སྔོན་མང་ཚོགས་སྒྱུ་རྩལ་དུས་དེབ། སྒེར་དེབ་སྣ་ཚོགས་ཁག་ཏུའང་རྩོམ་ཡིག་མི་ཉུང་བ་བཀོད་མྱོང་། གཞན་ཡང་གསུང་རྩོམ་འདུལ་བའི་སྤྱི་དོན་དང་ནང་བསྟན་རྒྱུན་ཤེས་ལག་ལེན་ཏེ་དེབ་གཉིས་མི་རིགས་དཔེ་བསྐྲུན་ཁང་ནས་དཔར་དུ་བསྐྲུན་ཟིན། དཔར་དུ་མ་འཁོད་པའང་བཀའ་པོད་ལྔ་སོ་སོའི་ཟིན་བྲིས་དང་བཤད་ལུང་སྐོར་གྱི་ཟིན་བྲིས། སྔགས་སྤྱི་དོན་སོགས་ཀྱི་ཟིན་བྲིས་པོད་དུ་མར་ལོངས་པ་ཡོད།

2014ནས་ད་བར་དུ་སློབ་གླིང་གི་སློབ་དོན་ཁང་གི་སློབ་གཙོ་གཞོན་པའི་ལས་ཀའི་འགན་ཁུར་ཏེ། སློབ་ཁྲིད་རྩ་འཛིན་དང་། སློབ་དེབ་ཁྲིད་གཞུང་། ཆོས་ལུགས་ཆོ་གའི་སྐོར་སོགས་ཀྱི་འཆར་ཟིན་དང་བྱེད་ཐབས། ཇུས་འགོད། སྒྲིག་ལམ་སྐོར་སོགས་མི་ཉུང་བ་བྲིས་ཤིང་། དུས་མཚུངས་སུ་སློབ་གླིང་གི་སློབ་དེབ་ཁྲིད་གཞུང་གི་ལས་ཀ་སྟེ་བཀའ་པོད་ལྔའི་རྩ་བ་དག་བསྒྲིགས་དང་། སྒོ་མང་ཡིག་ཆ་ཕྱོགས་བསྒྲིགས་ཀྱི་ལས་ཀའི་གཙོ་འགན་ཁུར་ཏེ་རྩོད་ཡིག་ལྟར་དཀར་ཆག་ཆེད་བསྒྲིགས་དང་། མཛད་པ་བོ་སོ་སོའི་རྣམ་ཐར་མདོར་བསྡུས། དཔར་བྱང་སྨོན་ཚིག་སོགས་བྲིས་ཏེ་ཕྱག་ལས་མི་ཉུང་བ་གནངས་དང་གནང་བཞིན་ཡོད་ལ། 2017ལོ་ཨ་མདོ་མཆོད་རྟེན་དྲིལ་གསིལ་མའི་མདུན་ནས་༼ཁྲི་ཀའི་མ་ཎི་དུང་སྒྲུབ་སྨོན་ལམ་ཆེན་མོ་༽བཙུགས་ཤིང་། མདོ་སྨད་རྟེན་མཆོག་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པའི་མཆོད་རྟེན་དྲིལ་གསིལ་མའི་ཞིག་གསོའི་གཙོ་འགན་བཞེས་བཞིན་པ་དང་། ཁྲི་ཀའི་རྐང་ཚ་གོང་ཞོལ་དགོན་གྲོང་ཐུན་མོང་ནས་དུས་འཁོར་དབང་ཆེན་ཡང་ཡང་ཞུས་པ་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པ་མཆོག་གིས་གསུང་གི་གནང་བ་བསྩལ་བ་བཅས་ལ་བརྟེན་ནས། 2019.ལོའི་ཧོར་ཟླ་དྲུག་པའི་ཚེས་གསུམ་ནས་དྲུག་བར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཕྱག་བཞེས་བཞིན་དུས་འཁོར་དབང་ཆེན་ཕྱག་ལེན་རྒྱས་པའི་ལུགས་སུ་གནང་བ་སོགས་བསྟན་དར་འགྲོ་ཕན་གྱི་ཕྱག་ལས་གང་མང་གནང་མུས་སུ་བཞུགས་ཡོད། ཅེས་སྐུ་ཕྱོགས་སྒོ་མང་ཚང་བློ་བཟང་འོད་ཟེར་རྒྱ་མཚོའི་མཚམས་སྦྱོར་མདོར་བསྡུས་འདི་ནི། ཧོར་ཚང་གསེར་ཁྲི་སྤྲུལ་མིང་བ་དཔལ་ལྡན་འཇིགས་མེད་གྲགས་པ་རྒྱ་མཚོས་སྤྱི་ལོ་2019ལོའི་ཟླ་༦བོའི་ཚེས་༡༣ལ་བྲིས

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།