པཎ་ཆེན་ཡོངས་འཛིན་བསང་ཁོག་འཇིགས་མེད་རྒྱ་མཚོའི་རྣམ་ཐར་བཞུགས་སོ།།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-09-16 15:46:31     རྩོམ་པ་པོ།   རྒན་གྱའི་དཀོན་མཆོག་རྒྱ་མཚོ།     ཀློག་ཐེངས།  

微信图片_20200916155014.jpg

སྲིད་ཞིའི་འཇི༷གས་ལས་སྐྱོབ་པའི་རྫོགས་སངས་རྒྱས།།

འཆི་མེ༵ད་ཐར་བ་ཐོབ་བྱེད་འགོག་ལམ་ཆོས།།

རྒྱ༵་ཆེན་ལུང་རྟོགས་གཏེར་མཛོད་དགེ་འདུན་བཅས།།

དབྱེར་མེད་རིགས་ལྡན་མཚོ༵་སྐྱེས་དཀར་བོ་དྲན།། དེ་ཡང་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡོངས་འཛིན། མདོ་སྔགས་གཞུང་བརྒྱ་སྨྲ་བའི་དབང་བོ། དབང་ལུང་མན་ངག་གི་བང་མཛོད། མཁས་བཙུན་བཟང་གསུམ་གྱི་བདག་ཉིད། རྗེ་བཙུན་བསང་ཁོག་འཇིགས་མེད་རྒྱ་མཚོ་དཔལ་བཟང་བོ་མཆོག་ནི། སྤྱི་ལོའི་དུས་རབས་ཉི་ཤུ་བའི་སྟོད་དུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་མདོ་སྔགས་རབ་འབྱམས་ལ་འཆད་རྩོད་རྩོམ་གསུམ་གང་གི་ཆ་ནས་ཀྱང་གནམ་ཀ་མེད་ཀྱི་འོག་ན་སེང་གེ་མཐུར་མེད་ལྟ་བུ་ཡིན་པའི་བདེན་དཔང་ནི། སྐབས་དེའི་བཀྲ་ཤིས་འཁྱིལ་བ་ཚང་གི་མཁས་པ་མང་བོའི་ཚབ་ལྟ་བུ་གནང་ནས་མཁས་དབང་སྒེའུ་སྟེང་ཡབ་སྲས་ལ་བརྒལ་ལན་རྡོ་རྗེའི་གཟེགས་མ་ཞེས་བྱ་བ་མཛད་ནས་བསྐུར་བ་དང་། པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་མོའི་ཡོངས་འཛིན་དུ་ཕེབས་ནས་དབང་ལུང་མན་ངག་གི་ཆར་རྒྱུན་ཅི་འདོད་དུ་སྩལ་བ་འདི་ཡིན་མོད། འོན་ཀྱང་མཚུངས་མེད་དགེ་བའི་བཤེས་གཉེན་འདི་ཉིད་ཀྱི་མཛད་རྣམ་གྱུ་རུ་ལུགས་སུ་བསྒྲིགས་པ་ཞིག་མི་སྣང་བས། མ་དག་རྒྱུན་འབྱམས་ཀྱི་ངག་རྒྱུན་ཙམ་རེས་མཁས་མཆོག་འདི་བའི་རྣམ་ཐར་གྱི་འགང་དཀྲུགས་པ་སོགས་ཀྱང་མཐོང་ཞིང་ཐོས་པ་དང་། རྗེ་འདིའི་སྐུ་ཚེའི་བརྒྱུད་རིམ་ལ་ཤེས་འདོད་ཞུགས་པའི་ཕྱི་རབས་པ་དག་ལ་ཕན་པར་བྱ་བའི་ཕྱིར་དང་། རང་ཉིད་ཀྱང་ཆོས་ལྡན་གྱི་བྱ་བས་དུས་ཚོད་དོན་ཡོད་པར་བྱ་སླད་རྗེ་འདིའི་མཛད་རྣམ་གྱུ་རུ་ལུགས་སུ་དགོད་པ་དང་ཆབས་གཅིག་འདི་དང་འབྲེལ་ཡོད་ཀྱི་འཕྲོས་དོན་རིགས་ལ་གང་ནུས་ཀྱིས་འཁྲུལ་བསལ་ཡོ་བསྲང་གི་ནུས་པ་ཅུང་ཟད་རེ་ཡིན་རུང་ཨེ་ཐོན་གྱི་ཀུན་སློང་གིས་བགྱི་བ་འདིར་ཞུགས་སོ།།  དེ་ཡང་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་མོའི་ཡོངས་འཛིན་གཞུང་བརྒྱ་སྨྲ་བའི་དབང་བོ་བསང་ཁོག་རྗེ་བཙུན་འཇིགས་མེད་རྒྱ་མཚོ་དཔལ་བཟང་བོ་མཆོག་ནི། རབ་བྱུང་བཅོ་ལྔ་བའི་ཆུ་ལུག་སྤྱི་ལོ་༡༨༨༣ལོར་མདོ་སྨད་བསང་ཁོག་ཚར་ཚ་རུ་ཡབ་བཀྲ་ཤིས་ཚེ་རིང་དང་། ཡུམ་རྒྱལ་དགའ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།  འཁྲུངས་ལོ་འདི་ལྟར་ཡིན་པའི་རྒྱུ་མཚན་ནི། རྗེ་རང་ཉིད་ཀྱིས་རབ་རྒྱལ་ལྕགས་སྦྲུལ་༡༩༤༡ལོར་ཁྲི་ཀར་བཀའ་འགྱུར་གྱི་ལུང་གནང་སྐབས་གསུང་བཤད་ཆ་ཚང་ཀོའུ་བ་བཤད་༡༩༠༤‑༡༩༤༦སྒྲུབ་རྒྱ་མཚོས་ཟིན་བྲིས་སུ་བཏབ་པ་ད་ལྟ་ཡང་ཆ་ཚང་བཞུགས་ཤིང་། དེ་ལས།  རང་ལོ་གྲངས་ང་བདུན་པའི་ལོར་སྨད་སོག་བཀའ་འགྱུར་བ་ཆེན་པོ་བློ་བཟང་བཟོད་པ་ཚང་ལ་གསོལ་བ་ནན་ཏན་ཆེན་པོས་བཏབ་སྟེ་ཟླ་ཚེས་ལ་གསན་མཁན་བླ་མ་དགེ་བཤེས་བཞི་བཅུ་ཙམ་ལ་མདོ་སྡེ་བསྐལ་བཟང་ནས་དབུ་བཙུགས། ཞེས་གསལ་ཞིང་། སྨད་སོག་བཀའ་འགྱུར་བས་བླ་བྲང་དུ་བཀའ་འགྱུར་གནང་བའི་ལོ་ས་ཡོས་༡༩༣༩ལོ་ཡིན་པ་རྗེ་བླ་ཁོ་རིན་པོ་ཆེའི་རྣམ་ཐར་དུ་གསལ་བས། ས་ཡོས་༡༩༣༩ལོར་དགུང་ལོ་ང་བདུན་ཡིན་ན་རབ་ཚེས་ཆུ་ལུག་༡༨༨༣ལ་འཁྲུངས་པ་ཤེས་ཐུབ།     དེ་ནས་དགུང་ལོ་བཅུ་གཅིག་ཏུ་སོན་པ་ཆུ་སྦྲུལ༡༨༩༣ལོའི་ཟླ་བཅུ་བའི་ཚེས་བཅོ་ལྔར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཞང་སྟོན་བསྟན་པ་༡༨༢༥‑༡༨༩༧རྒྱ་མཚོ་ལས་རབ་བྱུང་བསྒྲུབས་ནས་རྒྱལ་བའི་བསྟན་པའི་སྒོར་ཞུགས།  དགེ་བའི་བཤེས་གཉེན་ཆེན་པོ་བསང་ཁོག་བསྟན་པ་ཚང་གནས་ཀྱི་སློབ་དཔོན་དུ་བསྟེན་ནས་ཀློག་སོགས་བསླབ་གནང་བའི་དབུ་བཙུགས། རྗེ་ཞང་སྟོན་ལས་སེང་ལྡེང་ནགས་ཀྱི་སྒྲོལ་མའི་རྗེས་གནང་གསན།  དམེ་ཤུལ་ཚུལ་ཁྲིམས་ཀྱི་སྤྲུལ་སྐུ་འཇམ་དབྱངས་ཚུལ་ཁྲིམས་ཚང་ལས་ཐོག་མའི་བློ་སྦྱོང་གི་ཁྲིད་དང་། གུང་ཐང་ལམ་མཆོག་སྙིང་བོའི་ཁྲིད་གསན། དགུང་ལོ་བཅུ་དྲུག་བཞེས་པ་ས་ཁྱི་༡༨༩༨ལོར་རྨད་བྱུང་ཐོས་བསམ་གླིང་གི་ཆོས་གྲྭར་ཁ་དོག་དཀར་དམར་འཛིན་གྲྭར་ཞུགས། རྗེ་ཉིད་ཀྱིས་མཛད་པའི་གཟུ་བོའི་བློས་དཔྱད་པ་ལས་བྱུང་བའི་བརྒལ་ལན་ལུང་དང་རིགས་པའི་རྡོ་རྗེའི་གཟེགས་མ་ཞེས་བྱ་བ་ལས།

ཐུབ་བསྟ༷ན་སྒོ་རུ་ཞུགས་པ༷་ནས།།

གཞུང་ལུགས་རྒྱ༷་མཚོ༷འི་དཀའ་གནད་ཀུན།།

གསལ་བར་འདོམས་པའི་བཤེས་གཉེན་དེའི།།

བཀའ་དྲིན་དྲན་པས་ལག་པད་ཟུམ།། ཞེས་གསུངས་པ་ལྟར་མཚུངས་མེད་དགེ་བའི་བཤེས་གཉེན་བསང་ཁོག་བསྟན་པ་ཚང་ལས་བསྡུས་གྲྭའི་དཔེ་ཁྲིད་ཞུས་སྐབས། སེམས་བྱུང་ང་གཅིག་གི་ནང་དུ་བླང་དོར་གྱི་གནད་ཐམས་ཅད་འདུ་ཚུལ་ཡུལ་ཡུལ་ཅན་གྱི་དཔེ་ཁྲིད་སྐབས་གསལ་བར་གསུངས་པ་ཐུགས་ལ་མ་བསྙེལ་བར་བསྣམས་ཏེ་ལག་ལེན་དུ་བསྟར་ཞིང་ཕྱིས་སུ་སློབ་བུ་རྣམས་ལ་ཡང་དེ་ལུགས་འདོམས་པར་སྣང་། དེ་ལྟར་གྲོགས་རིགས་པ་སྨྲ་བ་མང་བོ་དང་མཉམ་དུ་གཞུང་དོན་རིགས་པའི་སྒོ་འབྱེད་བསྡུས་གྲྭའི་རིགས་ལམ་ལ་ཧུར་བརྩོན་གནང་མགོ་ཚུགས། དགུང་ལོ་བཅུ་བདུན་བཞེས་པ་ས་ཕག་༡༨༩༩ལོའི་དགུན་ཆོས་སུ་འཛིན་གྲྭ་ཁ་དོག་གོང་དུ་འཕར་ཞིང་སློབ་གཉེར་གྱི་ཞོར་དུ་སྔ་ཕྱི་ཅི་རིགས་སུ་སྒོ་མང་བློ་བཟང་ཚུལ་ཁྲིམས་༡༨༤༡‑༡༩༠༧རྒྱ་མཚོ་ལས་པཎ་ཆེན་བདེ་ལམ་དང་། དགའ་ལྷའི་ཁྲིད། འཇིགས་བྱེད་དཔའ་གཅིག་གི་དབང་། བདེ་གསང་འཇིགས་གསུམ་གྱི་དབང་། གདུགས་དཀར་ལྷ་མང་གི་དབང་། བདེ་མཆོག་དཀར་བོའི་རྗེས་གནང་། རིག་བྱེད་མའི་རྗེས་གནང་། རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང་། འཇམ་དབྱངས་སྨྲ་སེང་གི་ཆོས་སྐོར་དང་། འཇམ་དབྱངས་དམར་སེར་གྱི་རྗེས་གནང་སོགས་གསན། དགུང་ལོ་བཅོ་བརྒྱད་བཞེས་པ་ལྕགས་བྱི་སྤྱི་ལོ་༡༩༠༠ལོའི་དགུན་ཆོས་སུ་འཛིན་གྲྭ་བསྡུས་འབྲིང་དུ་སླེབས། དགུང་ལོ་བཅུ་དགུ་བཞེས་པ་ལྕགས་གླང་སྤྱི་ལོ་༡༩༠༡ལོའི་དགུན་ཆོས་སུ་འཛིན་གྲྭ་བསྡུས་ཆེན་དུ་ཕེབས། དགུང་ལོ་ཉེར་གཅིག་བཞེས་པ་ཆུ་སྟག་༡༩༠༢ལོར་འཛིན་གྲྭ་རྟགས་རིགས་སུ་སླེབས། དགུང་ལོ་ཉེར་གཉིས་བཞེས་པ་ཤིང་འབྲུག་༡༩༠༣ལོའི་ཟླ་བརྒྱད་པར་དོན་བདུན་ཅུ་གསར་རྩོད་གནང་། དགུན་ཆོས་ཆེན་མོར་གཞུང་རྒྱུགས་སྤྲད་ཅིང་། ལྔ་མཆོད་ཆོས་ཐོག་ལ་ཕར་ཕྱིན་མཐའ་དཔྱོད་ཆེན་མོའི་དབུ་ནས་མཆོད་བརྗོད་དང་ཤིང་རྟའི་སྲོལ་འབྱེད་རྩོད་མགོ་ཚུགས། རྗེ་ཉིད་ཀྱི་སློབ་དཔོན་བསང་ཁོག་བསྟན་པ་ཚང་ལས་སྐབས་འདིའི་དཔེ་ཁྲིད་གསན་སྐབས་ཀྱི་གསུང་སྒྲོས་ཕྱིས་སུ་བཀའ་འགྱུར་ལྗགས་ལུང་གནང་སྐབས་གསུངས་པ་ནི།  ངའི་ཨ་ཁུས་དཔེ་ཁྲིད་སྐབས་གསེར་ཕྲེང་ལས་ཨར་བྱང་ཆུབ་ཡེ་ཤེས་ཀྱི་བཞེད་པ་ལྟར་སྡུད་པ་འདི་ཁྲི་བརྒྱད་སྟོང་བའི་ལེའུ་གྱ་བཞི་བར་གསུངས་པ་ལོ་ཙྰ་བ་ཞང་ཡེ་ཤེས་སྡེའི་འགྱུར་ལ་བརྟེན་པ་ཡིན། ཁྲི་བརྒྱད་སྟོང་བའི་འགྱུར་འགའ་རེ་ན་སྡུད་པ་དེའི་ལེའུར་མ་བྱས་པའང་ཡོད་པས་དེ་ཁྲི་བརྒྱད་སྟོང་བའི་ལེའུ་མིན་པར་འགྲུབ། དེར་མ་ཟད། སྡུད་པ་རང་ཉིད་ལས། དེ་ནས་འཁོར་བཞི་བོ་དགའ་བར་མཛད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་ཅིང་ཞེས་པའི་དེ་ནས་ཞེས་པས་ཡུམ་གསུམ་རྒྱས་པར་བཤད་པའི་མཇུག་འཁོར་འདུས་པ་རྣམས་ལ་འདི་གསུངས་པར་བཤད་པས་ཀྱང་སྡུད་པ་ཁྲི་བརྒྱད་སྟོང་བའི་ལེའུ་མིན་པར་ཤེས་གསུང་། ཞེས་གསུངས་པར་རྒྱལ་བའི་བཀའ་རིན་པོ་ཆེའི་བཀླགས་ལུང་མནོས་སྐབས་ཀྱི་ཟིན་བྲིས་སུ་འབྱུང་ངོ་།། འོན་ཀྱང་། ཨར་བྱང་ཡེའི་སྡུད་པའི་བཤད་སྦྱར་ལས། སྡེ་ཚན་དྲུག་ནི། འབུམ་དང་། ཉི་ཁྲི་ལྔ་སྟོང་བ་དང་། ཁྲི་བརྒྱད་སྟོང་བ་དང་ཤེས་རབ་ཁྲི་བ་དང་། འཕགས་པ་བརྒྱད་སྟོང་བ་དང་། སྡུད་པ་ཚིགས་སུ་བཅད་པའོ།། ཞེས་དང་། འབུམ་ནས་བརྒྱད་སྟོང་བ་ཡན་ཆད་ནི་དུས་གཅིག་ཏུ་གསུངས་ལ། དེ་རྣམས་ཀྱི་དོན་ཐམས་ཅད་བསྡུ་བའི་ཕྱིར་དང་དབྱངས་ཀྱིས་བསྙད་པས་ཕན་གདགས་པའི་སེམས་ཅན་རྗེས་སུ་གཟུང་བར་བྱ་བའི་ཕྱིར་དུས་ཕྱིས་སྡུད་པ་ཚིགས་སུ་བཅད་པ་གསུངས་སོ།། ཞེས་འབྱུང་བས་ཨར་བྱང་ཡེས་སྡུད་པ་ཁྲི་བརྒྱད་སྟོང་བའི་ལེའུ་གྱ་བཞི་བར་བཞེད་མིན་དཔྱད་པར་བྱའོ།། ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། ལོ་དེའི་དགུན་ཆོས་ལ་འཛིན་གྲྭ་གཞུང་གསར་དུ་སླེབས་ཤིང་གྲོགས་རིགས་པ་སྨྲ་བ་རྣམས་དང་མཉམ་དུ་ཤིང་རྟའི་སྲོལ་འབྱེད་རྫོགས་པར་བརྩད་དེ་བརྩོན་འགྲུས་དང་ཤེས་རབ་ཟུང་དུ་འབྲེལ་བའི་སྒོ་ནས་གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དཔྱིས་ཕྱིན་པར་སྦྱོང་མགོ་ཚུགས།  དགུང་ལོ་ཉེར་ལྔ་བཞེས་པ་ཆུ་ལུག་༡༩༠༧ལོའི་ལོ་སར་དཀྱུས་ལྟར་བཏང་ཞིང་སྨོན་ལམ་གསུང་ཆོས། རྡོ་རམས་པའི་དམ་བཅའ་སོགས་ལ་དཀྱུས་ལྟར་ཕེབས། ཟླ་གཉིས་པའི་ནང་དུ་རྗེ་འདིའི་ཁམས་ཅུང་མ་སྙོམས་པར་ཐུགས་བརྟག་ཞུས་པར་ཤོ་བ་རྟ་མགྲིན་ལ་མཇལ་སྐོར་དུ་འགྲོ་དགོས་པར་གསུངས་པས་དེར་བསྐྱོད་ནས་མཇལ་སྐོར་གནང་སྟེ་སླར་ཕེབས་ཚེ་རྗེ་བླ་ཁོ་རིན་པོ་ཆེ་འཇིགས་མེད་༡༨༦༦‑༡༩༤༨འཕྲིན་ལས་རྒྱ་མཚོས་བཀའ་འགྱུར་གྱི་ལྗགས་ལུང་གནང་ནས་པོད་བཅུ་གྲངས་གསུང་ཚར། རྗེའི་ཕུ་བོ་དྲིན་ཅན་ཞིག་ཡོད་པ་བཀའ་འགྱུར་གྱི་ལུང་ལ་བཞུགས་ཀྱང་བར་སྐབས་ཤིག་ནས་སྐུ་རླུང་གིས་བཞུགས་མ་ནུས་པར་རྣམ་གཉིས་འབྲོག་ཕྱོགས་ཤིག་ཏུ་ས་ཆུ་སྤོར་ནས་བཞུགས་དགོས་བྱུང་བས་བཀའ་འགྱུར་གསན་རྒྱུར་མ་སོང་།  ཟླ་གསུམ་པའི་ནང་དུ་ཆོས་གྲྭར་དགོང་ཞོགས་ལ་བྱང་ཕྱོགས་སོ་བདུན་ནས་རྣམ་ཐར་སྒོ་གསུམ་དང་རྣམ་ཐར་བརྒྱད་བཅས་དང་ཉིན་གུང་རྣམས་སུ་ཞི་གནས་ཀྱི་སྐོར་ལ་བགྲོ་གླེང་ལྷུག་པོར་གནང་། ཟླ་གསུམ་པའི་ཚེས་ཉེར་གཉིས་ཙམ་ནས་སྐུ་འབུམ་དུ་༧གོང་ས་བཅུ་གསུམ་པ་ཆེན་པོར་མཇལ་ཞུར་ཀུན་མཁྱེན་བླ་མ་སྐུ་ཕྲེང་བཞི་བ་མཆོག་དང་། ཁྲི་གདན་ཟུར་དགེ་བཤེས་རྣམས་ཕེབས་སྐབས་རྗེ་འདི་ཉིད་ཀྱིས་དགེ་བཤེས་བསང་ཁོག་བསྟན་པ་ཚང་གི་ཞམ་འབྲིང་བ་བྱས་ཏེ་ཕེབས། སྐུ་འབུམ་ཆེ་ཤོས་སྤྲུལ་སྐུའི་རང་རྣམ་ལས། སྐབས་དེར་བླ་བྲང་བཀྲ་ཤིས་འཁྱིལ་ནས། ༧གོང་ས་མཆོག་གདན་ཞུར། ཀུན་མཁྱེན་བླ་མ། བླ་བྲང་ཁྲི་བ། མཁན་པོ་ངག་དབང་དགེ་ལེགས་ཀྱི་སྤྲུལ་སྐུ། དགེ་བཤེས་བཅུ་ཕྲག་གཉིས་ལྷག་ཙམ་ཞིག་དང་། ཕྱག་མཛོད་མགོ་ལོག་ཆོས་མཛད་སོགས་རྒྱ་དམག་གི་སྐྱེལ་མི་སོགས་མང་བར་འབྱོར། ཞེས་དང་། ཕྱི་ཉིན་ནས་ཉིན་རེར་དཔེ་ཁྲིད་ལ། ཕྱི་དྲོ་ཉིན་འགར་ཀུན་མཁྱེན་བླ་མ་མཆོག་དང་། བླ་བྲང་ཁྲི་བ་ལས་ཐོག་པ་ཨ་ལགས་རབ་བརྟན་རྒྱ་མཚོ། སྒོ་མང་ངག་དབང་དགེ་ལེགས་ཀྱི་སྤྲུལ་སྐུ། ཕྱག་མཛོད་མགོ་ལོག་ཆོས་མཛད། གུང་ཐང་བློ་གྲོས། ཐུའུ་བཀྭན་ཡོངས་འཛིན་ཇོ་ཁྲི། སྨད་སོག་མགོན་དཀར་སོགས་དཔེ་ཆ་བ་ཉིན་རེར་རེས་མོས་སུ་སྐུ་བཅར་ཞུས། ཞེས་དང་། ཀུན་མཁྱེན་བླ་མས་ཤིང་རྟའི་སྲོལ་འབྱེད་ཀྱི་བགྲོ་གླེང་ཕུལ། དེ་རྗེས་ཕྱག་མཛོད་པས་རམ་འདེགས་ཞུས། དེ་རྗེས་ཁྲི་བས་བགྲོ་གླེང་ཕུལ། སྒོ་མང་མཁན་སྤྲུལ་བས་ཤིང་རྟའི་སྲོལ་འབྱེད། ཇོ་ཁྲི་ནས་དུས་ཚིགས་སོགས་ཀྱི་བགྲོ་གླེང་ཕུལ་ཞིང་། གོང་ས་མཆོག་གིས་བཀའ་ལན་ཐོགས་མེད་དུ་སྩལ། ཞེས་འབྱུང་། ཀུན་མཁྱེན་བཞི་བ་མཆོག་གི་རང་རྣམ་ལས། བཅུ་བཞིར་རྒྱལ་དབང་མཆོག་ལ། ངོ་གཡོག་དགེ་བཤེས་རྣམས་དང་བཅས་དཔེ་ཁྲིད་ཞུས་ཐོག། ངོས་ནས་ཤིང་རྟའི་སྲོལ་འབྱེད་ཀྱི་རིགས་ལུང་ཕུལ་བར་དགྱེས་ཚོར་ཆེ་བ་འདྲ་བ་མཛད་བྱུང་བས་དགའ་སྤྲོ་བརྟས། མཛོད་པ་སོགས་ནས་ཀྱང་རིགས་ལུང་ཕུལ་བར་ཐུགས་དགྱེས་པ་མཛད་ཀིན་འདུག། ཅེས་འབྱུང་། ཕྱག་མཛོད་མགོ་ལོག་ཆོས་མཛད་ཅེས་པ། རྗེ་འཇིགས་མེད་དབང་བོའི་ཕྱག་མཛོད་དར་ཧན་ཆོས་རྗེ་བློ་བཟང་དར་རྒྱས་ནས་བརྩིས་པའི་བླ་བྲང་ཕྱག་མཛོད་རབས་དགུ་བ་ཡིན་ཞིང་། མཁས་དབང་དམུ་དགེ་བསམ་གཏན་གྱིས་མཛད་པའི་རྗེ་བླ་ཁོ་ཚང་གི་རྣམ་ཐར་ལས། ཤིང་མོ་ལུག་གི་ལོར་མགོ་ལོག་དཀོན་བཀྲའི་ཆོས་མཛད་ཟེར་བ་བླ་བྲང་ཕྱག་མཛོད་དུ་བཞག་པས་ཆབ་སྲིད་ཀྱི་བྱེད་པོ་ཁོ་གཅིག་བུར་གྱུར་བས་བདེ་འཇགས་བྱུང་། འདི་ནི་མགོ་ལོག་དཀོན་བཀྲ་ཚང་ཡིན་ལ་ཁོང་གྲྭ་སར་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ནས་ཆོས་མཛད་བཏང་བས་དཀོན་བཀྲའི་ཆོས་མཛད་ཅེས་གྲགས། ཁོང་གོང་ས་སྐྱབས་མགོན་མཆོག་གི་ཚ་བུ་ཡིན་ཏེ་རང་རྣམ་ལས་ཚ་བོ་མཛོད་པ་ཞེས་གསུངས། སྐྱབས་མགོན་མཆོག་ཆབ་སྲིད་ཐོག་མཛད་དཀའ་བྱུང་སྐབས་དཀོན་བཀྲའི་ཆོས་མཛད་ལ་ཡི་གེ་བཏང་སྟེ་ང་ལ་གྲོགས་བྱེད་དུ་ཡོང་དགོས་ཞེས་བཀའ་ནན་ཆེ་བས་ཁོ་ཡོང་ནས་ལོ་བཅུར་བླ་བྲང་ཕྱག་མཛོད་བྱས་ཟེར། དེའི་བར་སྐྱབས་མགོན་མཆོག་སྟོད་གངས་རི་སོགས་སུ་གནས་གཟིགས་ལ་ཕེབས། ཕྱག་མཛོད་ཐུགས་ཟིན་བྱུང་ཟེར། ཞེས་འབྱུང་བ་ཡི་གེ་མ་དག་གམ་སྙམ་སྟེ། དཀོན་བཀྲའི་ཆོས་མཛད་ལོ་བཅུ་བཞིར་ཕྱག་མཛོད་དུ་བཞུགས་པས་ལོ་བཅུ་ཙམ་མ་ཡིན་པ་དང་། ཀུན་མཁྱེན་མཆོག་གི་ཚ་བོ་མཛོད་པ་ནི་དཀོན་བཀྲ་མ་ཡིན་པར་ཕྱག་མཛོད་སྐལ་བཟང་བརྩོན་འགྲུས་ཡིན་ཞིང་། ཀུན་མཁྱེན་མཆོག་སྟོད་གངས་རི་སོགས་སུ་བྱོན་སྐབས་ཀྱི་གཞིས་ཀྱི་ཕྱག་མཛོད་ཀྱང་དེ་ཉིད་ཡིན་པ་ནི་རིམ་བཞིན། ཀུན་མཁྱེན་བཞི་བའི་རང་རྣམ་ལས། བཅུ་གཉིས་པའི་ཚེས་དགུ་ལ་དབལ་མང་སྤྲུལ་བའི་སྐུ་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ་སྲིད་སྐྱོང་ཆེན་མོ་དང་། ཨ་སྐྱོང་དགེ་བཤེས་ཆོས་མཛད་ཕྱག་མཛོད་དུ་བསྐོ་བཞག་བྱས། ཞེས་ཤིང་རྟ་༡༨༩༤ལོའི་མཛད་རྣམ་ཐད་དུ་གསལ་བ་དང་།  ཡང་རང་རྣམ་ལས། དེར་མཛོད་པ་ནས་མི་སྣ་ཆེད་བཏང་བགྱིས་པའི་ཟེར་སྒྲོས་ལ་ཉིད་ཁ་སང་ཁའི་ཉིན་ནས་གློ་བུར་ནད་གཞི་ལྕི་མོ་ཞིག་གིས་ཐེབས་འདུག་པས། སང་བསུ་བ་སོགས་ལ་མདུན་བཅར་ཞུ་མི་ཐུབ་པའི་རྒྱུ་མཚན་དང་། ཞེས་པ་ནས། བཅུ་གཅིག་ལ་གྲོལ་ཏེ་མགོ་ལོག་མཛོད་པ་གཤེགས་པའི་སར་སོང་ཞིང་ཞེས་ས་བྱ་༡༩༠༨ལོའི་མཛད་རྣམ་ཐད་དུ་འབྱུང་བས་ཁོང་གིས་ཕྱག་མཛོད་ཀྱི་ལས་འཁུར་ལོ་བཅུ་བཞིར་བཞེས་པར་གསལ། ཡང་རང་རྣམ་ལས། དེ་ནས་ངོས་ཚ་གསོལ་དཔོན་སྐལ་བཟང་བརྩོན་འགྲུས་ཕྱག་མཛོད་ཆེན་མོར་བསྐོ་བཞག་བགྱིས་ཏེ་ཞེས་ས་བྱ་༡༩༠༨ལོའི་མཛད་རྣམ་ཐད་དུ་འབྱུང་བ་དང་། ཕྱི་དྲོར་ཚ་བོ་མཛོད་པ་སོགས་རང་ཡུལ་གྱི་དབུས་པ་ནག་ཆུ་ཁར་སླེབས་ཡོད་པའི་ཡི་གེ་འབྱོར། ཞེས་ལྕགས་ཕག་༡༩༡༡ལོའི་མཛད་རྣམ་ཐད་དུ་འབྱུང་བ་བཅས་ཀྱིས་ཚ་བོ་མཛོད་པ་ཞེས་པ་ཕྱག་མཛོད་དཀོན་བཀྲའི་ཆོས་མཛད་དམ། ཨ་སྐྱོང་དགེ་བཤེས། ཨ་སྐྱོང་ཆོས་མཛད་འཕྲིན་ལས་རྒྱ་མཚོ་ཞེས་པའི་མིང་ཅན་དེ་མ་ཡིན་པ་རྟོགས་སླ་བས། འདིར་དོ་གལ་ཆེ་བ་མ་ཡིན་ཡང་སྤྱིར་སྐབས་དེའི་སྲིད་ཕྱོགས་ཀྱི་ལོ་རྒྱུས་གལ་འགང་ཅན་ཡིན་སྟབས་འཕྲོས་བཙལ་ཏེ་ཡོ་བསྲང་གི་རེ་བས་ཅུང་ཟད་བཀོད་དོ།། ཐུའུ་བཀྭན་ཡོངས་འཛིན་ཇོ་ཁྲི་ཞེས་པ་འདི་ཉིད་ཅོ་ནེ་ཆོས་དཔལ་ཞིང་དུ་ཡང་ཕེབས་སྣང་སྟེ། བླ་མ་དཀར་བོའི་རྣམ་ཐར་དུ་གཞུང་བརྒྱ་སྨྲ་བའི་དབང་ཕྱུག་ཨ་ཁུ་ཇོ་ཁྲི་ཕེབས་ཏེ་སླར་ཡང་དབུ་ནས་དག་ཐེར་མཛད་དེ་དོན་བདུན་ཅུའི་བར་ཚུགས་ནས་དགོངས་པ་ཞུས། ཞེས་ཆོས་དཔལ་ཞིང་དུ་ཕེབས་པར་བཤད་པ་དང་། མཁས་དབང་དམུ་དགེ་བསམ་གཏན་གྱི་ཞང་བོ་ཐལ་དགེ་བཤེས་ཆོས་ལྡན་གྱི་དགེ་རྒན་ཡིན་པ་དེའི་རྣམ་ཐར་དུ་གསལ་ཞིང་། ཇོ་ཁྲི་ཞེས་པ་ཇོ་མོ་ཁྲི་བ་ཞེས་པའི་བསྡུས་ཚིག་ཡིན་སྣང་བ་བཅས་ཞར་བྱུང་ངོ་།། ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། འདི་དུས་སྐུ་འབུམ་དུ་ཕེབས་པའི་གྲས་ན་ད་དུང་རྒྱལ་མཁན་སྤྲུལ་བསྐལ་བཟང་གྲགས་པ་རྒྱ་མཚོ་དང་། དགེ་བཤེས་ས་དཀར་མི་ཕྲུག་ཏུ་གྲགས་པ་ཚུལ་ཁྲིམས་རྒྱ་མཚོ། ཕྱིས་སུ་ཀུན་མཁྱེན་ལྔ་བའི་ཡོངས་འཛིན་དུ་བཞུགས་པ་དངུལ་རྭའི་གྲགས་པ་ཚང་སོགས་ཡོད་སྣང་། ས་ག་ཟླ་བའི་ཚེས་བཅུ་དྲུག་ལ་རྒྱལ་དབང་མཆོག་ལས་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་རྗེས་གནང་གསན་ནས་ཕྱིར་གདན་སར་ཕེབས། ཟླ་ལྔ་བའི་ནང་དུ་ཆོས་གྲྭར་དགོང་ཞོགས་ལ་ཐུན་མིན་གྱི་རྣམ་མཁྱེན་གྱི་རྣམ་པ། དུས་གསུམ་རྣམ་བཞག། སྦྱོར་བའི་རྟེན། སྦྱོར་བ་ཉི་ཤུ། སྦྱོར་བའི་སྐྱོན་ཡོན་རྣམས་དང་ཉིན་གུང་རྣམས་སུ་ཉེར་བསྡོགས་སྐོར་ལ་དཔྱད་པ་རྫོགས་པར་གནང་བ་སོགས་རྩོད་ཡིག་གི་གོ་རིམ་ལྟར་སློབ་གཉེར་དཔྱིས་ཕྱིན་པ་མཛད། ཟླ་བཅུ་བའི་ནང་དུ་ཆོས་གྲྭར་དགོང་ཞོགས་ལ་བདུད་བཞི་ངོས་འཛིན་ལ་རྩོད་པ་གནང་སྟེ་སྐབས་བཞི་བའི་མཇུག་རྫོགས་ཤིང་། ཉིན་གུང་རྣམས་སུ་བསམ་གཏན་གཟུགས་མེད་ཀྱི་དམིགས་རྣམ་སྐོར་ལ་དོགས་སློང་དཔྱད་ཞིབ་གནང་སྟེ་ཕར་ཕྱིན་ཐལ་ཕྲེང་ཟུར་བཀོལ་དང་བཅས་པར་བློ་འཛིན་དཔེ་ཁྲིད་རྩོད་པ་སུམ་སྦྲག་གི་སྒོ་ནས་ཐེག་པ་རིམ་འཛེགས་ཀྱིས་བགྲོད་དེ་དགུང་ལོ་ཉེར་ལྔ་བཞེས་པ་ཆུ་ལུག་༡༩༠༧ལོའི་ཟླ་བཅུ་གཅིག་པའི་དགུན་ཆོས་ཆེན་མོར་གཞུང་ཤེར་ཕྱིན་གྱི་སློབ་གཉེར་མཐར་ཕྱིན་པའི་འབྲས་རྟགས་སུ་ཕར་ཕྱིན་དམ་བཅའ་དཔེ་ཟླ་བྲལ་བ་བཞག་གནང་མཛད་ནས་ཕར་ཕྱིན་གྱི་གཞུང་ལ་ཞིབ་འཇུག་མཛད་པ་རྫོགས་ཏེ་དབུ་མ་གསར་བའི་འཛིན་གྲྭར་ཕེབས། ཞིབ་འཇུག་ཅེས་པའི་བརྡ་ཁྱད་འདི་ཡང་བོད་རང་སྐད་ལ་སྔོན་ནས་ཡོད་པ་ནི། མཁན་ཆེན་དགེ་འདུན་རྒྱ་མཚོའི་རྣམ་ཐར་བདེ་ཆེན་པཎ་ཌི་ཏ་ངག་དབང་འཇམ་དབྱངས་དཔལ་ལྡན་གྱིས་མཛད་པ་ལས། ཕར་ཕྱིན་གྱི་གཞུང་ལ་ཡང་ཡང་ཞིབ་འཇུག་མཛད་པ་ལ་ཐུགས་ཤིན་ཏུ་མཉེས་མཉེས་གནང་། ཞེས་པ་ལྟ་བུས་མཚོན་ཏེ་ཞར་བྱུང་ངོ་།།   རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོས་དབང་རྗེས་གནང་ལུང་ཁྲིད་སོགས་བཀའ་ཆོས་གང་གནང་ཕལ་ཆེ་བ་ལན་དུ་མར་གསན་པ་ནི། དཔེར་ན། གཟུངས་གཞུག་འཁྲུལ་སྤོང་གི་ཁྲིད་གཅིག་བུ་ཡང་ལན་གསུམ་དང་། རྡོ་རྗེ་ཕྲེང་བའི་དབང་ལན་གསུམ། རིམ་ལྔ་གསལ་སྒྲོན་གྱི་བཤད་ལུང་གཅིག་བུ་ཡང་ལན་གསུམ་བཞི་ཙམ་གསན་པ་ཡིན་གསུངས། སྔ་ཕྱི་ཅི་རིགས་སུ་ཨ་མཆོག་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་ལས་འཇིགས་བྱེད་རོ་ལངས་བརྒྱད་སྐོར་སོགས་གསན། ས་བྱ་༡༩༠༩ལོར་དབུ་མ་རྙིང་བའི་འཛིན་གྲྭར་ཕེབས་ནས་ཟབ་མོའི་གཞུང་ལ་ཞིབ་ཏུ་སྦྱང་ཞོར་རྗེ་འདི་ཉིད་དང་བསང་ཁོག་ཐབས་མཁས་ཚང་རྣམ་གཉིས་ཀྱིས་རྗེ་བླ་ཁོ་ཚང་ལ་ཞུས་པ་ལྟར་འཇིགས་བྱེད་བཅུ་གསུམ་མའི་བསྐྱེད་རྫོགས་དམར་ཁྲིད་ཉིན་བདུན་དང་བདེ་མཆོག་གི་བསྐྱེད་རྫོགས་ཉིན་ལྔ་ལ་སྩལ་བ་གསན། ས་ཁྱི་༡༩༡༠ལོར་འཛིན་གྲྭ་མཛོད་དུ་བཞུགས་ཡོད་སྐབས་རྗེ་འདིས་རྗེ་བླ་ཁོ་ཚང་ལ་ཞུས་པ་ལྟར་གསང་འདུས་བསྐྱེད་རིམ་དམར་ཁྲིད་ཉིན་ལྔ་དང་རྫོགས་རིམ་ཉིན་གསུམ་ལ་སྩལ་བ་གསན། རྗེ་ཉིད་ཀྱི་གནས་ཀྱི་སློབ་དཔོན་བསང་ཁོག་བསྟན་པ་ཚང་ལས་མཛོད་ཀྱི་དཔེ་ཁྲིད་གསན་སྐབས། མཛོད་ལས། བརྒྱ་ཡི་བར་ལ་དེ་དག་འབྱུང་།། ཞེས་པའི་ཐད་དུ་རྗེ་ཉིད་ཀྱི་སློབ་དཔོན་གྱི་གསུང་སྒྲོས་ཕྱིས་སུ་བཀའ་འགྱུར་ལྗགས་ལུང་གནང་སྐབས་གསུངས་པ་ནི། རྒྱལ་བའི་བཀའ་རིན་པོ་ཆེའི་བཀླགས་ལུང་མནོས་སྐབས་ཀྱི་ཞལ་གདམས་ལེགས་བཤད་བདུད་རྩིའི་རོལ་མཚོ་ལས་ཆ་ཤས་ཙམ་ཞིག་ཡོངས་སུ་སྤེལ་བ་སྐལ་བཟང་སྙིང་གི་གཅེས་ནོར་ཕན་བདེའི་དགའ་སྟོན་ཞེས་བྱ་བ་ལས། ངའི་ཨ་ཁུ་ཚང་དེ་ཚོས། ཚེ་ལོ་བརྒྱ་བ་མན་ལ་འཁོར་བསྒྱུར་བྱུང་ན་དེའི་ལོངས་སྤྱོད་གླིང་འདིར་མི་ཆུད་ནི་རེད་གསུངས། ཞེས་སློབ་བུ་ཀོའུ་བ་སྤྲུལ་སྐུས་བཀའ་འགྱུར་ཟིན་བྲིས་སུ་བཀོད་འདུག།  དེ་ལྟར་འཛིན་གྲྭ་རིམ་བགྲོད་ཀྱིས་དབུ་ཚད་འདུལ་མངོན་ཕར་ཕྱིན་བཅས་ལ་སྦྱངས་པ་གཏིང་ཟབ་གནང་། མེ་འབྲུག་༡༩༡༦ལོའི་ཟླ་བརྒྱད་པའི་ཚེས་དྲུག་ནས་ཉིན་བཞིར་རྗེ་འདིས་ཞུས་པ་ལྟར་རྗེ་བླ་ཁོ་རིན་པོ་ཆེས་ཉིན་བཞིར་མགོན་པོ་ཕྱག་དྲུག་པའི་བེའུ་བུམ་གྱི་ལུང་སྩལ་བ་གསན།  ཤིང་བྱི་༡༩༢༤ལོར་ལ་མོའི་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་དུ་ཕེབས་ནས་དགེ་བཤེས་བསང་ཁོག་ཐབས་མཁས་ཚང་དགེ་རྒན་དུ་བསྟེན་སྐབས། ཉིན་ཞིག་བསང་ཁོག་ཐབས་མཁས་ཚང་གིས་ལ་མོའི་ཡོངས་འཛིན་སྤྲུལ་སྐུ་ཚང་རྗེ་བསང་ཁོག་འཇིགས་མེད་རྒྱ་མཚོ་འདི་བའི་དྲུང་དུ་ཁྲིད་དེ་གསར་བ་འདི་ལྡོང་ཨ་ཁུ་ཐུགས་རྗེ་ཅན་ཚང་གི་ཚ་བོ་ཞིག་རེད། འུ་ཅག་སྔོན་བཀའ་ཆོས་ཀྱི་མཇུག་ཏུ་ངའི་ཚ་བོ་རེ་གདན་ས་འདིར་བསྙེགས་པ་འདྲ་ཡོད་ན་ཁྱེད་རྣམ་པས་སྐྱོང་གཉེར་བདག་གཉེར་བདག་དམ་བྱེད་རྒྱུ་ཞེས་གསུངས་པའི་དགོངས་དོན་དུས་ལ་བབ་པས། ཁྱོད་ཀྱིས་ཀྱང་གསར་བུ་འདི་ལ་མཉམ་འཇོག་གནང་དགོས་ཞེས་གསུངས་པར། རྗེ་འདི་བས་ཡོངས་འཛིན་སྤྲུལ་སྐུར། འདི་ས་ཆེ་ས་ཡིན་པས། བཟང་བོ་ཞིག་ཉན་ན་ཡང་མཁས་པའི་རྩེར་སོན་པ་ཞིག་ཡོང་ཆོག། ངན་པ་མཐར་ཐུག་ཏུ་གྱུར་ནའང་ས་གཞན་ནས་མི་གྲལ་དུ་ཚུད་དཀའ་བ་ཞིག་ཏུ་འགྱུར། ལ་མོ་བདེ་ཆེན་སོགས་ན་བླ་སྤྲུལ་མང་དུ་ཡོད་ཀྱང་ཁྱེད་དེ་དག་ཏུ་མ་བསྡད་པར་འདིར་ཡོང་བ་ལ་གྲུབ་འབྲས་ཆེན་པོ་ཞིག་ཡོད་དགོས། སྤྱིར་ངར་འཛིན་སྤང་བྱའི་གཙོ་བོ་ཡིན་ཀྱང་སློབ་གཉེར་བྱེད་སྐབས་ཁ་དབང་ལ་རྒྱ་ཞིག་ཀྱང་དགོས། སྤྱིར་གཙོ་བོ་གཉོམ་ཆུང་ཚུལ་མཐུན་སྒོས་སློབ་གཉེར་ལ་ཧུར་བརྩོན་བསྐྱེད་རྒྱུ། ཁྱེད་ཁྲེས་པོ་འཁུར་ནས་ཡོང་བའི་དགོས་དོན་མ་འཕྱུགས་ཞེས་བསླབ་དོན་རུས་པ་ཅན་མང་དུ་སྩལ། མེ་ཡོས་༡༩༢༧ལོར་ལུང་ཆོས་རྒྱ་མཚོའི་གཏེར་མཛོད་བིས་མདོའི་འགའ་དྭགས་རིན་པོ་ཆེར་རྗེ་འདིས་གསོལ་བ་བཏབ་པ་ལྟར། རྗེ་ཉིད་དང་། བསང་ཁོག་ཐབས་མཁས་ཚང་དང་། ལ་མོའི་ཡོངས་འཛིན་སྤྲུལ་སྐུ་བཅས་གསུམ་ཁོ་ནས་གསང་བའི་སྒོ་ནས་དཔལ་ལྡན་གུར་གྱི་མགོན་པོའི་བེའུ་བུམ་ལས་ལུང་གང་བཞུགས་གསན།  ས་སྦྲུལ་༡༩༢༩ལོའི་ཟླ་བཞི་བའི་ནང་མཱ་ཀྲུང་དབྱིན་གྱི་མངའ་འོག་ཏུ་གཏོགས་པ་གྱད་པོ་མི་ཆེན་བརྒྱད་དུ་འབོད་པའི་དམག་མི་ཉིས་སྟོང་ཙམ་གཙོས་སུ་སླེབས་སོ་ཅོག་ཐམས་ཅད་བླ་བྲང་དུ་ཡང་སླེབ་རྒྱུ་རེད་ཅེས་པའི་ཟེར་སྒྲོས་ཤིག་ཁྱབ་བྱུང་བས། བཞི་བའི་འཛིན་གྲྭ་གཏུགས་གྲོལ་རྗེས་སུ་རྗེ་འདིས་ཉེན་ཡོལ་དུ་ལ་མོ་ཡོངས་འཛིན་སྤྲུལ་སྐུ་ཕྱག་ཕྱིར་ཁྲིད་ནས་རེབ་གོང་ཞོ་ཕོང་ཤེལ་དགོན་དུ་བྱོན། དེར་ཟླ་ངོ་ཕྱེད་དང་གཉིས་ལྷག་བཞུགས་ནས་ཡོངས་འཛིན་སྤྲུལ་སྐུ་སོགས་ལ་རྗེ་བླ་ཁོ་རིན་པོ་ཆེའི་གསུང་གི་ཀུན་མཁྱེན་བཞི་བའི་རྣམ་ཐར་ཁ་སྐོང་ཤེས་ལྡན་ཡིད་ཀྱི་དགའ་སྟོན་རིན་ཆེན་ཕྲེང་བའི་མཛེས་རྒྱན། གུང་ཐང་འཇམ་པའི་དབྱངས་བསྟན་པའི་ཉི་མའི་རྣམ་ཐར་སྐལ་བཟང་མགྲིན་རྒྱན། སྒོ་མང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་རྣམ་ཐར་ཚིགས་བཅད་དུ་བསྡེབས་པ་དད་པའི་འཁྲི་ཤིང་རྒྱས་པའི་མེ་ཏོག། བདེ་ཐང་མཁན་ཆེན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི་རྟོགས་བརྗོད་གཡས་འཁྱིལ་དུང་གི་སྒྲ་དབྱངས། འཕགས་ཡུལ་གྲུབ་ཆེན་རྣམས་ལ་མཆོད་ཅིང་གསོལ་བ་འདེབས་ཚུལ་མཆོག་ཐུན་དངོས་གྲུབ་ཀུན་འབྱུང་སོགས་ཆོས་ཚན་མང་བོའི་ལྗགས་ལུང་སྩལ། ཚེས་བཅུ་ལ་བདེ་མཆོག་གི་ཆོ་ག་རྒྱས་པའི་སྒོ་ནས་ཚོགས་མཆོད་ཕུལ། མཁས་དབང་དགེ་འདུན་ཆོས་འཕེལ་ཤེལ་དགོན་དུ་བཞུགས་དུས་སུམ་རྟགས་དང་སྙན་ངག་གསན་སའི་བཤེས་གཉེན་ཚུལ་ཁྲིམས་ཞུ་བ། འཁྲུངས་ཡུལ་རེབ་གོང་སྨད་པ། གྲྭ་ས་དགའ་ལྡན། ཕྱིས་སུ་སྤེན་དཀར་ཐང་དང་ཤེལ་དགོན་དུ་རྒྱུན་བཞུགས་གནང་བ་དེ་སྤེན་དཀར་ཐང་དུ་དགོངས་པ་རྫོགས་པར་རྗེ་འདི་ཉིད་གདན་འདྲེན་ཞུས་པ་ལྟར་དེར་ཕེབས་ཏེ་སྐུ་གདུང་ཞུགས་ལ་འབུལ་བའི་བླ་མ་མཛད། ཆུ་སྤྲེལ་༡༩༣༢ལོར་གུང་ཐང་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་ཚང་རྗེ་བླ་ཁོ་རིན་པོ་ཆེ་ལས་རབ་བྱུང་དང་དགེ་ཚུལ་བཞེས་སྐབས་རྗེ་འདི་ཉིད་ལས་གྲྭ་བ་མཛད། ཆུ་བྱ་༡༩༣༣ལོའི་དཔྱིད་དུས་སུ་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་ཉི་ཤུ་ཙམ་ཞིག་༧ཀུན་མཁྱེན་ལྔ་བ་ཆེན་པོའི་བཀའ་དགོངས་བཞིན་ལམ་ལ་ཆས་ཏེ་སྐུ་འབུམ་དགོན་དུ་སྒེའུ་སྟེང་ཡབ་སྲས་ལ་བགྲོ་གླེང་གནང་དུ་ཕེབས་པའི་གྲས་སུ་ཡང་རྗེ་འདི་ཉིད་ཡོད་པར་ལོ་རྒྱུས་ལ་ལར་འབྱུང་ཡང་། རྗེ་ཉིད་ཀྱི་བརྒལ་ལན་རྡོ་རྗེའི་གཟེགས་མ་ལས། སྔ་སོར་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་བདུན་པ་ཆུ་བྱ་ལོའི་དཔྱིད་དུས་སུ། མདོ་སྔགས་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་ལུང་དང་རིགས་པ་སྨྲ་བ་ལ་སའི་སྟེང་ན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་མཁས་མཆོག་ལྔ་ཕྲག་བཞི་ལྷག་ཅིག་༧གོང་ས་ལྷ་མིའི་འདྲེན་མཆོག་སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོའི་བཀའི་མེ་ཏོག་བདེ་ཆེན་འཁོར་ལོའི་རྒྱན་དུ་བཀོད་པ་ལ་བརྟེན་ནས་ཆོས་ཀྱི་སྡེ་ཆེན་པོ་བཀྲ་ཤིས་འཁྱིལ་ནས་ཆས་ཏེ་ཞེས་འབྱུང་བ་ལ་བརྟགས་ན་འདིའི་གྲས་སུ་རྗེ་རང་ཉིད་ཡོད་མེད་དོགས་ཏེ། རྗེ་འདིའི་གཤིས་ཀ་དང་བརྒལ་ལན་འདིའི་རྩོམ་ལུགས་གང་ཅིའི་ཆ་ནས་བདག་ཉིད་སྒྲོག་པ་དངོས་ཤུགས་བརྒྱུད་གསུམ་ནས་མཐོང་དཀོན་ཞིང་རྗེ་རང་ཉིད་ཀྱི་གསུང་རྩོམ་ངོ་མར་བྱང་ཁར་རྩོད་དུ་ཕེབས་མཁན་དེ་རྣམས་ལ་དོན་མཐུན་གྱི་བསྔགས་བརྗོད་བླ་མེད་གནང་འདུག་པས་སོ།།  ཤིང་ཕག་༡༩༣༥ལོར་རྗེ་བླ་ཁོ་ཚང་ལས་མདོ་སྡེ་བསྐལ་བཟང་དང་རྒྱ་ཆེར་རོལ་པའི་ལུང་གསན། དགེ་བའི་བཤེས་གཉེན་ཆེན་པོ་བཅུ་ཕྲག་རིག་གནས་སྨྲ་བའི་དབང་ཕྱུག་ལྷ་མོའི་ཚུལ་ཁྲིམས་༡༨༨༩‑༡༩༥༨ཚང་གིས་མཁས་དབང་གུང་ཐང་བློ་༡༨༤༤‑༡༩༢༨གྲོས་རིན་པོ་ཆེ་ཆིག་ཆོག་གི་བླ་མར་བསྟེན་ཞིང་། དེ་ལས་གཞན་རྗེ་བླ་ཁོ་རིན་པོ་ཆེ་ལ་ཡང་སྔན་ཆད་ཆོས་འབྲེལ་མ་བཞག་མོད། འདི་དུས་ཙ་ན་ལྷ་མོའི་ཚུལ་ཁྲིམས་ཚང་གིས་ད་གཟོད་རྗེ་བླ་ཁོ་རིན་པོ་ཆེར་ཆོས་འབྲེལ་གསན་ཞིང་། རྗེ་བསང་ཁོག་འཇིགས་མེད་ཚང་འདི་ཉིད་རྗེ་བླ་ཁོ་ཚང་གི་ཐུགས་རྩིས་དང་སྐུ་དབང་ཆེ་ཞིང་མཆོད་དཔོན་ལྟ་བུ་ཡིན་པས། དེའི་བར་དུ་ཆོས་མ་གསན་པ་ལ་ཐུགས་མ་དགྱེས་པའི་ཉམས་ཀྱིས་ཕྱིས་སུ་སྐབས་འགར་ལྷ་མོའི་ཚུལ་ཁྲིམས་ཚང་རྗེ་བླ་ཁོ་ཚང་གི་དྲུང་ནས་བཀའ་ཆོས་དཀོན་པོའི་རིགས་གསན་པ་ལ་ཆེད་དུ་བཀག་འགོག་ལྟ་བུ་གནང་བར་གྲགས་པས། རྡོ་སྦིས་དགེ་བཤེས་རྗེ་ཤེས་རབ་རྒྱ་མཚོ་མཆོག་གིས་རྗེ་འདི་ཉིད་ལ་བསྐུར་བའི་འཕྲིན་ཡིག་ཏུ་ཡང་།

ཨ་ལགས་བླ་ཁོ་བསྟན་པའི་སྲོག་ཤིང་།།

ཨ་ཁུ་བློ་གྲོས་སྨྲ་བའི་ཁྱུ་མཆོག།

ཨ་དེ་གཉིས་ལ་ཕྱོགས་རིས་སྤངས་ནས།།

ཨ་ཨུ་མ་གསུམ་འཛོམས་པར་མཛོད་ཅིག། ཅེས་དང་།

ཧ་ལམ་བདེན་པ་ཀུ་རེའི་དོན་ཅན།།

ཧ་རི་ཙན་དན་ལྟ་བུའི་ཚིག་འདི།།

ཧ་ས་བཛྲའི་སྲོལ་འཛིན་དེ་ཡིས།།

ཧ་ཅང་འདྲིས་པའི་དབང་གིས་སྨྲས་སོ།། ཞེས་བསྐུར་བ་ལྟར་རོ།།  ས་སྟག་༡༩༣༨ལོར་རྗེ་འདི་ཉིད་ཚ་ཁོ་ཁང་དམར་དགོན་དུ་བྱོན་ནས་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་སྟ་གོན་དང་བཅས་པ། གསང་འདུས། བདེ་མཆོག། ཀུན་རིག། མི་འཁྲུགས་པ་ལྷ་དགུ། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། གདུགས་དཀར་རྩེ་ལྷ་སོ་གཉིས་ཀྱི་དབང་། རྗེས་གནང་ཡང་མགོན་པོ་ཕྱག་དྲུག་པ་བར་ཆད་ཀུན་སེལ། ལེགས་ལྡན་མཆེད་གསུམ། ཆོས་རྒྱལ་ཕྱི་སྒྲུབ།

ལྷ་མོ་མ་བུ་ལག་གཏད། ཕྱག་རྡོར་གོས་སྔོན་ཅན། རྣམ་སྲས་སེར་ཆེན་ལྷ་དགུ་སོགས་ཀྱི་རྗེས་གནང་སྩལ་ཞིང་། ལུང་གི་རིམ་པ་ཡང་། གདུགས་དཀར་མཆོག་གྲུབ་མ་ཕན་ཡོན་བཟློག་པ་དང་བཅས་པ། མགོན་པོ་ཕྱག་དྲུག་པའི་གཏོར་ཆོག། ཆོས་རྒྱལ་གཏོར་ཆོག། ལྷ་མོའི་གཏོར་ཆོག། རྣམ་སྲས་གཏོར་ཆོག། མགོན་དཀར་སྒྲུབ་ཐབས། འཇིགས་བྱེད་ཀྱི་གཤིན་པོ་རྗེས་འཛིན་གྱི་ཆོ་ག། སྟོབས་པོ་ཆེ་ལ་བརྟེན་པའི་ཆར་འབེབས། ནེ་སེར་ཇོ་བོའི་གཏོར་ཆོག། བརྒྱ་བཞིའི་ཆོ་ག། མགོན་པོ་ཞལ་བཞི་བའི་གཏོར་ཆོག། ཕོངས་སེལ་མའི་གཏེར་སྒྲུབ་ཆོ་ག། གཙོ་བོ་རྒྱལ་བ་མ། བཟང་སྤྱོད་འཆི་བླུ་བཅས་གནང་ནས་ཨ་མཆོག་མཚན་ཉིད་དགོན་དུ་བྱོན་ནས་མི་ཏྲ་བརྒྱ་རྩ་དང་། བདེ་མཆོག་རབ་འབྱམས་སོགས་བཀའ་ཆོས་དང་། དཔེ་ཁྲིད་རྒྱ་ཆེར་གནང་བས། ཨ་སྐོང་མཁན་ཆེན་བློ་རྡོར་དང་། ཁྲོ་ཁོའི་རབ་འབྱམས་པ་རྡོ་རྗེ་ཨ་ཁུ་བསྟན་པ་རྒྱ་མཚོ་སོགས་ཞལ་སློབ་མང་བོ་བསྐྱངས་ཤིང་གྲྭ་ཚང་གཞུང་ལ་རྟེན་སྐལ་དུ་ཕར་ཕྱིན་པོད་གཉིས་སྩལ་ནས་ཕྱིར་བླ་བྲང་བཀྲ་ཤིས་འཁྱིལ་དུ་འབྱོར་ཏེ་བླ་ཁོ་རྡོ་རྗེ་འཆང་གི་སྤྱན་སྔར་མཇལ་ཁ་ཞུས་པར། ངེད་ཀྱི་ངག་རྩོམ་རྣམས་ཀྱི་ལུང་ཐོན་ཟེར་མཁན་འགའ་འདུག་ཀྱང་ངས་ཁྱོད་ལ་སྒུག་བསྡད་པ་ཡིན་ཚུལ་དང་། ད་དེ་ཡང་དྲག་མོད། ངས་སྔར་བཀའ་འགྱུར་ཚར་གཅིག་ལས་འདོན་མ་ཐུབ་པས་ད་དགོན་འདིར་རྒྱུན་ཆད་འགྲོ་སྙམ་ནས་སེམས་འཚེར་ཆེ་ཞེས་ཕེབས་པར། རྗེ་འདིས། དེ་བཞིན་ལགས་མོད། ངས་ཀྱང་སྔར་ཁོང་གི་མདུན་ནས་ཉན་མ་ཐུབ། ཁོང་ནས་བརྒྱུད་པ་ཞིག་སོག་པོའི་གྲྭ་བ་ཞིག་ལ་ཉན་རྩིས་བྱས་ཀྱང་སྟབས་མ་འགྲིག་པས། ཚེ་འདིར་བཀའ་འགྱུར་ཐོབ་རྒྱུའི་རེ་ཐག་ཆད་ཡོད་ཚུལ་ཞུས་པར། འོ། ཁྱོད་ཀྱིས་དེ་ལྟར་དོན་གཉེར་བྱས་ཡོད་ན་ད་ཨ་ཁུ་སྨད་སོག་བློ་བཟང་བཟོད་པ་ཚང་ལ་ཞུས་ན་ངས་ཁྱོད་ལ་ཞུ་གྲོགས་འཚོལ་གསུངས་པར་དེ་བསྟན་རྒྱུན་ལ་ཕན་ན་ང་ལ་ཞུ་གྲོགས་མེད་ཀྱང་ང་གཅིག་བུས་ཞུས་ཆོག་ཞུས་པས། ཐུགས་དགྱེས་དགྱེས་གནང་ནས་སྔར་ཆ་ཧར་བཀའ་འགྱུར་བས་གནང་སྐབས་ཀུན་མཁྱེན་བར་བས་ང་ལ་གལ་ཆེན་རེ་རེ་གཉིས་གཉིས་འོང་རྒྱུ་ཡོད་པས་སྒུག་དགོས་གསུངས་པ་བཞིན་དུ། ད་རེས་བཀའ་འགྱུར་ཞུ་རྒྱུ་དེ་ཁྱོད་ལ་སྒུག་པ་ཡིན་གསུངས། སྐབས་དེར་སྐུ་འབུམ་ཨ་ཀྱ་ཚང་དང་། གསེར་ཏོག་ཚང་། རྒྱ་ཡག་ཚང་གསུམ་བླ་བྲང་དུ་ཕེབས་ནས་རྗེ་བླ་ཁོ་རིན་པོ་ཆེ་ལ་སྔགས་སོགས་ཀྱི་དཔེ་ཁྲིད་ཞུ་སའི་དགེ་རྒན་ཞིག་བསྟེན་དགོས་པས་དེའི་ཕྱོགས་ཀྱི་དགོངས་བསྟུན་ཞུས་པར། རྗེ་བླ་ཁོ་ཚང་གིས་རང་རང་གིས་དཔེ་ལྟོས་གང་ཡག་བྱས་ཏེ་གཞན་ལས་འཕྲོས་པ་བྱས་ན་མི་ཆོག་རྒྱུ་མེད་འདྲ། ཞེས་དང་། རྗེ་འདི་ཉིད་སོགས་དགེ་བཤེས་ཀྱི་མཚན་ཐོ་གསུངས་ནས་འདི་རྣམས་ལས་གང་ལེགས་ཁྱེད་ཚོས་མཆོད་མེ་བརྟགས་ནས་ང་ལ་ཤོད། ངས་སུ་ལ་བཤད་དགོས་ཀྱང་དྲག་གསུངས་པ་བཞིན་བླ་སྤྲུལ་གསུམ་གས་མཆོད་མེ་ཕུལ་ཏེ་དགའ་ལྷ་དང་དམིགས་བརྩེ་མ་ཅི་ནུས་རེ་བཏོན་ནས་གསོལ་འདེབས་བགྱིས་པར། རྗེ་འདི་ཉིད་ལ་ལེགས་པོ་རྐྱང་མཐུན་གྲུབ་ཏུ་བྱུང་། དེ་ལུགས་རྗེ་བླ་ཁོ་ཚང་ལ་ཞུས་པ་བཞིན་ཁོང་གིས་རྗེ་ཉིད་ལ་རྒྱུ་མཚན་གསུངས་པ་ལྟར་ཉིན་ཁ་ཤས་ལ་ཁོང་ཚོར་འཕྲོས་པ་གནང་། ཁོང་ཚོས་རྗེ་བླ་ཁོ་རིན་པོ་ཆེར་འཕྲོས་པ་ཙམ་གྱིས་ཕན་དཀའ་བར་སྣང་བས་རྗེ་འདི་ཉིད་དགེ་རྒན་དུ་བསྟེན་ནས་དཔེ་ཁྲིད་ཀྱི་ལུགས་སུ་བྱས་ན་ཆོག་གམ་ཞུས་པར། འོ་ན་དེ་བྱོས་ཆོག་གསུངས་པ་ལྟར་ཟླ་དགུ་བའི་ཚེས་བཅོ་བརྒྱད་ནས་སྐུ་འབུམ་ཨ་ཀྱ་རིན་པོ་ཆེ་དང་། གསེར་ཏོག་རིན་པོ་ཆེ། རྒྱ་ཡག་སྤྲུལ་སྐུ་སོགས་ལ་དབལ་མང་སྔགས་སྤྱིའི་མཛུབ་ཁྲིད་སྩལ་བ་ཨ་ཀྱ་སྤྲུལ་སྐུས་འཕྲལ་དུ་ཟིན་ཐོར་བཏབ་པ་ཕྱིས་རྗེ་ཉིད་ལ་སྤྱན་འབེབ་ཞུས་པར། ཅུང་ཟད་དེ་ལས་རྒྱས་ཤིག་བྲིས་ཏེ་སྔགས་གསར་ཁྲིད་ཀྱི་རིགས་ལ་ཕན་ཐོགས་ངེས་པ་ཞིག་སྒྲིགས་ཤིག་ཅེས་བཀའ་གནང་བ་ལྟར། ཨ་ཀྱ་འཇིགས་མེད་བསྟན་པའི་རྒྱལ་མཚན་གྱིས་རྗེ་དྷྭ་ཛའི་ཞབས་ཀྱི་སྔགས་ཀྱི་སྤྱི་དོན་མཛུབ་ཁྲིད་མནོས་སྐབས་ཀྱི་བརྗེད་བྱང་བདུད་རྩིའི་ཐིགས་ཕྲེང་ཞེས་པ་བསྒྲིགས་ནས་དེའི་གསུང་འབུམ་དུ་བཞུགས།  གཞན་ཡང་གྲུབ་མཐའ་རྩ་འགྲེལ་གྱི་བཤད་ལུང་། འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང་། ལྕགས་རའི་གསུང་གདུགས་དཀར་རྒྱལ་མཚན་ཐོད་འཁོར། ཀླུའི་བུམ་གཏེར་གྱི་ཁྲིད། ཀུན་མཁྱེན་གོང་མའི་སྒྲུབ་པའི་ཐོ་ཡིག་གི་སྟེང་ནས་ལས་འབྱམས་སྒྲུབ་པའི་བསྙེན་ཁྲིད་སོགས་གནང་། དགུང་ལོ་ང་བདུན་བཞེས་པ་ས་ཡོས་༡༩༣༩ལོའི་ཟླ་དང་བོའི་ཚེས་བདུན་ཉིན་ཨ་ཀྱ་སྤྲུལ་སྐུས་རྗེ་འདི་ཉིད་སོགས་བླ་སྤྲུལ་དགེ་བཤེས་དུ་མར་གསོལ་ཇ་དྲངས། ཟླ་གཉིས་པའི་བཅུ་གཅིག་ནས་བཀའ་འགྱུར་བ་ཆེན་པོ་བློ་བཟང་བཟོད་པའམ་འཇམ་དབྱངས་བཟོད་པ་ཚང་ལས་རྗེ་འདི་ཉིད་དང་། ཀུན་མཁྱེན་དྲུག་པའི་ཡོངས་འཛིན་དཀོན་མཆོག་བསམ་འགྲུབ་ཚང་། མཁས་དབང་ལྷ་མོའི་ཚུལ་ཁྲིམས་ཚང་། ཆོས་དཔལ་ཞིང་བཀྲ་ཤིས་རྒྱ་མཚོ་ཚང་། ཅུང་གུར་མཁན་སྤྲུལ་སྐལ་བཟང་མཁྱེན་རབ་རྒྱ་མཚོ་སོགས་བླ་སྤྲུལ་དགེ་བཤེས་བཞི་བཅུ་ཙམ་ལ་བཀའ་འགྱུར་གྱི་ལྗགས་ལུང་གནང་བ་ཡོངས་སུ་རྫོགས་པར་གསན། ལོ་འདིར་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་བཀྲ་ཤིས་འཁྱིལ་དུ་བྱོན་སྐབས་རྣམ་གཉིས་མཇལ་འཕྲད་གནང་ནས་གསུང་གླེང་སྤྱི་དང་བྱེ་བྲག་ཏུ་ལྷ་རམས་པ་མཆོག་དང་མཁས་དབང་སྒེའུ་སྟེང་བ་རྣམ་གཉིས་མཇལ་འཛོམས་སྐབས་ཀྱི་གསུང་མོལ་ལས་འཕྲོས་ཏེ་ཞལ་བརྡ་ལྷུག་པོར་གནང་། ས་ཡོས་༡༩༣༩ལོའི་ལོ་མགོར་ཀོའུ་བ་སྤྲུལ་སྐུ་བསྙུང་བཞིན་རྗེ་བླ་ཁོ་རིན་པོ་ཆེའི་གསེར་ཞལ་མཇལ་ཏེ་བཀའ་བསྒོ་དང་ཞལ་ཕུ་ཞུས་པར། རེ་ཞིག་འཇིགས་མེད་དང་ཁྱེད་གཉིས་ལྷན་དུ་བསྡད་ན་རིམ་གྱིས་ཐབས་བྱེད་གསུངས་པ་ལྟར། རྗེ་འདིའི་ཤག་ཏུ་བཞུགས་ནས་ཕྱག་སྐོར་གནང་བཅུག། ལྕགས་འབྲུག་༡༩༤༠ལོའི་ཡར་ཚེས་ནསཀོའུ་བ་སྤྲུལ་སྐུ་སོགས་ལ་གཡུ་ཐོག་པའི་ཆ་ལག་བཅོ་བརྒྱད་ཀྱི་ལུང་དང་། གསང་འདུས་ཆོ་གའི་སྟེང་ནས་བསྐྱེད་རིམ་མཛུབ་ཁྲིད་ཀྱི་ལུགས་སུ་ཞིབ་རྒྱས་གནང་བ་དང་། དབལ་མང་རིན་པོ་ཆེའི་སྔགས་སྤྱིའི་དབུ་བཙུགས་པའི་མཚམས་ནས་སྐུ་འབུམ་གྱི་སྐབས་དེའི་མཁན་པོ་ཨ་ཀྱ་སྤྲུལ་སྐུ་བློ་བཟང་ལུང་རྟོགས་འཇིགས་མེད་བསྟན་པའི་རྒྱལ་མཚན། རྒྱ་ཡག་ཚང་། གསེར་ཏོག་ཚང་སོགས་ཀྱིས་བཀའ་ཆོས་གསན་བཞེད་དུ་སྐུ་འབུམ་དུ་གདན་འདྲེན་ཞུས་པ་ལྟར་དེར་ཕེབས་ནས་བཀའ་ཆོས་ཀྱི་ཐོག་མར་ལམ་རིམ་མཆན་བཞི་མའི་བཤད་ལུང་སྩལ་བའི་གསུང་བཤད་རྣམས་ཨ་ཀྱ་སྤྲུལ་སྐུ་བློ་བཟང་ལུང་རྟོགས་འཇིགས་མེད་བསྟན་པའི་རྒྱལ་མཚན་གྱིས་བརྗེད་པར་ཕངས་ཏེ་ལམ་རིམ་མཆན་བཞི་མའི་བཤད་ལུང་ཟིན་བྲིས་ཉི་གཞོན་སྣང་བ་ཞེས་བྱ་བ་བསྒྲིག་གནང་མཛད་ཡོད།  ཐོག་མར་བློ་སྦྱོང་གི་ཁྲིད་སྩལ་བའི་གསུང་བཤད་རྣམས་ཀྱང་ཨ་ཀྱ་སྤྲུལ་སྐུས་ཟིན་བྲིས་ཉུང་བསྡུས་མཛད་ནས་དེའི་གསུང་འབུམ་དུ་བཞུགས་ཡོད།  རིམ་ལྔ་གསལ་སྒྲོན་གྱི་བཤད་ལུང་ཉིན་བཅུ་ལ་གནང་བའི་གསུང་བཤད་རྣམས་ཨ་ཀྱ་སྤྲུལ་སྐུས་རིམ་ལྔ་གསལ་སྒྲོན་གྱི་བཤད་ལུང་ཟིན་བྲིས་དངོས་གྲུབ་བདུད་རྩིའི་ཟེགས་མ་ཞེས་བྱ་བ་བསྒྲིགས་ཏེ་དེའི་གསུང་འབུམ་གྲས་སུ་ཡོད།  དེ་ནས་སྐུ་འབུམ་ནས་སླར་གདན་ས་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་ཀོའུ་བ་སྤྲུལ་སྐུ་སོགས་ལ་རྗེ་བླ་ཁོ་རིན་པོ་ཆེའི་གསུང་འབུམ་གྱི་ལུང་དང་། དེའི་ནང་ནས་གྲུབ་མཐའ་ཆེན་མོའི་ཟིན་བྲིས་དང་། རིག་བྱེད་མའི་བསྐྱེད་རྫོགས་གཉིས་བཤད་ལུང་དང་སྦྲག་པ། རིག་བྱེད་མའི་བེའུ་བུམ། རྒྱལ་དབང་ལྔ་བ་ཆེན་མོའི་གསུང་གི་དཀའ་གནད་རེག་ཟིག་ཨུཏྤལ་དམར་བོའི་ཆུན་པོ། ཁམས་གསུམ་དབང་དུ་སྡུད་པའི་ལྕགས་ཀྱུ། མཛོད་དགེ་མཁས་གྲུབ་བསྟན་འཛིན་པའི་གསུང་གི་རིག་བྱེད་མའི་སྒྲུབ་ཐབས་དང་འདོད་གསོལ་གཉིས་ཀ། རི་ཁྲོད་པ་དཀོན་མཆོག་བྱམས་པའི་གསུང་གི་ཟུར་རྒྱན་དང་འཁོར་ལོའི་གསལ་བྱེད། ཐུའུ་བཀྭན་གསུང་གི་རིག་བྱེད་མའི་བསྙེན་ཡིག་རྣམས་ཀྱི་ལུང་། རྒྱལ་མཁན་པོའི་གསུང་གི་རིག་བྱེད་མའི་བསྙེན་སྒྲུབ་ལས་གསུམ་གྱི་ཁྲིད་བཅས་སྩལ།  ལྕགས་སྦྲུལ་༡༩༤༡ལོར་སྐྱབས་རྗེ་ཐར་ཤུལ་རིན་པོ་ཆེས་ཁྲི་ཀར་གདན་དྲངས་པ་ལྟར་དེར་ཕེབས་ནས་ཐོག་མར་ཀབ་རོན་ཆུ་ཚན་དུ་ཕེབས་ནས་སྐུའི་འཕྲོད་བཞེས་གནང་བཞིན་དུ་ཐར་ཤུལ་ཚང་དང་ཀོའུ་བ་སྤྲུལ་སྐུ་སོགས་ལ་བསྐྱེད་རྫོགས་རྡོ་ལག་རྒྱུད་མ་སྟེ་དྭགས་པོ་ནམ་མཁའ་གྲགས་ཀྱི་གསང་འདུས་བསྐྱེད་རྫོགས་དང་། རྩེ་བ་ཤེར་བཟང་གིས་མཛད་པའི་རིམ་ལྔའི་བཤད་པ་རྡོ་ལག་རྒྱུད་མ། རིམ་ལྔའི་དམར་ཁྲིད་རྡོ་ལག་རྒྱུད་མ། འབྲོང་རྩེ་ལྷ་བཙུན་པའི་འཇིགས་བྱེད་བསྐྱེད་རྫོགས། པཎ་ཆེན་བསོད་གྲགས་ཀྱིས་མཛད་པའི་གསང་འདུས་བསྐྱེད་རྫོགས་བཅས་ཀྱི་ལུང་། འཇམ་དབྱངས་དགའ་བློས་མཛད་པའི་ལྟ་ཁྲིད་བསྡུས་པ་དང་དེ་ཉིད་ཡང་གསལ་གྱི་བཤད་ལུང་། སྔགས་འཆང་གཟུངས་དཔལ་གྱིས་མཛད་པའི་ཁྱུང་ཁྲའི་ལས་ཚོགས། འཇིགས་བྱེད་དཔའ་གཅིག་གི་སྨོན་ལམ་དེ་ལྟར་ཁྲོ་བོ་མ། རྗེ་བླ་ཁོ་རིན་པོ་ཆེའི་གསུང་གི་བླ་བྲང་སྒོ་མང་ཚང་གི་རྟོགས་བརྗོད། དེའི་རྣམ་ཐར་གསོལ་འདེབས། བདེ་ཐང་རིན་པོ་ཆེའི་རྟོགས་བརྗོད། གུང་ཐང་བསྟན་པའི་ཉི་མའི་རྣམ་ཐར། རྣལ་འབྱོར་མ་རིག་པ་འཛིན་མ་ཆེན་མོའི་སྒྲུབ་ཐབས་རྒྱུན་ཁྱེར་སྨོན་ལམ། བདེ་མཆོག་བླ་མའི་རྣལ་འབྱོར། འཁོར་ལོ་སྡོམ་པའི་གནས་མཆོག་གི་སྐ་ཕུག་དགའ་ཚལ་གྱི་གནས་བསྟོད། བསྙུང་གནས་ཆོ་ག་བསྡུས་པ། ཐེག་ཆེན་གསོ་སྦྱོང་གི་ཆོ་ག་བསྡུས་པ། བདུད་རྩི་རིལ་བུ་སྦྱོར་ཚུལ། ཐེག་ཆེན་གསོ་སྦྱོང་དང་བསྙུང་གནས་ཀྱི་ཕན་ཡོན་མདོར་བསྡུས། རིག་བྱེད་མའི་གསོལ་འདེབས། གསུང་མགུར་ལས་ཀུན་ཁྱབ་ཆོས་དབྱིངས་བདེ་ཆེན་མ། དུས་འཁོར་རྒྱུན་ཁྱེར་སོགས་སྩལ། ཡང་ཁྲི་ཀའི་གཡུ་བཟང་ཐང་ངམ་དབྱིབས་བཟང་ཐང་དུ་ཕེབས་ནས་ཁྱ་དགེ་བློ་གྲོས་རྒྱ་མཚོའི་གསུང་འབུམ་གྱི་ལུང་། རྗེ་བླ་ཁོ་རིན་པོ་ཆེའི་གསུང་ལས་ལ་མོ་ཞབས་དྲུང་གི་སྐུ་གདུང་དཀར་ཆག། འཁོར་ཆེན་རྫོགས་རིམ། ཀུན་མཁྱེན་སྐུ་ཕྲེང་བཞི་བའི་རྣམ་ཐར་ཁ་སྐོང་རྣམས་ཀྱི་ལུང་། མན་ངག་རྒྱུད་མ་གཏོགས་པའི་སྨན་གྱི་རྒྱུད་གསུམ་བཅས་གནང་། ཟླ་དྲུག་པའི་ཚེས་བཞི་ནས་བཟུང་ཐར་ཤུལ་དགེ་ལེགས་དབང་ཕྱུག་༡༨༨༩‑༡༩༤༩ཆོས་སྐྱོང་རྒྱ་མཚོ། བླ་བྲང་དགེ་བཤེས་རབ་ཕྲུག་བསྟན་འཛིན་༡༩༠༣‑༡༩༦༣རྒྱ་མཚོ། ལྡེ་ཚའི་དགེ་བཤེས་བྱ་མདོ་ཚུལ་ཁྲིམས་༡༨༩༥‑༡༩༥༧རྒྱ་མཚོ། རྗེ་ཉིད་ཀྱི་གཅུང་རྡོ་རམས་པ་འཕྲིན་ལས་རྒྱ་མཚོ། ཨ་ཀྱ་བློ་བཟང་ལུང་རྟོགས་བསྟན་པའི་༡༩༡༠‑༡༩༤༨རྒྱལ་མཚན། གསེར་ཏོག་སྤྲུལ་སྐུ་བློ་བཟང་འཇམ་དཔལ་༡༩༡༨‑༡༩༣༧བསྟན་འཛིན་རྒྱ་མཚོ། ལ་མོ་གསེར་ཁྲི་སྐུ་ཕྲེང་བརྒྱད་པ་བློ་བཟང་བསྟན་པའི་༡༩༣༣‑༡༩༦༡རྒྱལ་མཚན། སྐུ་འབུམ་ར་ཁོ་བློ་བཟང་བཤད་སྒྲུབ་བསྟན་པའི་ཉི་མ། ཀོའུ་བ་བློ་བཟང་བཤད་སྒྲུབ་རྒྱ་མཚོ་སོགས་གསན་མཁན་བརྒྱད་ཅུ་ལྷག་ལ་རོང་བོ་ཆོས་པ་རིན་པོ་ཆེས་ཕྱག་འདེབས་མཛད་པའི་དགོན་གནས་དམ་པ་དགོན་རོང་བྲག་སྐྱ་རྡོ་རྗེ་རྫོང་ཞེས་བྱ་བའི་ཉེ་ལོགས་དབྱིབས་བཟང་ཐང་དུ་བཀའ་འགྱུར་རོ་ཅོག་གི་ལྗགས་ལུང་གི་དབུ་མདོ་སྡེ་བསྐལ་བ་བཟང་བོས་བཙུགས་ཏེ་མདོ་མང་བར་གསུངས། ལ་མོའི་ཡོངས་འཛིན་རིན་པོ་ཆེའི་རྣམ་ཐར་ལས། དེ་ནས་གཅན་ཚའི་ཐང་ན་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡོངས་འཛིན་རྗེ་བཙུན་འཇིགས་མེད་རྒྱ་མཚོ་མཆོག་གིས་བཀའ་འགྱུར་གྱི་ལུང་གནང་ཀིན་བཞུགས་པའི་སྐུ་མདུན་དུ་ཆེད་མཇལ་དང་། ཞེས་གཅན་ཚའི་ཐང་ཞེས་འབྱུང་བ་ཡིག་ནོར་ཏེ་གཡི་བཟང་ངམ་དབྱིབས་བཟང་ཐང་ཡིན་ཏེ་ལོ་གཅིག་དང་ཟླ་གཅིག་གི་ནང་དུ་མི་གཅིག་གིས་ཕྱོགས་གཉིས་སུ་བཀའ་འགྱུར་གྱི་ལུང་གནང་ཚུལ་མེད་པས་སོ།། དེ་ནས་ཟླ་བརྒྱད་པའི་ནང་ཀོའུ་བ་སྤྲུལ་སྐུས་ཀོའུ་བ་དགོན་དུ་གདན་འདྲེན་ཞུས་པ་ལྟར་དེར་བྱོན་སྐབས་དེའི་བླ་གྲྭ་དག་གིས་ཐང་ཤྭ་རྭ་སོགས་སུ་ཆིབས་བསུ་སེར་སྦྲེངས་དང་ཇ་ཐབ་རྒྱས་པར་ཞུས། བརྒྱད་པའི་ཉི་ཤུ་གསུམ་ནས་རྗེ་འདིས་གསན་མཁན་མང་བོར་ཐོག་མའི་བློ་སྦྱོང་གི་ཁྲིད། ཧོར་སྟོན་པའི་བློ་སྦྱོང་། བྱང་སེམས་རྒྱལ་མཆོག་གི་བློ་སྦྱོང་བརྒྱ་རྩ། རྒྱལ་སྲས་ལག་ལེན། བློ་སྦྱོང་སྙན་བརྒྱུད་ཆེན་མོ། ལྷག་ལྷ་མང་བོའི་ལས་ཚོགས་ཀྱི་ཁྲིད། འཇིགས་བྱེད་དམར་བོ་མདའ་འགེངས་ཀྱི་རྗེས་གནང་། དེའི་ལས་ཚོགས་ཀྱི་ཁྲིད། འཇིགས་བྱེད་ཁྲོ་མོ་བརྒྱད་སྐོར་དང་གཤེད་དམར་ལྷ་ལྔའི་དབང་། སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་། ནཱ་རོ་ཆོས་དྲུག་གི་ཁྲིད། འཇིགས་བྱེད་དཔའ་གཅིག་གི་བསྐྱེད་རྫོགས་ཀྱི་ཁྲིད། ཇོ་ནང་ཁྲིད་བརྒྱའི་བཤད་ཁྲིད། སྨད་རྒྱུད་ཁྲིད་ཆེན་བརྒྱད་ཀྱི་ལུང་ཁྲིད། ཀུན་མཁྱེན་རྟོག་བདུན་མཆན་གྱི་བཤད་ལུང་། སྒྲོལ་དཀར་ཐུན་མོང་མ་ཡིན་པ། ལྷ་མོ་ཤྲ་མ་ཎ། རྣལ་འབྱོར་རྒྱུད་ཀྱི་རྡོར་སེམས་ཡབ་རྐྱང་། བླ་མེད་ལུགས་ཀྱི་རྡོར་སེམས་ཡུམ་བཅས། འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་མ་ཧེ་ལ་ཞོན་པ། འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་ཡུམ་བཅས་ཀྱི་རྗེས་གནང་། འཇམ་ལུགས་ཚེ་དཔག་མེད་ལྷ་ལྔའི་དབང་། སྒྲ་མི་སྙན་གྱི་ཚེ་དབང་། སྒྲུབ་ཐབས་རིན་འབྱུང་ཡོངས་རྫོགས། འཇམ་དབྱངས་ཆོས་སྐོར་ནས་གསུངས་པའི་རྗེས་གནང་སྐོར་སོགས་ཟླ་ལྔའི་ཡུན་ལ་གནང་།  ཆུ་རྟ་༡༩༤༢ལོའི་ཟླ་དང་བོའི་ཡར་ཚེས་ནས་རིན་འབྱུང་རྩ་བ་ལས་གུར་ཕུར་ཞབས་ཅན་གྱི་སྒྲུབ་ཐབས་ཡན། འཇམ་དཀར། འཇམ་དབྱངས་ནག་པོ། འཇམ་དབྱངས་སྨྲ་སེང་། མཁའ་ལྡིང་གསེར་མིག་འཁྱིལ་བ་བཅས་ཀྱི་ལས་ཚོགས་གནང་། ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔར་སེམས་བསྐྱེད་མཆོད་པ། བཅུ་དྲུག་གི་ཉིན་ཀུན་རིག་གི་དབང་སྩལ་ཏེ་རིམ་གྱིས་ཁྲི་ཀའི་གོང་བ་གྲྭ་ཚང་དུ་བྱོན། ལ་མོའི་ཡོངས་འཛིན་རིན་པོ་ཆེའི་རྣམ་ཐར་དུ་རྗེ་འདི་ཉིད་ཀོའུ་བ་དགོན་དུ་ལོ་གསར་ལ་བཞུགས་ནས་གསུང་ཆོས་གནང་བ་ཆུ་ལུག་༡༩༤༣ལོ་ཡིན་པར་འབྱུང་ཡང་། ཆུ་ལུག་༡༩༤༣ལོའི་ས་ག་ཟླ་བའི་ཡར་ཚེས་ནས་སྐྱབས་རྗེ་ཐར་ཤུལ་རིན་པོ་ཆེས་ཁྲི་ཀའི་འཇའ་མོ་གྲྭ་ཚང་དུ་བཀའ་འགྱུར་ལྗགས་ལུང་པོད་དྲུག་ཅུ་ལྷག་གནང་བར་ལ་མོའི་ཞབས་དྲུང་དཀར་བོའི་རྣམ་ཐར་དུ་འབྱུང་ལ། ལ་མོའི་ཡོངས་འཛིན་རྣམ་ཐར་དུ་ཆུ་ལུག་༡༩༤༣ལོའི་ཟླ་གསུམ་པ་ནས་ཐར་ཤུལ་རིན་པོ་ཆེས་འཇའ་མོ་གྲྭ་ཚང་དུ་བཀའ་འགྱུར་པོད་ཞེ་ལྔ་གནང་བར་གསལ་བ་དང་། ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་ལ་མོ་གསེར་ཁྲི་ཧུ་ཐོག་ཐུའི་སྐུ་ཕྲེང་གི་ལོ་རྒྱུས་ལས། ཁྲི་ཀའི་བོད་ཇོ་དགོན་དུ་སྐྱབས་རྗེ་ཐར་ཤུལ་རིན་པོ་ཆེའི་མདུན་ནས་བཀའ་འགྱུར་གྱི་ལུང་གསན་ཞེས་པོད་གྲངས་དང་གསུང་ཡུལ་གྱི་དགོན་པའི་མིང་ཡང་ཅུང་ཟད་མི་མཐུན་པར་སྣང་བས་དཔྱད་ལ། ཀོའུ་བ་ཚང་གི་རྣམ་ཐར་ལྟར་རྗེ་འདི་ཉིད་ཀོའུ་བ་དགོན་དུ་ལོ་གསར་ལ་བཞུགས་ནས་ཁྲི་ཀར་ཕེབས་ཏེ་ཟླ་གསུམ་པའི་ཚེས་གཅིག་ནས་ཐར་ཤུལ་ཚང་སོགས་ལ་བཀའ་འགྱུར་ལྗགས་ལུང་གནང་བ་ཡིན་པས། ཐར་ཤུལ་ཚང་གིས་ཟླ་གསུམ་པའི་ནང་དུ་འཇའ་མོ་གྲྭ་ཚང་དུ་བཀའ་འགྱུར་གནང་བ་དང་ཟླ་དེར་གོང་བ་གྲྭ་ཚང་དུ་བཀའ་འགྱུར་གྱི་ལུང་གསན་པ་གཉིས་དུས་གཅིག་ཏུ་འོང་ཐུབ་མེད་པས་གདོན་མི་ཟ་བར་པཎ་ཆེན་ཡོངས་འཛིན་རིན་པོ་ཆེ་འདི་ཉིད་ཀོའུ་བ་དགོན་དུ་ལོ་གསར་ལ་བཞུགས་ནས་ཁྲི་ཀར་ཕེབས་པའི་ལོ་ནི་ཀོའུ་བ་ཚང་གི་རྣམ་ཐར་ལྟར་ཆུ་རྟ་༡༩༤༢ལོ་ཡིན་ནོ།།  མཁས་དབང་དམུ་དགེ་བསམ་གཏན་གྱིས་མཛད་པའི་རྗེ་བླ་ཁོ་རིན་པོ་ཆེའི་རྣམ་ཐར་དུ། ཡོངས་འཛིན་མཁས་པའི་དབང་བོ་རྗེ་འཇིགས་མེད་རྒྱ་མཚོ་དཔལ་བཟང་བོས་ཐར་ཤུལ་རི་ཁྲོད་ནས་ཚར་གཅིག་གནང་བ་སོགས་ཞེས་གསུངས་པ་ཡུལ་གྱིས་བསྐལ་བའི་དབང་གིས་དེ་ལྟར་གསུངས་ཐལ་བའམ། ཡིག་ནོར་གང་རུང་ལས་དོན་ལ་ཐར་ཤུལ་ཚང་ལ་གནང་བ་ཡིན་ཡང་གནང་ཡུལ་ཐར་ཤུལ་རི་ཁྲོད་མ་ཡིན་པར་གོང་དུ་གསལ་བ་ལྟར་རོ།། ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། ཆུ་རྟ་ལོའི་ཟླ་གསུམ་པའི་ཚེས་གཅིག་ནས་གོང་བ་གྲྭ་ཚང་དུ་བཀའ་འགྱུར་གྱི་ལུང་གི་འཕྲོ་ནས་ལྗགས་ལུང་གནང་། ཟླ་བཞི་བའི་ཚེས་བཅོ་ལྔ་ནས་མེ་ལོང་དགོན་དུ་འཆད་ཉན་བསྟུད་མར་གནང་སྟེ་བདུན་པའི་ཚེས་གཅིག་ཉིན་བཀའ་འགྱུར་རོ་ཅོག་གི་ལྗགས་ལུང་རྫོགས་པར་གྲུབ། ཉིན་དེར་བཀའ་འགྱུར་རོ་ཅོག་གི་གླེགས་བམ་རྣམས་ཕྱོགས་གཅིག་ཏུ་བཤམས་ནས་མཆོད་པའི་ཡོ་བྱད་མང་བོས་མཆོད་དེ་དུས་འཁོར་བསྡུས་རྒྱུད་སྙིང་བོའི་ལུང་གནང་། འདི་ཨ་ཁུ་རིན་པོ་ཆེས་བཀའ་འགྱུར་གནང་སྐབས་མཇུག་ཏུ་ལུང་གནང་བ་དེ་ནས་བཟུང་སྟེ་མཚམས་འདིར་གནང་རྒྱུན་དར་བ་རེད། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་རིགས་ལྡན་རྒྱལ་བོ་ལ་ཡི་གེ་ཕུལ་བའི་སྐྱེས་ལན་དུ་བསྡུས་རྒྱུད་འདི་ཉིད་བསྐུར་བའི་རྣམ་ཐར་ཡོད། འདི་ཤམ་བྷ་ལ་ན་རིགས་ཀྱི་བུ་དང་བུ་མོ་རྣམས་ཀྱིས་ཁ་ཏོན་བྱེད་པ་དེ་ཡིན་གསུངས། དེ་ནས་སྒྲོལ་མ་རྣལ་འབྱོར་མའི་རྒྱུད་མཆན་དང་བཅས་པའི་ལུང་སྩལ། དེ་ནས་དཔང་སྐོང་ཕྱག་རྒྱ་བ་གསུངས་གྲུབ་ནས་སླར་ཡང་མདོ་སྡེ་བསྐལ་བཟང་དབུ་ནས། གོ་རིམ་བཞིན་དུ་བདག་ལ་ལུང་བསྟན་གསོལ་ཞེས་པའི་བར་གསུངས་ནས་མཇུག་བསྡུས་ཤིང་མགོ་མཇུག་བར་གསུམ་གྱི་གསུང་བཤད་རྣམས་ཀོའུ་བ་བཤད་སྒྲུབ་རྒྱ་མཚོས་ཟིན་བྲིས་སུ་བཏབ་པ་རྒྱལ་བའི་བཀའ་རིན་པོ་ཆེའི་བཀླག་ལུང་མནོས་སྐབས་ཀྱི་ཞལ་གདམས་ལེགས་བཤད་བདུད་རྩིའི་རོལ་མཚོ་ལས་ཆ་ཤས་ཙམ་ཞིག་ཡོངས་སུ་སྤེལ་བ་སྐལ་བཟང་སྙིང་གི་གཅེས་ནོར་ཕན་བདེའི་དགའ་སྟོན་ཞེས་བྱ་བརྩམས་གནང་མཛད་ཡོད། མཇུག་ཏུ་སེམས་བསྐྱེད་མཆོད་པ་གནང་བའི་མཇུག་ནས་ཐར་ཤུལ་ཚང་གིས་བླ་སློབ་ཡོངས་ལ་གསོལ་སྟོན་དང་བསྙེན་བཀུར་གྱ་ནོམ་པ་ཞུས། དགེ་བའི་བཤེས་གཉེན་མོ་རབ་ཕྲུག་རྗེ་བསྟན་འཛིན་རྒྱ་མཚོ་དང་། རྗེ་ཐར་ཤུལ་ཚང་དང་། རྗེའི་གཅུང་འཕྲིན་ལས་རྒྱ་མཚོ་བཅས་ཀྱིས་གསུང་རབ་ཀྱི་དཀའ་གནད་ལས་འཕྲོས་ཏེ་བགྲོ་གླེང་གནང་སྟེ་བླ་སློབ་ཀུན་དགྱེས་པ་བསྐྱེད་ཅིང་། ཐར་ཤུལ་ཚང་གི་སྐུ་ཡོན་གྱིས་ཐུགས་འཕྲོག་སྟེ་རྗེ་འདིས་ཐར་ཤུལ་ཚང་ལ་ཆོས་འབྲེལ་གསན།  དེ་ནས་རིམ་གྱིས་སྐུ་འབུམ་དུ་ཕེབས་ནས་ཨ་ཀྱ་སྒར་བར་ཨ་ཀྱ་རིན་པོ་ཆེ་སོགས་ལ་ཟླ་དགུ་བའི་ཚེས་ལྔ་ཉིན་ནས་བཟུང་རིམ་བཞིན་གུང་ཐང་སྐྱབས་ཁྲིད། རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང་། འཇིགས་བྱེད་དཔའ་གཅིག་གི་དབང་བཞི་སྟ་གོན་དང་བཅས་པ།  ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་གི་འཇིགས་བྱེད་བསྐྱེད་རྫོགས་ཀྱི་ལུང་། རྗེ་གུང་ཐང་བའི་གསུང་གི་རྒྱུད་གཞུང་འདོན་ཐབས་ཀྱི་ལུང་། འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་། གསང་འདུས་འཕགས་ལུགས་ལྷ་སོ་གཉིས་ཀྱི་དབང་། བདེ་མཆོག་ལཱུ་ཨི་བའི་ལུགས་ཀྱི་བདེ་མཆོག་རེ་གཉིས་པའི་དབང་སྩལ། ཟླ་བཅུ་གཅིག་པའི་ནང་དུ་ཡང་ཨ་ཀྱ་འཇིགས་མེད་༡༩༡༠‑༡༩༤༨བསྟན་པའི་རྒྱལ་མཚན། གསེར་ཏོག་འཇམ་དཔལ་བསྟན་༡༩༡༨‑༡༩༤༧འཛིན་རྒྱ་མཚོ། ར་ཁོ་ཚང་། ཀོའུ་བ་ཚང་། རྒྱ་ཡག་ཚང་སོགས་ལ་འཇམ་མགོན་བླ་མའི་གསུང་གི་འཇུག་འགྲེལ་དགོངས་པ་རབ་གསལ་གྱི་བཤད་ལུང་། འགྲེལ་བ་དོན་གསལ། གུང་ཐང་འདུལ་སྡོམ། དགེ་ལྡན་བསྟན་འབར་མ། ཚེ་གཅིག་ཉམས་ལེན་རྣམས་ཀྱི་བཤད་ལུང་རྣམས་སྩལ་ནས་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན་ནས་བཟུང་། བདེན་བཞིའི་རྩོད་ཡིག་འཇིགས་མེད་རིགས་པའི་གད་རྒྱངས་དང་། དགག་ལན་ཆུ་ཡི་འཁྲུལ་འཁོར་གཉིས་ལ། ལན་གཅིག་འཐུས་ཀྱི་ཚུལ་དུ། གཟུ་བོའི་བློས་དཔྱད་པ་ལས་བྱུང་བའི་བརྒལ་ལན་ལུང་དང་རིགས་པའི་རྡོ་རྗེའི་གཟེགས་མ་ཞེས་དཔེ་རིང་དྲུག་ཐིག་ཅན་ཤོག་གྲངས་དགུ་བཅུ་ལོངས་པའི་བསྟན་བཅོས་དེ་རྩོམ་པའི་དབུ་བཙུགས།  ཆུ་ལུག་༡༩༤༣ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ཉིན་མཇུག་གྲུབ་པར་གནང་ཞིང་། འདིའི་རྩོམ་ལུགས་ཀྱང་མི་གཞི་དམའ་འབེབས་ཀྱི་རྣ་བའི་ཚེར་མར་གྱུར་བའི་ཚིག་རྩུབ་དང་མཚང་འབྲུའི་སྐྱོན་དང་བྲལ་ཞིང་། ཡི་གར་མི་འོང་བའི་ཁེངས་རློམ་གཟུགས་སུ་ཤར་བ་ལྟ་བུའི་བཅད་ལྷུག་གི་ཤོམ་ར་མ་བཤམས་པར་ཆེས་བབ་ཆགས་ཀྱི་རྩོམ་ལུགས་སྤྱད་དེ། ཕྱོགས་སྔ་མའི་ཡོན་ཏན་གྱི་ཆ་ལ་བསྔགས་པ་བརྗོད་པ་ནི། རྡོ་རྗེའི་གཟེགས་མ་ལས། སྤྱིར་ཁོང་བ་དཔོན་སློབ་གཟིགས་རྒྱ་ཆེ་བས་རྩོད་ཡིག་སྔ་ཕྱི་གཉིས་ཀར་ལུང་འདྲེན་མང་དུ་མཛད་པ་ལས། ཞེས་རང་གི་དགག་ཡུལ་གྱི་ཡོན་ཏན་གྱི་ཆ་མཐོང་ཞིང་མཐོང་བ་ལྟར་དུ་ངག་ནས་བརྗོད་ཐུབ་པ་ནི།  རྗེ་ཉིད་ཆོས་ཕྱོགས་ནས་གདན་ས་བཀྲ་ཤིས་འཁྱིལ་དུ་རིགས་སྨྲ་སྟོང་ཕྲག་དུ་མའི་དབུས་སུ་ཁྲོམ་ཐག་ཆོད་པའི་རྩོད་མེད་ཀྱི་མཁས་པར་གྱུར་ནས་མདོ་སྨད་ལྷོ་རྒྱུད་ཀྱི་ཆོས་གྲྭ་ཆེན་པོ་ཨ་མཆོག་དཔལ་ལྡན་སྨྲ་སེང་གླིང་དང་། བྱང་རྒྱུད་ཀྱི་སྐུ་འབུམ་བྱམས་པ་གླིང་སོགས་སུ་ཡང་ཕྲ་ཞིབ་ཆུ་ཐུབ་ཀྱི་རིགས་སྨྲ་མང་བོའི་དེད་དཔོན་དུ་བཞུགས་པ་དང་།  སྲིད་ཕྱོགས་ནས་ཀྱང་ཆེས་སྤྱིར་བཏང་གི་དམའ་རིམ་གྲྭ་རྐྱང་གི་འཚོ་བ་ཉམས་སུ་མྱང་ནས་རིམ་བཞིན་ལུང་དང་རྟོགས་པའི་སྐུ་ཡོན་ཁོ་ནའི་དབང་གིས་མཐོ་རིམ་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་མོའི་རིགས་ཀྱི་ཅོད་པན་དུ་བཞུགས་ནས། མདོ་དབུས་ཀྱི་མཐོ་དམན་སྐྱ་སེར་མང་བོའི་གོམས་སྲོལ་དང་མོས་པ་སྣ་ཚོགས་ལ་རྒྱུས་མངའ་ཆེན་པོ་མངའ་སྟབས་གཟུ་བོར་གནས་རྒྱུ་ནི་གང་ལས་ཀྱང་གལ་ཆེ་བར་གཟིགས་ཤིང་དེ་ལྟར་དུ་འདོམས་པ་ཡིན་སྣང་ངོ་།། བརྒལ་ལན་རྡོ་རྗེའི་གཟེགས་མ་དེ་ཉིད་བརྩམས་གྲུབ་ནས་ཕྱོགས་སྔ་མ་མཁས་པ་སྒེའུ་སྟེང་བློ་བཟང་༡༨༨༡‑༡༩༤༤དཔལ་ལྡན་དང་། མཁས་དབང་འཇིགས་མེད་དམ་ཆོས་རྒྱ་༡༨༩༨‑༡༩༤༦མཚོ་ཡབ་སྲས་ལ་བསྐུར་གནང་མཛད་པ་ལོ་དེའི་ཟླ་ལྔ་བའི་ཚེས་མགོར་མཁས་དབང་འཇིགས་མེད་དམ་ཆོས་རྒྱ་མཚོ་ཀ་རིང་ཨེ་ཝཾ་ནས་ཧོར་གཙང་ཀིར་དགོན་དུ་ཕེབས་པར་ཆས་པའི་སྔ་ཉིན་ཕྱག་ཏུ་འབྱོར། དེ་ནས་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས། དཔྱི་ས་བློ་གྲོས་ཚང་ལ་ཁྱོད་ད་ཐེངས་ཧོར་གཙང་དུ་མ་འགྲོ་བར་ཤུལ་དུ་སྡོད་ལ་འདིའི་ལན་བསྡུས་པ་ཞིག་ཕྲིས་ཤིག་ཅེས་གསུངས་པ་ལྟར། དཔྱི་ས་བློ་༡༨༩༠‑༡༩༥༩གྲོས་ཚང་གིས་བརྒལ་ལན་རྡོ་རྗེའི་གཟེགས་མ་ལ་རྣམ་པར་དཔྱད་པ་གསང་འཛིན་མཚོན་གྱི་འཁོར་ལོ་ཞེས་པའི་རྣམ་དཔྱོད་ཀྱི་རྩལ་ངོམ་དུ་རི་བའི་ལན་ཞིག་ཉིན་དགུའི་ནང་དུ་བརྩམས་པར་གྲགས་པ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་ཕྱིར་ཕེབས་ཚེ་སྤྱན་འབེབས་ཞུས་པར། ཁྱེད་ཀྱིས་བྲིས་ན་སྡིགས་མོ་མེད་སྙམ་ཡང་སྡིགས་མོ་ཅུང་མང་། ཧ་ཅང་བསྡུས་ཆེ་བས་གཞན་གྱིས་གོ་དཀའ་གསུངས་ཚུལ་དཔྱི་ས་བློ་གྲོས་ཚང་གི་དངོས་སློབ་ཀུ་ས་ལི་བསྟན་པའི་རྒྱལ་མཚན་གྱིས་བརྩམས་པའི་དཔྱི་ས་བློ་གྲོས་ཚང་གི་རྣམ་ཐར་དུ་གསལ།  གསང་འཛིན་མཚོན་འཁོར་མ་འདི་ནི་རིགས་ལམ་གྱི་ཆ་ནས་ཆུ་ཡི་འཁྲུལ་འཁོར་དང་། རིགས་པའི་གད་རྒྱངས་གཉིས་ལས་ལྷག་པ་ལྟ་བུ་ཡིན་སྣང་ཡང་། དེར་ཡང་མི་གཞི་དམའ་འབེབས་ལྟ་བུའི་ཚིག་ཁ་ཤས་བེད་སྤྱོད་གནང་བ་ནི་དཔེར་ན། དེ་ཉིད་ལས། དེ་ལ་བདག་གི་བླ་མ་ཡབ་སྲས་ཀྱི་ཞལ་འཕྲོས་ལ། བསང་ཁོག་བླ་རྒན་འདི་ཉིད་མ་ནས་ལྷ་མ་ཡིན་ལས་ཚེ་འཕོས་པ་ལྟ་བུའི་བྱེད་སྤྱོད་ལག་ཏུ་བསྟར་བཞིན་ཡོད་པའི་ཁར། ཞེས་པ་ནས། ཁོ་རང་གི་རྒྱུ་དུས་ཀྱི་ཀུན་སློང་། རྣམ་དཔྱོད་ཀྱི་གོ་རིགས། བཅད་ལུགས་ཀྱི་རྩོམ་ཉམས་སོགས་ཀྱང་གྲྭ་ས་ཆེན་པོའི་ཞབས་འདྲེན་དང་ཡི་མུག་ཞེ་སྐྱོའི་གནས་ལས་མ་འདས་པས་སླར་དགག་སྒྲུབ་ཀྱི་སྦུངས་སྐྱེད་དགོས་པའི་དོན་གྱི་སྙིང་བོ་འགའ་ཡང་མེད་དོ།། ཞེས་གསུངས་ནས་ལན་གྱི་བཞེད་པ་ཙམ་ཡང་མེད་པར་རིམ་འགྱངས་སུ་འཇོག་པར་མཛད་དོ།།  དེ་ལ་ཁོ་བོ་ཅག་གིས་ནི། དེ་ལྟར་བརྙས་པའི་ཡུལ་དུ་བསྐྱུར་བ་དེ་ཉིད་ཤས་མ་བཟོད་པར་ཆེན་པོ་ཉིད་ལ་ཕུ་དུད་ཀྱི་ཚུལ་དུ་ཞེས་འབྱུང་བ་ཡང་གོང་གི་དཔྱི་ས་ཚང་གི་རྣམ་ཐར་དང་བསྟུན་ན་སྒྲ་ཇི་བཞིན་པ་མ་ཡིན་པར་སྣང་ལ། རྡོ་སྦིས་དགེ་བཤེས་རིན་པོ་ཆེ་དང་སྒེའུ་སྟེང་ཡབ་སྲས་ཀྱི་རྩོད་ཡིག་ཏུ་མི་གཞི་དམའ་འབེབ་ལྟ་བུའི་སྡིགས་མོ་མང་དུ་སྣང་བ་རྩོད་པ་མཛེས་པའི་རྒྱན་དུ་ཀྱལ་ཀ་གནང་བ་ཡིན་ངེས་ཀྱང་། ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོའི་རྣམ་ཐར་དད་གསུམ་ཀུ་མུད་བཞད་པའི་ཟླ་ཟེར་ལས། དེ་ཡང་མཁས་པ་སྔ་མ་འགའ་རེས་གཅིག་གིས་གཅིག་ལ་ཚིག་སྡུག་རི་སྡུག་ཚད་བེད་སྤྱད་ནས་ཡིག་འཇོག་བཞག་པ་དེ་ཚོ་ཁ་ཕྱོགས་ཡག་པོ་མ་རེད། དེས་རྗེས་རབས་པ་ཚོར་མིག་ལྟོས་དང་ཤན་ཤུགས་ངན་པ་འཇོག་མི་སྲིད་པ་མ་རེད། ཅེས་མཁས་དབང་ཤར་གདོང་ཚང་གི་གསུང་སྒྲོས་བཀོད་པ་ལྟར་ལགས་ལ།     བདེན་བཞིའི་རྩོད་ཡིག་འཇིགས་མེད་རིགས་པའི་གད་རྒྱངས་ནི། མཁས་དབང་འཇིགས་མེད་དམ་ཆོས་རྒྱ་མཚོས་དགུང་ལོ་ཉེར་བདུན་སྟེང་མཛད་ཅིང་། དེའི་ནང་དུ་ལང་ཚོའི་ཟིལ་ཤུགས་དང་སྤོབས་པས་ཁེངས་པའི་ཉམས་ཀྱིས་ཕྱུག་ཅིང་། ཤར་གདོང་ཚང་གི་དངོས་སློབ་ལྷ་རམས་པ་རོང་བོ་བློ་བཟང་སྙན་གྲགས་ཀྱིས་རྗེ་ཤར་གདོང་ཚང་ལ། རྩོད་ཡིག་འཇིགས་མེད་རིགས་པའི་གད་རྒྱངས་ལ་ལུང་ཁྲིད་ཀྱི་རྒྱུན་མེད་པའི་རྒྱུ་མཚན་ཞུས་ཚུལ་དེས་བརྩམས་པའི་ཤར་གདོང་ཚང་གི་རྣམ་ཐར་ལས། རྩོད་ཡིག་འཇིགས་མེད་རིགས་པའི་གད་རྒྱངས་ལ་ལུང་ཁྲིད་བཤད་ལུང་གང་གི་རྒྱུན་ཡང་མི་བཞུགས་པ་གང་ཡིན་ནམ་ཞུས་པར། འོ། དེ་སྐུ་ཕྱོགས་ཚང་ནས་རང་ལོ་ཉེར་བདུན་སྐབས་གསར་རྟགས་བསྟན་ནས་དེ་འདྲ་ཞིག་བྲིས་པ་ད་ལྟ་བསམ་ན་ངོ་ཚ་བ་རེད་ཅེས་གསུང་འབུམ་གྲས་སུ་འགོད་རྒྱུའི་ཐུགས་བཀོད་མེད་ཀྱང་ཨ་ལགས་ཚང་ནས་ཀ་རིང་གི་དཔར་ཤིང་མཐུ་དགོན་དུ་གདན་དྲངས་པ་རེད་ཅེས་ཕེབས། ཞེས་གསལ་བ་སོགས་ལ་བརྟགས་ན། དགག་པ་དགག་ལན་བཅས་སུ་ལྟར་སྣང་ལ་ཕན་ཚུན་ལ་ཚིག་མཚོན་དང་ཟུར་ཟ་སོགས་མང་བ་ལ་མཛད་པ་བོ་དག་གིས་ཀྱང་ཕྱིས་སུ་ཐུགས་འགྱོད་གནང་བཞིན་ཡོད་པ་རྟོགས་ཐུབ་ཅིང་། སྐྱེས་ཆེན་ཁོང་རྣམ་པ་ཕན་ཚུན་ལ་གཟིགས་མཐོང་དང་གུས་བརྩི་བཅོས་མིན་ཡོད་གཤིས། ཕྱོགས་སྔ་ཕྱི་གཉིས་ཀའི་ཐུན་མོང་གི་དངོས་སློབ་ཀྱང་མང་བར་སྣང་སྟེ། དཔེར་ན། མཁས་དབང་ཤར་གདོང་བློ་བཟང་བཤད་༡༩༢༢‑༢༠༠༡སྒྲུབ་རྒྱ་མཚོ་མཆོག་གིས་ཐོག་མར་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་མདུན་ནས་ས་སྟག་༡༩༣༨ལོར་ལམ་རིམ་ཆེན་མོའི་བཤད་ལུང་སྨིན་རྒྱས་སུ་གསན་པ་དང་། ལྕགས་སྦྲུལ་༡༩༤༡ལོར་རྗེའི་གསུང་འབུམ་གྱི་ལུང་དང་། སེམས་བསྐྱེད་མཆོད་པ། བརྒྱད་སྟོང་བ་དང་། མངོན་རྟོགས་རྒྱན་སྦྱར་བའི་བཤད་ལུང་། ལེགས་བཤད་སྙིང་བོ་རྩ་འགྲེལ་སྦྲག་པའི་བཤད་ལུང་། བདེ་གསང་གི་དབང་དང་རྗེས་གནང་། ཁོང་གི་མདུན་དུ་བསྙེན་རྫོགས་བཅས་ཞུས། ཆུ་རྟ་༡༩༤༢ལོར་རྗེ་དེའི་དྲུང་ནས་སྲས་གཉིས་ཀྱི་གསུང་འབུམ་དང་། དུས་འཁོར་དབང་ཆེན། བདེ་མཆོག་གི་དབང་བཅས་ཞུས་ནས་རྩ་བའི་བླ་མར་བརྟེན། ཕྱིས་སུ་ཆུ་ཡོས༡༩༥༢ལོར་རྡོ་སྦིས་དགེ་བཤེས་རིན་པོ་ཆེ་ཤེས་རབ་རྒྱ་མཚོའི་མདུན་ནས་དབུ་མའི་ལྟ་ཁྲིད། ཕྱག་ཆེན་གྱི་ཁྲིད། ལམ་གཙོ། རྟེན་བསྟོད། འདུལ་བ་རྒྱ་མཚོའི་སྙིང་བོ་སོགས་དང་གཞན་ཡང་འཆད་ཁྲིད་མང་དུ་གསན་པས། རྗེ་བཙུན་འཇམ་པའི་དབྱངས་འདི་འདྲ་ཞིག་ཡིན་རྒྱུ་རེད་སྙམ་པའི་དད་པ་བཅོས་མ་མིན་པ་ཞིག་བྱུང་། ཞེས་རྣམ་ཐར་དུ་འབྱུང་བ་ལྟ་བུ་དང་། ཡང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་མཚུངས་མེད་ཞོ་ཕུང་བསམ་གཏན་༡༩༠༥‑༡༩༨༧རྒྱ་མཚོ་ཞེས་ཤིང་འབྲུག་༡༩༦༤ལོ་ཡས་མས་སུ་ཀུན་མཁྱེན་སྐུ་ཕྲེང་དྲུག་པ་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གི་ཡོངས་འཛིན་གྱི་དོད་དུ་བཞུགས་པ་ཁོང་ཡང་། གཞོན་དུས་ཤར་ཡོངས་འཛིན་སྒེའུ་སྟེང་བློ་བཟང་དཔལ་ལྡན་ལས། སྐྱབས་ཁྲིད་དང་། ལམ་ཁྲིད་སོགས་དབང་ལུང་མང་བོ་གསན་པ་དང་། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་ལས་བསྙེན་རྫོགས་ཞུས། དགུང་ལོ་ཉེར་བརྒྱད་སྟེང་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཞུགས་ཏེ། ཡོངས་འཛིན་བསང་ཁོག་འཇིགས་མེད་ཚང་འདི་ཉིད་དགེ་རྒན་གྱི་གཙོ་བོར་བསྟེན་ནས་སློབ་གཉེར་གནང་བས་མཁས་པར་གྱུར་བ་སོགས་ཀྱི་ལོ་རྒྱུས་མཐོང་ཞིང་ཐོས་ན། རྒྱུ་མཚན་རྟོགས་པའི་ངེས་དོན་གྱི་མཁས་པ་འདི་དག་ཅལ་འདྲོག་གི་ཕྱོགས་ལྷུང་སྦྲུལ་མདུད་ལྟར་རང་ཞིག་ཏུ་སོང་ཡོད་པ་མཐོང་སླ་བ་བཅས་འཕྲོས་དོན་ཞར་བྱུང་གི་སྐོར་སོང་ནས་ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ།  དེ་ལྟར་བརྒལ་ལན་རྡོ་རྗེའི་གཟེགས་མ་ལེགས་པར་བརྩམས་གྲུབ་རྗེས་ཟླ་དང་བོའི་ནང་དུ་སྐུ་འབུམ་དགོན་པའི་སྤྲུལ་སྐུ་རྒྱ་ཡག་ཚང་། གསེར་ཏོག་ཚང་སོགས་བླ་སྤྲུལ་དགེ་བཤེས་མང་བོར་ཤིང་བཟའ་སྒར་བ་དང་། བླ་བྲང་རྩེ་བཀྲ་ཤིས་ཁང་གསར་སོགས་སུ་སྔར་ལོའི་གསུང་ཆོས་ཀྱི་འཕྲོ་ནས་རིམ་བཞིན་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་གི་ཚེ་དབང་རྒྱས་པ། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་བཤད་ལུང་། བདེ་མཆོག་རབ་འབྱམས་ཀྱི་དབང་། ནཱ་རོ་མཁའ་སྤྱོད་མའི་བསྐྱེད་རྫོགས་ཀྱི་ཁྲིད། གསང་འདུས་བསྐྱེད་རྫོགས་ཀྱི་ཁྲིད་བཅས་སྩལ། ཟླ་གཉིས་པའི་ཚེས་མགོ་ནས་བཟུང་རིམ་བཞིན་སྒྲུབ་ཐབས་རྒྱ་མཚོ། བ་རི་བརྒྱ་རྩ། འཇམ་དབྱངས་ཞི་ཁྲོ་སྦྲག་སྒྲུབ་ཀྱི་ཁྲིད། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གཞི་བསྙེན་གྱི་ཁྲིད། རིགས་གྲྭ་ཚང་གི་གསུང་གི་ཁྲོ་བོ་སྨྲེ་བརྩེགས་ཀྱི་སྒོ་ནས་འགོང་སྲེག། ཐུའུ་བཀྭན་བཀའ་རྒྱ་མའི་ནང་ནས་ལེ་ཚན་ཁ་ཤས་བཅས་སྩལ།  དེ་ནས་རིམ་གྱིས་ཁྲི་ཀའི་མེ་ལོང་དགོན་དུ་ཕེབས། ཟླ་གསུམ་པའི་ཚེས་ཉི་ཤུ་ཡས་མས་ནས། ཨ་ཀྱ་ཚང་། ཀོའུ་བ་ཚང་། རྒྱ་ཡག་ཚང་། བླ་བྲང་དགེ་བཤེས་བསྟན་འཛིན་རྒྱ་མཚོ་སོགས་བླ་སྤྲུལ་དགེ་བཤེས་མང་བོར་བསྟན་འགྱུར་གྱི་ལུང་རྒྱུན་གང་བཞུགས་ཟླ་གཅིག་ཙམ་ལ་གནང་། ལ་མོའི་ཞབས་དྲུང་དཀར་བོའི་རྣམ་ཐར་དང་། ཐར་ཤུལ་ཚང་གི་རྣམ་ཐར། ལ་མོའི་ཡོངས་འཛིན་སྤྲུལ་སྐུའི་རྣམ་ཐར་ལྟར་ན་འདི་ལོའི་ས་ག་ཟླ་བར་ཐར་ཤུལ་ཚང་གིས་ཁྲི་ཀའི་འཇའ་མོ་གྲྭ་ཚང་དུ་བཀའ་འགྱུར་གྱི་ལྗགས་ལུང་ཕར་གནང་བཞིན་པའི་དུས་ཡིན་པས། རྗེ་འདིས་བསྟན་འགྱུར་གྱི་ལུང་གནང་བའི་གསན་མཁན་གྲས་སུ་ཐར་ཤུལ་ཚང་ཡོད་པར་ཨ་ཀྱ་ཚང་གི་རྣམ་ཐར་དུ་འབྱུང་ཡང་ཐར་ཤུལ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོའི་རྣམ་ཐར་ན་བསྟན་འགྱུར་གྱི་ལུང་གསན་རབས་མི་འདུག་པས་དཔྱད།

འདི་ཙམ་ན་ལ་མོའི་ཡོངས་འཛིན་སྤྲུལ་སྐུར་རྡོར་ཕྲེང་དབང་གི་ཕྱག་ལེན་གྱི་སྐོར་དང་བསྙེན་པ་གཏོང་ལུགས་སོགས་བཀའ་སློབ་ཞིབ་ཏུ་གནང་། རྗེ་རང་ཉིད་ཀྱིས་སྔ་ཕྱིར་རྗེ་བླ་ཁོ་རིན་པོ་ཆེ་ལས་རྡོར་ཕྲེང་གི་དབང་ཐེངས་གསུམ་གསན་ཏེ་རྡོ་རྗེའི་ཕྲེང་བའི་དབང་གི་མཐོང་བ་བརྒྱུད་པའི་ཕྱག་ལེན་གསལ་བར་བཀོད་པ་སྨིན་བྱེད་དབང་གི་མཛེས་རྒྱན་ཞེས་བྱ་བའི་བསྟན་བཅོས་ཁྱད་འཕགས་མཛད་ཡོད།  ཤིང་སྤྲེལ་༡༩༤༤ལོར་སྐུ་འབུམ་དུ་བླ་སྤྲུལ་དགེ་བཤེས་མང་བོར་བེའུ་བུམ་སྔོན་པོ་རྩ་འགྲེལ་གྱི་ལུང་། དབུ་མའི་སྟོང་ཐུན་ཆེན་མོ། འཇིགས་བྱེད་བསྐྱེད་རིམ་གསལ་བའི་གཙུག་རྒྱན། ཀུན་མཁྱེན་བླ་མའི་རྟོག་བདུན་མཆན་གྱི་བཤད་ལུང་། འཇམ་དཔལ་ཞི་དྲག་གི་སྲུང་བ་ཚེ་བསྲིང་བའི་གདམས་པ། སྦྱིན་སྲེག་ཞལ་གདམས་བདུད་རྩིའི་རྫིང་བུའི་ཁྲིད་སོགས་སྩལ། ཟླ་གསུམ་པའི་ནང་དུ་དཔལ་གསང་བའི་བདག་པོ་འཁོར་ལོ་ཆེན་པོའི་བསྙེན་ཡིག་ལག་ལེན་རབ་གསལ་ཞེས་བྱ་བའི་བསྟན་བཅོས་ཁྱད་འཕགས་བརྩམས་གནང་མཛད།  ཟླ་བཞི་བ་ཕྱི་མའི་ནང་དུ་བླ་ཁོ་རྡོ་རྗེ་འཆང་སྐུ་འབུམ་དུ་ཆིབས་བསྒྱུར་གནང་བའི་དྲུང་ནས་བཀའ་ཆོས་གསན་པར་མ་ཟད་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་སྐབས་རྗེ་འདི་ཉིད་དུས་གོ་བ་མཛད།  ཤིང་བྱ་༡༩༤༥ལོར་ཡང་སྐུ་འབུམ་དུ་བཞུགས་ནས་པཎ་ཆེན་རིན་པོ་ཆེར་དབང་ལུང་མན་ངག་མང་དུ་སྩལ།  མེ་ཁྱི་༡༩༤༦ལོར་རྗེ་བླ་ཁོ་ཚང་ལས་བཀའ་ཆོས་གསན་ཞོར་དང་པཎ་ཆེན་མཆོག་སྤྲུལ་སྐྱོང་སླད་སྐུ་འབུམ་དུ་བཞུགས་ནས་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་རྗེ་བླ་ཁོ་ཚང་ལས་ལ་མོའི་ཞབས་དྲུང་དཀར་བོ་བློ་བཟང་ལུང་རིགས་བསྟན་པ་རྒྱ་མཚོ་བསྙེན་པར་རྫོགས་སྐབས་རྗེ་འདིས་གསང་སྟོན་གནང་།  ཐུགས་སྲས་ཀོའུ་བ་སྤྲུལ་སྐུས་བསྙུང་གཞི་བཞེས་པ་ལ་རྗེ་འདིས་ཞབས་བརྟན་རིམ་གྲོ་དང་སྙན་བསྐུལ་བརྟན་བཞུགས་སོགས་ཐུགས་ཚེགས་ཆེར་གནང་ཡང་གདུལ་བྱ་རྫོགས་པས་ཀོའུ་བ་ཚང་སྐུ་འདས། ཟླ་དགུ་བའི་ཉེར་གཉིས་ལྷ་བབས་དུས་ཆེན་ནས་བཟུང་དབུ་བརྩམས་ཏེ་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་མོར་དགའ་ལྡན་ཕུན་ཚོགས་གླིང་དཔར་མའི་སྟེང་ནས་རྗེ་ཤེས་རབ་རྒྱ་མཚོའི་གསན་ཡིག་ལྟར་འཇམ་དབྱངས་ཆོས་སྐོར་ཆ་ཚང་གི་ལུང་དང་། དེར་གཏོགས་པ་དཔའ་བོ་རྡོ་རྗེའི་གཅོད་གཞུང་གི་ལུང་། འཇམ་དབྱངས་དཀར་བོའི་ཆོས་སྐོར་ཏེ་མགོར་སངས་རྒྱས་ཀུན་གྱི་ངོ་བོ་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། ཞེས་དང་མཐར་དེ་ལ་རྒྱ་སྟོན་ཨ་ནནྟ་བདག་གིས་ཞུས་སོ་ཞེས་ཡོད་པ། འཇམ་དབྱངས་དཀར་བོའི་སྒྲུབ་ཐབས་སྒེག་པའི་རྡོ་རྗེས་མཛད་པ། རྗེས་གནང་གི་ཆོ་ག་མ་ཏིའི་ཕྱག་ལེན་ཇི་ལྟ་བ་བཞིན་ཁྲོ་ཕུ་ལོ་ཙ་བ་བྱམས་པ་དཔལ་གྱིས་མཛད་པ། རྒྱ་སྟོན་གྱིས་མཛད་པའི་རྩ་བའི་སྒྲུབ་པ། ཉེས་བྱས་འཇོམས་པ། ཡོན་ཏན་སྒྲུབ་པ། རྩོད་པ་བྱ་ཐབས། སྲན་མའི་ལས་སྦྱོར་རྣམས་སྟོན་པའི་མགོར། ཤིན་ཏུ་དཀར་བའི་མདངས་ལྡན་ཞེས་དང་། འགྲོ་ཀུན་འཇམ་དབྱངས་ཉིད་འགྱུར་ཤོག། ཅེས་པའི་ཐོག་མཐའ་ཅན་གྱི་ལུང་ཡོངས་རྫོགས་དང་། འཇམ་དབྱངས་སྨྲ་སེང་གི་ཆོས་སྐོར་གྱི་ལུང་། འཇམ་དབྱངས་ནག་པོའི་ཆོས་སྐོར། ལྷ་མོ་དབྱངས་ཅན་མའི་ཆོས་སྐོར། སེང་གདོང་མའི་ལས་ཚོགས་གོང་དཀར་ནས་བརྒྱུད་པའི་ལུང་། ཞྭ་ལུ་བའི་དྲུག་ཅུ་བའི་རྩ་ཚིག་གི་ལུང་། བླ་མ་ལྔ་བཅུ་བའི་བཤད་ལུང་། བཀའ་གདམས་ཕ་ཆོས་བུ་ཆོས་ཀྱི་ལུང་། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་སློབ་མ་སྔགས་འཆང་གཟུངས་ཀྱི་དཔལ་བ་ཡབ་སྲས་ཀྱིས་མཛད་པའི་ཁྱུང་ཁྲའི་ལས་ཚོགས་ཀྱི་ལུང་། རྗེ་བླ་ཁོ་རིན་པོ་ཆེའི་གསུང་འབུམ་ལས་སྤྱོད་འཇུག་འགྲེལ་བ། གྲུབ་མཐའ་ཆེན་མོའི་ཟིན་བྲིས། ལམ་རིམ་བསྡུས་དོན་གྱི་འགྲེལ་བ། བྱམས་བསྟོད་ཟབ་ཡངས་མའི་འགྲེལ་བ་སོགས་པཎ་ཆེན་མཆོག་གིས་སྔར་རྗེ་བླ་ཁོ་ཚང་ལས་མ་གསན་པའི་ལུང་ཡོད་སྐོར་ཆ་ཚང་གནང་། ཕར་ཕྱིན་མཆན་གྱི་ཟིན་བྲིས་བཤད་ལུང་དང་ལུང་གཅིག་འཐུས་སུ་གནང་།  འཇིགས་བྱེད་དཔའ་གཅིག་གི་བསྐྱེད་རྫོགས་ཀྱི་ཁྲིད་ཉིན་བདུན་ལ་ཐུགས་ཐོག་ནས་རྒྱས་པར་གནང་ཞིང་ཕལ་ཆེར་ལྷ་བཅུ་གསུམ་མའི་བསྐྱེད་རྫོགས་ལ་གཞིར་བྱས་ན་ཆོག་གསུངས།

མེ་ཕག་༡༩༤༧ལོའི་ཟླ་གཉིས་པའི་ཚེས་གཅིག་ནས་པཎ་ཆེན་རིན་པོ་ཆེ་སྐུ་འཁོར་རྣམས་ལ། སྐྱེས་རབས་དང་ཚོམས། བསླབ་བཏུས་དང་སྤྱོད་འཇུག། བྱང་ས་བཅས་ཀྱི་ལུང་སྩལ་ཞིང་མདོ་སྡེ་རྒྱན་སྔོན་ཆད་པཎ་ཆེན་རིན་པོ་ཆེས་རྗེ་བླ་ཁོ་རིན་པོ་ཆེ་ལས་གསན་གྲུབ་སྟབས་ཐེངས་འདིར་མ་གནང་། མཁས་གྲུབ་རྗེའི་གསུང་འབུམ་ལས། སྟོང་ཐུན་སྐལ་བཟང་མིག་འབྱེད་ཀྱི་བཤད་ལུང་། ཐུབ་བསྟན་བྱི་དོར། ཆོས་ལྡན་རབ་འབྱོར་གྱིས་མཛད་པའི་མཁས་གྲུབ་རྗེའི་རྣམ་ཐར་མདོར་བསྡུས། མཁས་གྲུབ་རྗེའི་དམ་བཅའ་བཅུ། ཀྱེ་རྡོར་དཀྱིལ་ཆོག་བདེ་ཆེན་འཇུག་ངོགས། ཀྱེ་རྡོར་སྒྲུབ་ཐབས་འཁྲུལ་སྤོང་། ཀྱེ་རྡོར་མཆོད་ཕྲེང་། ཀྱེ་རྡོར་སེམས་བསྒོམ་བཟླས། ཀྱེ་རྡོར་ཟུར་འདེབས་ཀྱི་ཆོ་ག། བརྟག་གཉིས་རྣམ་བཤད་བཅས་ཀྱི་ལུང་སྩལ། ཟླ་བརྒྱད་པའི་ཚེས་བཅོ་ལྔ་ནས་པོ་ཏི་ལྔའི་རྩ་བ་གནང་སྐབས་ཐོག་མར་དབུ་མ་འཇུག་པ། མཛོད། རྣམ་འགྲེལ། འདུལ་བ་མདོ་རྩ། འགྲེལ་བ་དོན་གསལ་བཅས་སྩལ། འདི་ལོའི་ཟླ་༡༠ཚེས་༡༣ཉིན་པཎ་ཆེན་སྤྲུལ་སྐུས།

བདག་གིས་བླ་མའི་ཞབས་ལ་གསོལ་བ་འདེབས།།

དམྱལ་བའི་སེམས་ཅན་དག་གི་སྡུག་བསྔལ་རྣམས།།

སྒྲོལ་བའི་ཐབས་ལ་མཁས་པའི་མཆོག་གྱུར་བ།།

ཡོངས་འཛིན་འཇིགས་མེད་རྒྱ་མཚོར་གསོལ་བ་འདེབས།།

ཞེས་པ་ཐོལ་བྱུང་དུ་མཛད་དོ།།  ཟླ་༡༡ཚེས༡༤ཉིན་རྗེ་ཉིད་དང་། པཎ་ཆེན་མཆོག་སྤྲུལ་སོགས་ལྷན་དུ་ཉི་མར་ལྡེ་ཡོད་སྐབས་པཎ་ཆེན་མཆོག་སྤྲུལ་གྱིས་བདེ་སྨོན་གྱི་དབུའི་ཚིགས་བཅད་དག་གི་མཆན་འགྲེལ་ཞིག་ཐོལ་བྱུང་དུ་མཛད།  རྗེ་འདིས་བླ་ཁོ་རིན་པོ་ཆེར་པཎ་ཆེན་མཆོག་སྤྲུལ་དགུང་ལོ་བརྒྱད་པའི་སྟེང་གསུང་བའི་རྩོམ་དེའི་འགྲེལ་བ་རྩོམ་སྐུལ་ཞུས།

 ས་བྱི་༡༩༤༨ལོའི་ཟླ་ལྔ་བའི་ཚེས་ཉེར་གཅིག་ནས་དབུ་བརྩམས་ཏེ་བཀྲས་ལྷུན་སྔགས་ཆོག་པོད་དང་བོའི་ལྗགས་ལུང་གནང་ཞིང་། ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན་ཁྲིད་རྡོ་ལག་རྒྱུད་མའི་ཁྲིད་སྐུ་འབུམ་རྒྱུད་པའི་གཞུང་དཔེའི་སྟེང་ནས་སྩལ་ཞིང་སྦྱར་བྱང་མེད་མོད། རྒྱལ་དབང་བསྐལ་བཟང་བ་སོགས་ཀྱིས་ཀུན་མཁྱེན་འཇམ་དབྱངས་བཞད་པས་ཡི་གེར་བཀོད་པར་བཞེད་གསུངས། ཟླ་བདུན་པའི་ཚེས་བཅུ་དགུ་ནས་བཀྲས་ལྷུན་སྔགས་ཆོག་པོད་ཕྱི་མའི་ལྗགས་ལུང་གི་དབུ་ཚུགས། ཟླ་བརྒྱད་པའི་ཚེས་ཉེར་བདུན་ནས་རིམ་བཞིན་སྐྱབས་ཁྲིད། མཎ་ཌལ་གྱི་ཁྲིད། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད། བླ་མའི་རྣལ་འབྱོར་དགའ་ལྷའི་ཁྲིད། ལམ་གཙོའི་ཁྲིད། རྗེ་བླ་ཁོའི་གསུང་གི་དཔའ་གཅིག་གི་སྒོ་ནས་བསམ་གཏན་བདག་འཇུག་ལེན་ཚུལ་བྱིན་རླབས་ཆུ་རྒྱུན། ཞང་ཞུང་བས་མཛད་པའི་དཔའ་གཅིག་གི་སྨོན་ལམ། དབྱངས་ཅན་མའི་བསྟོད་པ་ཆུ་འཛིན་དཀར་བོ་མའི་ལུང་། གུང་ཐང་གསུང་ལམ་མཆོག་སྙིང་བོའི་བཤད་ཁྲིད། ངག་བྱིན་རླབས་ཀྱི་ཁྲིད། རྒྱལ་བ་བསྐལ་བཟང་བའི་མགུར་བཤད་པ་དང་བཅས་པ། ཞང་སྟོན་པའི་བླ་མཆོད་ས་བཅད་ཀྱི་སྟེང་ནས་བླ་མཆོད་ཀྱི་ཁྲིད། ལམ་མཆོག་སྒོ་འབྱེད་ཀྱི་ཁྲིད། ལྟ་ཁྲིད་དྲན་པ་བཞི་ལྡན་པཎ་ཆེན་ཆོས་རྒྱན་གྱི་གསུང་སྟེང་ནས་གནང་སྟེ་ཟླ་བཅུ་བའི་ཚེས་བཞི་ནས་པཎ་ཆེན་རིན་པོ་ཆེ་ལ་བཀའ་ཆོས་གནང་བ་རེ་ཞིག་མཚམས་བཞག་མཛད། ཐུགས་སྲས་ཨ་ཀྱ་མཆོག་སྤྲུལ་ཚང་གིས་བསྙུང་གཞི་བཞེས་པ་ལ་བརྟན་བཞུགས་སྙན་བསྐུལ་སོགས་གང་དྲག་གནང་ཞིང་ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔའི་ཉིན་རྗེ་འདི་ཨ་ཀྱ་ཚང་གི་གམ་དུ་ཕེབས་མ་ཐག་སྤྲུལ་སྐུས་སྐུ་དྲང་བར་བསྲང་ནས་ཞབས་གཉིས་རྡོ་རྗེ་དཀྱིལ་ཀྲུང་མཛད་ནས་གུས་པ་དང་བཅས་གཟིགས་འཕྲལ། དུས་ལ་བབ་པ་ལྟ་བུས་ཨ་ཀྱ་ཚང་སྐུ་འདས་པར་རྗེ་འདིས་དབུ་བསྐུལ་ཏེ་གསང་འདུས་སྨོན་ལམ་གསུངས།  སྨད་ཕྱོགས་སུ་གོ་གུང་འཁྲུག་པའི་འུར་ཟིང་གིས་རྗེ་འདི་ཉིད་ལ་མོ་བདེ་ཆེན་དུ་ཕེབས། ལ་མོ་ཞབས་དྲུང་དཀར་བོ་སོགས་ལ་མཁས་གྲུབ་ཆིག་བརྒྱུད་ཀྱི་བླ་མའི་རྣལ་འབྱོར་གྱི་ཁྲིད། འཇམ་དཀར་དང་དབྱངས་ཅན་མ་དཀར་མོ་གཉིས་ཀྱི་ལས་ཚོགས་ཀྱི་ཁྲིད། དབྱངས་ཅན་མ་དམར་མོ་གསང་སྒྲུབ་ཐུན་མོང་མ་ཡིན་པའི་ལས་ཚོགས། ཁྲོ་བོ་སྨེ་བརྩེགས་ཀྱི་ལས་ཚོགས། ཁྱུང་ཁྲའི་ལས་ཚོགས་ཀྱི་ཁྲིད། མདུང་རྩེ་རས་པའི་དམིགས་བརྩེ་མའི་ལས་ཚོགས། ཁྲི་ངག་དབང་མཆོག་ལྡན་གྱི་གསང་སྒྲུབ་ལ་བརྟེན་པའི་ལས་ཚོགས། སྨན་ཁང་བའི་དམིགས་བརྩེ་མའི་ལས་ཚོགས་འཁོར་ལོ་ལ་བརྟེན་པ།  ལྕགས་ར་སྤྲུལ་སྐུའི་དམིགས་བརྩེ་མའི་ལས་ཚོགས་དང་། གདུགས་དཀར་རྒྱལ་མཚན་འཁོར་ལོའི་ཁྲིད། བློ་སྦྱོང་ཚིགས་བརྒྱད་མ་དང་བློ་སྦྱོང་ཉི་མའི་འོད་ཟེར་གྱི་ཁྲིད། ཀུན་མཁྱེན་གོང་མའི་གསུང་གི་སྟེང་ནས་འཇིགས་བྱེད་བསྙེན་སྒྲུབ་ལས་གསུམ་གྱི་ཁྲིད། སྦྱིན་སྲེག་ཞལ་གདམས་བདུད་རྩིའི་རྫིང་བུའི་ཁྲིད། རིམ་ལྔ་གསལ་སྒྲོན་གྱི་བཤད་ལུང་། རྫོགས་རིམ་རྡོ་ལག་བརྒྱུད་མའི་ཁྲིད། འཇིགས་བྱེད་དཔའ་བོ་གཅིག་པའི་བསྐྱེད་རྫོགས་ཀྱི་ཁྲིད་སོགས་དང་། མཁའ་སྤྱོད་མའི་དབང་བཞི་བྱིན་རླབས། རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང་། རྟ་མགྲིན་གསང་སྒྲུབ་དང་ཁྲོས་ནག་ལྷ་ལྔའི་རྗེས་གནང་། འཇམ་དབྱངས་དཀར་བོ། འཇམ་དབྱངས་དམར་སེར། དབྱངས་ཅན་མ་དཀར་མོ། མགོན་པོ་ཕྱག་དྲུག་པ། ཆོས་རྒྱལ་ཕྱི་ནང་གསང་གསུམ། ལྷ་མོ་དམག་ཟོར་མ། དཔལ་མགོན་ཞལ་བཞི་བ་རྣམས་ཀྱི་རྗེས་གནང་། རྒྱལ་བོ་སྐུ་ལྔའི་སྲོག་གཏད་བཅས་སྩལ་ནས་ལྕགས་སྟག་༡༩༥༠ལོའི་ལོ་གསར་ལ་ཡང་དེར་བཞུགས། ལ་མོའི་ཡོངས་འཛིན་སྤྲུལ་སྐུ་དེར་ཕེབས་པ་ལ་རྗེ་འདི་ཉིད་དང་། ལ་མོའི་ཡོངས་འཛིན་དགེ་བཤེས་བློ་བཟང་བསྟན་པ་རྣམ་གཉིས་ཀྱིས་ཐར་ཤུལ་དགོན་གསར་གྱི་གནས་ཚུལ་བཀའ་འདྲི་གནང་རྗེས་ཞལ་མཐུན་པར། བདེ་གསང་འཇིགས་གསུམ་གྱི་ཆོ་གའི་ངག་འདོན་བྱང་བ་ཙམ་གྱིས་མི་ཆོག། ལམ་རིམ་བློ་སྦྱོང་ལ་དང་བོར་ཐོས་པ། བར་དུ་བསམ་པ། མཐར་སྒྲུབ་པ་ཉམས་ལེན་བྱེད་པ་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པའི་ཐབས་སུ་འཁྱེར་བ་འདི་སྤྱིའི་གོ་རིམ་རེད། མཉམ་མེད་ཇོ་བོ་ཆེན་པོས་མདོ་ཕྱོགས་རྣམས་ལམ་གྱི་རིམ་པ་གཅིག་ཏུ་སྒྲིལ་ཚུལ་གསལ་བར་གསུངས་ཤིང་། འཇམ་མགོན་བླ་མས་ལས་སྔགས་གཉིས་སོགས་གསུང་གི་སྐོར་ཕལ་མོ་ཆེར་མདོ་སྔགས་གཉིས་ཀ་ལམ་གྱི་རིམ་པ་གཅིག་ཏུ་སྒྲིལ་ནས་གསུངས་པས་ན། དགེ་འདུན་པ་ཡོངས་ཀྱིས་རྗེ་བླ་མའི་བསྟན་པ་རིན་པོ་ཆེ་འདི་ལ་ཐབས་སྣ་ཚོགས་པས་བག་ཆགས་རེ་འཇོག་ཐབས་བྱེད་དགོས་རྒྱུ་དེ་གཙོ་བོ་རེད་གསུངས་ནས་ཁོང་རྣམ་གཉིས་ནས་བཀའ་བགྲོས་མཐར། དེང་ཕྱིན་ཆད་ཀུན་མཁྱེན་བླ་མ་མཆོག་གི་ལམ་རིམ་འཇམ་དཔལ་ཞལ་ལུང་བརྩི་བཞག་བྱས་ནས་ལམ་རིམ་གྱི་སྐོར་ལ་ལྟ་ལྟོག་བྱེད་རྒྱུ་དང་། དེའི་ཡན་ལག་བརྡར་ཤ་ཆོད་ཆེད་བསྡུས་གྲྭའི་རིགས་ལམ་གྱི་འགྲོ་ཕྱོགས་རེ་ཡང་གལ་ཆེ་ཚུལ་སོགས་སྒོ་དུ་མ་ནས་བསླབ་བྱ་གནད་དུ་ཁེལ་བ་སྩལ། དེ་ནས་སྐུ་འབུམ་དུ་ཕེབས་ཏེ་ཟླ་བཅུ་བའི་ཚེས་གཅིག་ནས་པཎ་ཆེན་རིན་པོ་ཆེར་ཟུར་བཀའི་དབང་རྣམས་སྩོལ་བའི་དབུ་ཚུགས་ཤིང་། ཐོག་མར་སྟ་གོན་མེད་པར་གཤེད་དམར་ལྷ་བཅུ་གསུམ་གྱི་དབང་རྗེའི་གསུང་དང་འདུལ་འཛིན་པའི་གསུང་སྟེང་ནས་གནང་ཞིང་བུམ་ཆོག་ཀྱང་རིགས་འགྲེ་སྦྱར་དགོས་གསུངས།

ཚེས་གཉིས་ཉིན་དགྲ་ནག་གི་དབང་ལ་རྗེའི་གསུང་གི་སྒྲུབ་ཐབས་རིན་ཆེན་འབར་བ་དང་། དཀྱིལ་ཆོག་རིན་ཕྲེང་གཉིས་སྦྲགས་ནས་གནང་། ཚེས་གསུམ་ཉིན་འཇིགས་བྱེད་ཞེ་དགུ་མའི་དབང་གནང་སྐབས་སྒྲུབ་ཐབས་རྗེ་འཇིགས་མེད་དབང་བོའི་གསུང་གི་དཔག་བསམ་སྙེ་མ་དང་། དཀྱིལ་ཆོག་གུང་ཐང་དཔའ་གཅིག་བདག་འཇུག་གི་སྟེང་ནས་གནང་སྟེ་རྗེའི་གསུང་གི་ཞེ་དགུ་མའི་ཟིན་བྲིས་དང་མཁས་གྲུབ་རྗེའི་བསྐྱེད་རིམ་གསལ་བའི་གཙུག་རྒྱན་ནང་ནས་ཞེ་དགུ་མའི་བསྐྱེད་རིམ་སོགས་ལ་ལྟ་རྟོག་བྱེད་དགོས་ཞེས་སྩལ། ཚེས་བཞི་ཉིན་འཇིགས་བྱེད་རོ་ལངས་བརྒྱད་སྐོར་སྒྲུབ་ཐབས་སྡེ་ཁྲིའི་གསུང་གི་འཇིགས་བྱེད་ལྷ་དགུ་མའི་སྒྲུབ་ཐབས་དང་དཀྱིལ་ཆོག་གུང་ཐང་དཔའ་གཅིག་བདག་འཇུག་སྟེང་ནས་གནང་། ཚེས་ལྔ་ཉིན་འཇིགས་བྱེད་ཁྲོ་མོ་བརྒྱད་སྐོར་གནང་སྐབས། ཆོ་ག་འཇིགས་བྱེད་སྐྱོ་ལུགས་ལྷ་དགུའི་སྒྲུབ་ཐབས་དབང་གི་ཐོ་བཀོད་དང་བཅས་པ་བདུད་ལས་རྣམ་རྒྱལ་ཞེས་པ་མཇུག་ཏུ་བཀྲ་ཤིས་ལྷ་རྩེ་ནས་སྦྱར་བ་གསུངས་འདུག་པ་ཞིག་ཡིན་པས། སྡེ་དགེའི་འཇམ་དབྱངས་མཁྱེན་བརྩེའི་གསུང་ཡིན་ནམ་སྙམ་གསུངས། ད་དུང་། འདིའི་ནང་བུམ་ཆོག་ཡོད་ཀྱང་འདི་བཞིན་འདོན་མི་ཆོག་བུམ་མཚན་ཞེ་དགུ་མ་ལྟར་བཟོ་དགོས་གསུངས། དཀྱིལ་ཆོག་གུང་ཐང་དཔའ་གཅིག་བདག་འཇུག་ལྟར་རོ།།  ཚེས་དྲུག་ཉིན་གསང་འདུས་འཇིག་རྟེན་དབང་ཕྱུག་གི་དབང་གནང་སྐབས་སྒྲུབ་ཐབས་སྦྱར་བྱང་མི་གསལ་བ་ཞིག་དང་། སྡེ་ཁྲིའི་གསུང་གི་མདུན་བསྐྱེད་དང་བུམ་ཆོག། དཀྱིལ་ཆོག་བྱམས་མགོན་གསུང་གི་འཇམ་རྡོར་དཀྱིལ་ཆོག་ལ་ཁ་བསྒྱུར་གནང་ནས་སྩལ། ཚེས་བདུན་ཉིན་གསང་འདུས་འཕགས་ལུགས་སོ་གཉིས་པའི་དབང་སྩལ། ཚེས་བརྒྱད་ཉིན་བདེ་མཆོག་ལཱུ་ཨི་བའི་ལུགས་ཀྱི་ལྷ་རེ་གཉིས་པའི་དབང་སྩལ། ཚེས་དགུ་ཉིན་ནས་བདེ་མཆོག་རབ་འབྱམས་ཀྱི་དབང་གནང་མགོ་ཚུགས་ཤིང་ཉིན་དེར་འཁྲུལ་སྤོང་ལུགས་ཀྱི་བདེ་མཆོག་ལྷ་རེ་གཉིས་པའི་དབང་སྩལ་ཅིང་། བདེ་མཆོག་རྩ་རྒྱུད་སྟེགས་སུ་འཇོག་པ་དང་། སྔོན་འགྲོ་མན་ལ་ཌ་མ་རུ་མི་དཀྲོལ་བ་ཡིན་ཞིང་དབང་ཆོག་ཨ་མཆོག་བསྟན་རྒྱན་པའི་གསུང་ཡིན་གསུངས། ཚེས་བཞི་ལ་མེ་ཏྲིའི་ལུགས་ཀྱི་བདེ་མཆོག་ལྷ་བཅུ་གསུམ་མའི་དབང་སྩལ། ཚེས་བཅུ་གཅིག་ཉིན་སྡོམ་འབྱུང་ལྷ་བཅུ་མའི་དབང་། ཡུམ་གྱི་ཕྱག་མཚན་གྲི་གུག་ཡིན་པས་བུམ་མཚན་ལ་རྡོ་རྗེ་དང་གྲི་གུག་འཇོག་ཅིང་སྒྲུབ་ཐབས་ཨ་མཆོག་ཚང་གི་གསུང་དང་། དཀྱིལ་ཆོག་བདེ་ཆེན་རོལ་མཚོ་ཡིན་གསུངས། ཚེས་བཅུ་གཉིས་ཉིན་ལྭ་བ་བའི་ལུགས་ཀྱི་ལྷ་བཅུ་གསུམ་མའི་དབང་སྩལ། ཚེས་བཅུ་གསུམ་ཉིན་བདེ་མཆོག་འཇམ་རྡོར་སྩལ། ཚེས་བཅུ་བཞི་ཉིན་རྡོ་རྗེ་མཁའ་འགྲོའི་དབང་སྩལ། ཚེས་བཅོ་ལྔའི་ཉིན་བདེ་མཆོག་རྡོར་སེམས། ཚེས་བཅུ་དྲུག་ཉིན་བདེ་མཆོག་འཁོར་ལོ་བསྒྱུར་དྲུག་གི་དབང་སྩལ། ཚེས་བཅུ་བདུན་ཉིན་ཁམས་གསུམ་རྣམ་རྒྱལ་གྱི་དབང་སྩལ། ཚེས་བཅོ་བརྒྱད་ཉིན་སྟོད་འགྲེལ་ལུགས་ཀྱི་ལྷ་རེ་གཉིས་ཀྱི་དབང་སྩལ། ཚེས་བཅུ་དགུའི་ཉིན་བདེ་མཆོག་འབུམ་པའི་དབང་སྩལ། ཚེས་ཉི་ཤུའི་ཉིན་རྡོ་རྗེ་རྣལ་འབྱོར་མ་ལྷ་སོ་བདུན་གྱི་དབང་སྩལ། ཚེས་ཉེར་གཅིག་ཉིན་རྡོ་རྗེ་ཕག་མོ་ལྷ་བཅུ་གསུམ་མའི་དབང་སྩལ། ཚེས་ཉེར་གཉིས་ཉིན་རྡོ་རྗེ་ཕག་མོ་འབྱུང་བ་མའི་དབང་སྩལ། ཚེས་ཉེར་གསུམ་ཉིན་རྡོ་རྗེ་ཕག་གདོང་ཅན་མའི་དབང་སྩལ། ཚེས་ཉེར་བཞིའི་ཉིན་བདེ་མཆོག་བོང་ཞལ་ཅན་གྱི་དབང་སྩལ་ཅིང་ཡིག་ཆ་རྣམས་བཀའ་འགྱུར་བ་བློ་བཟང་ཚུལ་ཁྲིམས་ཀྱི་གསུང་ཡིན་ཞིང་མ་རྒྱུད་ལ་ཅང་ཏེའུ་འཁྲོལ་བ་ཕྱག་ལེན་ལ་ཡོད་གསུངས།  སྐབས་དེར་ཉི་མ་ཐུང་དྲགས་པ་སོགས་ཀྱིས་བདེ་མཆོག་མཁའ་འགྲོ་རྒྱ་མཚོ་ལོ་དེར་གནང་སྟབས་མ་འགྲིག་པ་ལས་གཞན་བདེ་མཆོག་རབ་འབྱམས་ཡོངས་རྫོགས་སྩལ། པཎ་ཆེན་རིན་པོ་ཆེས་རྗེ་འདི་ལ་ཨེར་ཏི་ནི་ནོ་མོན་ཧན་ཨོ་ཆོར་དྷ་ར་ཞེས་མཚན་ཐོབ་འབུལ་གནང་མཛད།  ལྕགས་ཡོས་༡༩༥༡ལོའི་ཟླ་གཉིས་པའི་ཚེས་བརྒྱད་ནས་པཎ་ཆེན་རིན་པོ་ཆེར་གསང་འདུས་བསྐྱེད་རྫོགས་ཀྱི་ཁྲིད་གནང་། ཚེས་ཉེར་གསུམ་ནས་འཇིགས་བྱེད་བསྐྱེད་རྫོགས་ཀྱི་ཁྲིད་གནང་། སྔ་ཕྱི་ཅི་རིགས་སུ་འཁོར་ཆེན་གྱི་གདམས་པ་ཕྱི་ནང་དྲག་པོ་སུམ་འདུལ་གྱི་མན་ངག་ཐུན་མོང་དང་ཐུན་མིན་སྟབས་གཅིག་དང་སོ་སོར་བྱེད་ཚུལ་སྔགས་ཆུ། སྐུ་གཟུགས། མཆོད་རྟེན་གསུམ་ལ་བརྟེན་ནས་དྲག་པོ་སུམ་འདུལ་གྱི་གནོད་པ་སེལ་ཐབས་གུང་ཐང་བསྐྱེད་རིམ་སྟེང་ནས་གནང་བའི་ལུང་ཁྲིད།  དུས་འཁོར་བསྡུས་རྒྱུད་བུ་སྟོན་མཆན་བཅས་དང་། འགྲེལ་ཆེན་དྲི་མེད་འོད་བུ་སྟོན་མཆན་བཅས་ཀྱི་བཤད་ལུང་དང་། བཀའ་གདམས་ཕ་ཆོས་བུ་ཆོས་སོགས་སྩལ་ནས་སླར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས། འདིའི་ཡར་སྔོན་ཙམ་དུ་པཎ་ཆེན་རིན་པོ་ཆེས་མཛད་པའི་རྗེ་འདིའི་གསོལ་འདེབས་རྒྱས་པ་མཚན་བྱང་ལ། བཀའ་དྲིན་གསོལ་འདེབས་དྲང་སྲོང་བདེན་ཚིག་ཅེས་བྱ་བ་མཛད་ཡོད་པ་ནི་འདི་ལྟར། 

ཨོཾ་སྭ་སྟི། རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་དཔལ་འབར་བ།།

འཇིགས་མེད་ལུང་རྟོགས་ཆུ་འཛིན་རབ་འཁྲིགས་ཏེ།།

བློ་གྲོས་རྒྱ་མཚོའི་སྟོབས་ལས་འཛད་མེད་ཀྱི།།

ཆོས་ཆར་འབེབས་མཁས་དྲིན་ཅན་བླ་མར་འདུད།།

གཏིང་མཐའ་བྲལ་བའི་འཁོར་བའི་རྒྱ་མཚོ་ཆེར།།

རིང་ནས་འཁྱམས་པའི་ཉམ་ཐག་འགྲོ་བའི་ཚོགས།།

བདག་ཅག་ཐུགས་རྗེ་ལྕགས་ཀྱུས་ཉེར་ཕྱུང་བའི།།

ཐུགས་རྗེའི་མཐུ་སྟོབས་ལྡན་ལ་གསོལ་བ་འདེབས།།

ལྔ་བརྒྱ་ཐ་མར་སངས་རྒྱས་གྲངས་མེད་ཀྱི།།

སྐུ་ཡི་སྣང་བ་མི་མངོན་གྱུར་བའི་སྐབས།།

ཆུ་བུར་མིག་ལ་གསལ་བའི་ངུར་སྨྲིག་གཟུགས།།

སྟོན་མཛད་འཇིགས་མེད་རྒྱ་མཚོར་གསོལ་བ་འདེབས།།

ཐུབ་པའི་ལུགས་བཟང་ལུང་རྟོགས་བསྟན་པའི་བཅུད།།

འཇམ་དཔལ་སྙིང་བོས་ལེགས་ཕྱེའི་མདོ་སྔགས་བསྟན།།

ཟབ་དོན་གདུལ་བྱར་གདོམས་ལ་ཟླ་བྲལ་བ།།

བཀའ་དྲིན་གསུམ་ལྡན་བླ་མར་གསོལ་བ་འདེབས།།

ཟླ་མེད་གང་གི་གཞལ་དཀའི་བཀའ་དྲིན་ལས།།

དལ་འབྱོར་རྙེད་དཀའི་རྟེན་བཟང་འདི་ཉིད་ལ།།

སངས་རྒྱས་ལག་ཏུ་གཏོད་པའི་གདམས་དོན་སྩལ།།

སེམས་ཀྱིས་དྲན་པས་རྩེ་གཅིག་གསོལ་བ་འདེབས།།

དང་བོ་བཤེས་གཉེན་བསྟེན་ཚུལ་ནས་བཟུང་སྟེ།།

མི་སློབ་ཟུང་འཇུག་མངོན་དུ་བྱེད་པའི་བར།།

ལམ་གྱི་ཡོན་ཏན་མཐའ་དག་གསལ་མཛད་པའི།།

བཀའ་དྲིན་དྲན་པས་རྩེ་གཅིག་གསོལ་བ་འདེབས།།

བདེ་འདོད་སྡུག་བསྔལ་ལེན་ལ་ཆེར་གཞོལ་བའི།།

བདག་ཅག་སྙིགས་ལྔའི་དུག་གིས་རབ་མྱོས་པར།།

ལེགས་ཉེས་བླང་དོར་གསལ་བར་རབ་སྟོན་པའི།།

བཀའ་དྲིན་དྲན་པའི་ཡིད་ཀྱིས་གསོལ་བ་འདེབས།།

ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱ་མཁན་བདག།

ཁྱོད་ཀྱི་གདམ་དོན་དྲན་པས་རང་སྤྱོད་ལ།།

འགྱོད་ཅིང་ཆོས་ལས་གསུངས་པར་འབད་པའི་སེམས།།

བྱུང་བའི་བཀའ་དྲིན་དྲན་པས་གསོལ་བ་འདེབས།།

མི་ཟད་འཁོར་བའི་སྡུག་བསྔལ་མཐའ་དག་ལས།།

སྐྱོབ་ཅིང་ཐམས་ཅད་མཁྱེན་པའི་གོ་འཕང་ལ།།

མྱུར་དུ་འདོད་ཅེས་སྙིང་ཁུངས་རུས་པ་ནས།།

གསོལ་བ་འདེབས་སོ་ཐུགས་རྗེ་བྱིན་གྱིས་རློབས།།

བདག་ཅག་དད་ལྡན་གདུལ་བྱའི་ཚོགས་རྣམས་ཀྱི།།

ཁྱོད་མིན་སྐྱབས་གཞན་གཏན་ནས་མ་མཆིས་པས།།

འདི་དང་ཕྱི་མ་བར་དོའི་སྐབས་ཀུན་ཏུ།།

ལེགས་པར་ཐུགས་ཀྱི་ཡུལ་ནས་མ་དོར་ཅིག།

འདི་ལྟར་བཀའ་དྲིན་དྲན་པའི་གདུང་དབྱངས་དང་།།

བཅས་ཏེ་ཤུགས་དྲག་གསོལ་བ་འདེབས་ལགས་ན།།

སྨོན་གནས་རྣམ་པར་དག་པ་རྣམས་འགྲུབ་ཅིང་།།

སྟོབས་བཅུའི་རྩལ་རྫོགས་བཀྲ་ཤིས་འབར་གྱུར་ཅིག། ཅེས་མདོ་སྔགས་གཞུང་ལུགས་རྒྱ་མཚོར་མཁས་པའི་ཕུལ་དུ་ཕྱིན་ཅིང་འཁོར་ལོའི་མགོན་པོ་ཡོངས་འཛིན་རྗེ་ཞལ་སྔ་ནས་བཀའ་དྲིན་གྱི་མངའ་བདག་རྡོ་རྗེ་འཆང་ཆེན་པོ་འཇིགས་མེད་རྒྱ་མཚོ་དཔལ་བཟང་བོའི་བཀའ་དྲིན་ཡིད་ལ་དྲན་ཅིང་། གསོལ་བ་འདེབས་པའི་སྨོན་ཚིག་ཅིག་དགོས་ཞེས་ངོས་ལ་བཀའ་དྲིན་གྱིས་བསྐྱངས་པ་ཡོངས་འཛིན་ཞལ་སྔ་ནས་རྒྱ་ཡག་སྤྲུལ་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་དང་། ཡོངས་འཛིན་དམ་པའི་གཅུང་བོ་བཀྲས་འཁྱིལ་རྡོ་རམས་པ་འཕྲིན་ལས་རྒྱ་མཚོ་བཅས་ནས་བསྐུལ་ངོར་རང་གིས་ཀྱང་གང་གི་བཀའ་དྲིན་གྱིས་བསྐྱངས་པ་རྣམས་ཡིད་ལ་དྲན་ཅིང་དགའ་གུས་དང་བཅས་པས་ཉེ་བར་བསྐུལ་ཏེ། ཤཱཀྱའི་རིང་ལུགས་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དུ་འབོད་པས་བྲིས་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག། ཅེས་སོ།། སྤྱིར་པཎ་ཆེན་སྐུ་ཕྲེང་བཅུ་བ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཕྱོགས་སུ་ཐེངས་བཞི་ཕེབས་པ་ཡིན་ཏེ། ལྕགས་ཡོས་༡༩༥༡དང་། ཤིང་ལུག༡༩༥༥། ལྕགས་སྤྲེལ༡༩༨༠། ཆུ་ཁྱི་༡༩༨༢བཅས་སུ་ཕེབས་པ་ལས། ཐེངས་དང་བོ་ལྕགས་ཡོས་༡༩༥༡ལོའི་ཟླ་དགུ་བའི་ནང་པཎ་ཆེན་རིན་པོ་ཆེ་མཆོག་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་སྐབས་ཀྱང་པཎ་ཆེན་རིན་པོ་ཆེ་དང་མཇལ་འཕྲད་གནང་།  གུང་ཐང་རིན་པོ་ཆེས་སྔར་པཎ་ཆེན་རིན་པོ་ཆེར་ཀུན་མཁྱེན་སྐུ་ཕྲེང་ལྔ་གའི་གདུང་མདུན་ནས་ཀུན་མཁྱེན་མཆོག་སྤྲུལ་ངོས་འཛིན་ལ་ཟན་བསྒྱུར་དགོས་པར་གསོལ་བ་བཏབ་ཡོད་པ་ལྟར། ཚེས་ཉེར་གཅིག་ཉིན་འོས་ཐོ་བྱིས་པ་མང་བོ་ལས་བྱིས་པ་གསུམ་དུ་ཕབ། པཎ་ཆེན་རིན་པོ་ཆེས་བྱིས་པའི་ཟོལ་གྱིས་ཡོངས་འཛིན་འདི་ཉིད་ལ་ཀུན་མཁྱེན་སྤྲུལ་སྐུ་འདི་རེད་ཅེས་ད་ལྟའི་ཀུན་མཁྱེན་མཆོག་སྤྲུལ་འདི་བའི་མཚན་ནས་བརྗོད་པར་བརྟེན། རྗེ་འདིས་གུང་ཐང་རིན་པོ་ཆེར་ཁྱེད་ནས་པཎ་ཆེན་རིན་པོ་ཆེར་ཟན་བསྒྱུར་རྒྱུ་གསོལ་བ་བཏབ་ཡོད་པས། ད་ལྟ་ནས་པཎ་ཆེན་རིན་པོ་ཆེས་བྱིས་པའི་མིང་ནས་བཟུང་སྟེ་འདི་རེད་གསུང་གིན་འདུག། སང་ཉིན་ཟན་བསྒྱུར་ནས་བྱིས་པ་འདི་ལ་མ་བབ་ན་ཁྱེད་ཀྱིས་ཅི་བྱེད་རྒྱུ་ཡིན་ཞེས་ཚོད་བགམ་པར་མཛད། ཆུ་འབྲུག་༡༩༥༢ལོར་ལ་མོ་གསེར་ཁྲི་སྐུ་ཕྲེང་བརྒྱད་པ་བློ་བཟང་བསྟན་པའི་རྒྱལ་མཚན་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ་ཅིང་། དད་རྫས་རྣམས་ཆུད་མི་ཟ་བའི་ཕྱིར་དུ་སེང་གཤོང་ལྷ་བཟོ་ཤིག་རྒྱ་སྐལ་བཟང་དང་ལྷ་ཕྲུག་བསྟན་པའི་རྒྱལ་མཚན་སོགས་བོས་ཏེ་ལྷག་ལྷ་ཡི་དམ་ཆོས་སྐྱོང་སོགས་ཀྱི་ཞལ་ཐང་མང་དུ་བཞེངས། གདན་སར་ལྷོད་བཞུགས་སྐབས་འཛིན་གྲྭ་སོ་སོའི་རྩོད་མཚམས་ལྟར་སློབ་བུ་དག་ལ་དཔེ་ཁྲིད་རྒྱ་ཆེར་སྩལ་བ་ནི། དཔེར་ན། མདོ་སྨད་གཅན་ཚའི་ཀོའུ་བ་དགོན་པའི་ལོ་རྒྱུས་ཉི་མའི་སྣང་བ་ལས་དགེ་བཤེས་བསྟན་རྒྱས་ཆེ་བའི་མཛད་རྣམ་ཐད་དུ། བསང་ཁོག་དགེ་བཤེས་འཇིགས་མེད་རྒྱ་མཚོ་ཚང་གི་མདུན་ནས་འཛིན་གྲྭའི་སློབ་གཉེར་བ་རྣམས་དང་ལྷན་དུ་ཡིག་ཆའི་གཞུང་ཕལ་མོ་ཆེ་ལ་དཔེ་ཁྲིད་གསན། ཞེས་འབྱུང་བ་ལྟ་བུས་མཚོན་ནོ།། རྡོ་སྦིས་དགེ་བཤེས་རིན་པོ་ཆེ་ཤེས་རབ་རྒྱ་མཚོ་མཆོག་དང་འབྲེལ་ལམ་ཟབ་པས་ཕན་ཚུན་ལ་འཕྲིན་ཡིག་བསྐུར་གནང་མཛད་པའི་ཟུར་ཙམ་གོང་དུ་གསལ་ལ། ད་དུང་། རྗེ་བཙུན་ཤེས་རབ་རྒྱ་མཚོའི་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་འབུམ་པོད་གསུམ་པའི་ཤོག་གྲངས་༤༩༤ལས། བསྟན་པའི་སྣང་བྱེད་ཡོངས་འཛིན་རིན་པོ་ཆེ་ཨ་བྷྱར་ཞུ་རྒྱུ། སྐུ་མཛད་ཕུན་སུམ་ཚོགས་པའི་ངང་ནས་འདི་གར་འཚམས་འདྲི་གནང་འབྱོར་བཀའ་དྲིན་ཆེ། གཅུང་བོའི་ངག་ལམ་དུ་ཤར་བའི་གཏམ་གྱིས་སྤྲོ་བ་ལྷག་པར་འཕྱུར། ད་དུང་བཤད་སྒྲུབ་དེ་མུས་ལུང་རྟོགས་ཀྱི་དཔུང་གཉེན་དུ་ཆེ་བར་མཛོད། ཅེས་སོགས་ཀྱི་དབུ་ཅན་དང་།  གསུང་རྩོམ་པོད་གཉིས་པའི་ཤོག་གྲངས་༢༨༢ལས།

ཁྱད་པར་རྩེ་མོས་ཡོངས་སུ་འཛིན་པ་རུ།།

གྲགས་པ་དོན་ལྡན་སྙན་པའི་བ་དན་ཅན།།

འཇིགས་མེད་དེ་ལ་ཤེས་རབ་རྒྱ་མཚོ་ཡིས།།

འདུ་འཛི་ཟ་ཟིའི་ཀློང་ནས་འདི་སྐད་ལོ།། ཞེས་དང་།

རྣམ་སྣང་ལུས་ཀྱི་དབང་གཞུ་ཅུང་གུག་པར།།

མཚོན་བྱེད་རས་གཞིའི་རེ་ཁ་མི་སྡུག་པས།།

རྗེས་སྐྱེས་ཀརྨས་འཚོ་བའི་ཕྲེང་བ་ལ།།

རྡོ་རྗེའི་སྐུད་པ་སྒྲིན་པོ་བརྒྱུས་ན་ལེགས།། ཞེས་རྗེ་འདིའི་གཅུང་འཕྲིན་ལས་རྒྱ་མཚོས་རྗེ་འདིའི་འཕྲོད་རྟེན་ལ་ཧུར་ཐག་བསྐྱེད་དགོས་པར་གདམས་ཡོད།

ཆུ་སྦྲུལ་༡༩༥༣ལོར་ལ་མོ་བདེ་ཆེན་སོགས་སུ་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ཅིང་། ལ་མོའི་ཞབས་དྲུང་དཀར་བོས་མདའ་བཞིར་དུས་དབང་གནང་ཆོག་མིན་དགོངས་བསྟུན་ཞུས་པར། རྗེ་འདིས་ཁྱེད་ཀྱི་སྤངས་རྟོགས་ཀྱི་ཚད་ག་ལ་ཐུག་ཀྱང་། ཕྱི་ཐུན་མོང་སྣང་ཚུལ་ལྟར་ན་དུས་དབང་གི་ཕྱག་ལེན་མགོ་མཇུག་ཆ་ཚང་ལ་ནང་བྱན་ཆུད་པ་འདི་འདྲ་བླ་བྲང་གི་བླ་མ་ཚོའི་ནང་ནའང་ཆེས་དཀོན་ཚོད་རེད། དབང་གནང་ན་བཀའ་དྲིན་ཆེ་བསམ་ཞེས་སྩལ། 

ཤིང་རྟ་༡༩༥༤ལོར་ཟངས་དཀར་ཁང་དམར་དགོན་གྱི་གདན་འདྲེན་པ་དགེ་སློང་ཡོན་ཏན་རྒྱ་མཚོ་དང་བྱིངས་འདྲེན་བློ་བཟང་དགེ་འདུན་སོགས་གྲྭ་རྒན་གཞོན་དུ་མའི་བསུ་མ་བཅས་གདན་ས་བཀྲ་ཤིས་འཁྱིལ་ནས་ཁང་དམར་དགོན་དུ་བྱོན། དགོན་གྲོང་ཡོངས་ཀྱིས་ཆིབས་བསུ་གཏོས་ཆེ་བས་བསུས་ཏེ་ནག་ཟླའི་ཚེས་ལ་ཁང་དམར་གཙོས། དམུ་དགེ། ད་ཚང་། སྟག་རྩེ། ཨ་མཆོག་མཚན་ཉིད་དགོན། ཟངས་དཀར་ཁ་གསུམ། འབྲོག་ཕྱོགས་ཚོ་བ་ལྔ། རྒྱལ་རོང་ཚ་བ་ཁག་བཞི་སོགས་ནས་སླེབས་པའི་དད་ལྡན་སྐྱ་སེར་མང་བོར་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་དབང་ཆེན་སྟ་གོན་དང་བཅས་པ་གནང་ཞིང་། མཇུག་ཏུ་ཤམྦྷ་ལའི་སྨོན་ལམ་གྱི་ལུང་གནང་སྐབས། རྗེ་བཙུན་བླ་མ་མཆོག་ཁྱེད་མ་འོངས་དུས།།

ཀ་ལཱ་བ་ཡི་དྲུང་དུ་འཁོར་ལོ་ཆེ།།

དྲག་པོར་གྱུར་ནས་ཀླ་ཀློའི་རྒྱུན་བཅད་ཚེ།།

བདག་ཀྱང་འཁོར་གྱི་ཐོག་མར་རྗེས་འཛིན་མཛོད།། ཅེས་པ་འདི་གསུང་དགོས་ཞེས་ཞལ་ཆེམས་གནང་བ་དང་དགོན་མིང་ལ་སྔར་བཤད་སྒྲུབ་དར་རྒྱས་གླིང་ཞེས་པ་ཨེ་ཝཾ་བདེ་ལྡན་གླིང་དུ་བསྒྱུར་གནང་མཛད། སྔོན་རྭ་རྒྱའི་ཤིང་བཟའ་བློ་བཟང་བསྟན་པའི་༡༨༢༥‑༡༨༩༧དབང་ཕྱུག་གིས་རག་ཁྲོམ་མདོ་ནས་དུས་འཁོར་དབང་ཆེན་གནང་གྲབས་བྱེད་སྐབས་འདི་ཁོང་གི་གདུལ་ཞིང་མིན། མ་འོངས་པ་ན་རིགས་ལྡན་པདྨ་དཀར་བོའི་སྐྱེ་འཕྲུལ་ཞིག་གིས་དབང་བསྐུར་འོང་གསུངས་པ་ཡང་རྗེ་འདི་ལ་ལྷུན་གྱིས་འགྲིགས་པས། དེ་གའི་ཡུལ་མི་རྣམས་ཀྱིས་རིགས་ལྡན་པདྨ་དཀར་བོའི་རྣམ་འཕྲུལ་དུ་གླེང་ཞིང་གཏམ་དེ་ཡུལ་ཀུན་ལ་ཁྱབ་སྟབས། དངུལ་རྭའི་དགེ་བཤེས་སྲེ་བོ་བསྟན་འཛིན་རྒྱ་མཚོས། ད་སྐབས་ཀླ་ཀློའི་དཔུང་གང་ས་ནས་མཆེད་ཀིན་འདུག་སྟེ། རིགས་ལྡན་ཚང་མགོ་དཀར་ཆག་གེར་ལྷོད་ལྷོད་བྱས་ནས་བཞུགས་འདུག་ཨང་ཞེས་ཞལ་རྩེད་ཞུས་སྐད། ཁང་དམར་དགོན་དུ་དབང་གི་རིམ་པ། དགེ་སློང་མ་དཔལ་མོའི་ལུགས་ཀྱི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། འཇིགས་བྱེད་བཅུ་གསུམ་མ། གྲུབ་ཆེན་ལུགས་ཀྱི་བདེ་མཆོག་ལྷ་རེ་གཉིས་པ། གསང་འདུས། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་། འཇིགས་བྱེད་དཔའ་གཅིག། རྟ་མགྲིན་གསང་སྒྲུབ། ཕྱག་རྡོར་འཁོར་ཆེན། ཀུན་རིག། མི་འཁྲུགས་པ་བཅས་ཀྱི་དབང་སྩལ་བ་དང་། རྗེས་གནང་གི་རིམ་པ་ཡང་། འཇམ་དབྱངས་དམར་སེར། ཀླུ་དབང་རྒྱལ་བོ། སྒྲོལ་དཀར། སེང་ལྡིང་ནགས་སྒྲོལ་གཙོ་འཁོར་གསུམ་མ། ཁྱུང་ཁྲ། ན་ག་རཀྴ། སེང་གེའི་སྒྲ། མགོན་པོ་ཕྱག་དྲུག་པ། ཆོས་རྒྱལ་ཕྱི་སྒྲུབ། ལྷ་མོ་མ་བུ་ལག་གཏད། སེང་གདོང་གཙོ་འཁོར་གསུམ་མ། རྣམ་སྲས་སེར་ཆེན་ལྷ་དགུ། དམ་ཅན་སྲོག་གཏད་བཅས་སྩལ་བ་དང་། ལུང་གི་རིམ་པ་ཡང་།  སྐྱབས་འགྲོ། ལྟུང་བཤགས། གཙོ་བོ་རྒྱལ་བ་མ། སྤྱི་བཤགས། ལུས་ཀྱི་ལས་ནི་སོགས་ཚིགས་བཅད་གསུམ། དགའ་ལྷ། ཡོན་ཏན་གཞིར་གྱུར་མ། བླ་མཆོད་དང་སྨོན་ལམ་སྡེ་ལྔ། བྱམས་པའི་སྐུ་གཟུགས་མ། སྨན་བླ། བར་དོའི་སྨོན་ལམ་དང་ལམ་རིམ་སྨོན་ལམ། ཤམ་སྨོན་དཔལ་ལྡན་དང་བོ་མ། རྣམ་གནོན་སྟོབས་པོ་ཆེ་དང་། སྐབས་གསུམ་པ། ལམ་རིམ་བསྡུས་དོན། རྟེན་བསྟོད། ཇོའི་བསྟོད། བླ་མ་མཆོག་གསུམ་མ། སྤྲུལ་བའི་ཆོས་རྒྱལ་མ། བསྐལ་བཟང་རྒྱལ་སྲས་མ། ཤེར་སྙིང་དང་གདུགས་དཀར། སྒྲོལ་མ་བསྟོད་པ་དང་བཅས་པ། སྒྲོལ་དཀར། དགེ་ཚུལ་ཕྱིར་བཅོས། སྔགས་བྱང་སེམས་དང་འདུལ་བ་རྒྱ་མཚོ། དུས་དྲན། རྟོགས་བརྗོད་འདུན་ལེགས་མ། རྗེའི་གསང་རྣམ། བདེ་གསང་འཇིགས་གསུམ་གྱི་སྨོན་ལམ། གསང་བདེ་འཇིགས་གསུམ་དང་དཔའ་གཅིག་གི་ཆོ་གའི་ལུང་། འཇམ་དཔལ་མཚན་བརྗོད། དེ་ལྟར་མཁའ་དབྱིངས་མ། ལམ་གཙོ། བསྟན་འབར་མ། དུས་འཁོར་ཆ་ལག་ཡོངས་རྫོགས། མི་འཁྲུགས་པ་དང་། སྤྱན་རས་གཟིགས་ཀྱི་ཆོ་གའི་ལུང་། དྲི་མེད་དུང་མདོག་མ། རྣམ་དག་ཟླ་ཤེལ་མ། རྣམ་འཇོམས། ཡོན་སྦྱོང་། ཆུ་གཏོར་བརྒྱ་རྩ། གནས་བཅུ། ལམ་སྒྲོན་བཅས་ཀྱི་ལུང་སྩལ་བ་དང་། ཁྲིད་ཀྱི་རིམ་པ་ཡང་། སྐྱབས་ཁྲིད། བླ་མ་ལྔ་བཅུ་བ། ལམ་རིམ་བདེ་ལམ་སོགས་གནང་། གསུང་ཆོས་མཇུག་ཏུ་རྗེ་ཁྱོམ་ཚ་བསྟན་པ་ཡར་འཕེལ་མཆོག་གིས་མཎ་ཌལ་གྱི་བཤད་པ་དང་བརྟན་བཞུགས་ཟང་ཟིང་གི་མཆོད་པ་མང་བོ་བཅས་འབུལ་ལམ་ཞུས་ནས་སྐྱབས་འཇུག་ཞུས་ཤིང་རྗེ་ཉིད་ནས་དད་ལྡན་ཚོའི་རེ་འདོད་ལྟར་ཕྱག་མདུད་ཕྱག་དབང་སོགས་གནང་བར་མ་ཟད། དགོན་གཞུང་ལ་རྟེན་སྐལ་དུ་བླ་མཆོད་ཚོགས་ཞིང་དང་། དུས་འཁོར་གྱི་ཐང་ག། པཎ་ཆེན་དགུ་བས་ཡུན་རིང་མནབས་པའི་ཞབས་ཕྱགས་སོགས་སྩལ་ནས་སླར་བཀྲ་ཤིས་འཁྱིལ་དུ་བྱོན།  ཤིང་ལུག་༡༩༥༥ལོའི་སྤྱི་ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན་གོང་ས༧་རྒྱལ་དབང་རིན་པོ་ཆེ་བླ་བྲང་དུ་ཕེབས་སྐབས་༧གོང་ས་མཆོག་གི་མདུན་ནས་སེར་སྐྱ་བྱིངས་དང་ལྷན་དུ་ཐུགས་རྗེ་ཆེན་པོའི་བཀའ་དབང་དང་། ཉིད་ཀྱིས་མཛད་པའི་ཐུགས་རྗེ་ཆེན་པོའི་བླ་མའི་རྣལ་འབྱོར་གྱི་ལུང་། མ་ཎི། དམིགས་བརྩེ་མ། སྒྲོལ་མ་བཅས་ཀྱི་ལུང་བཅས་གསན།  སྔར་རྗེ་འདི་ཉིད་༧གོང་ས་རྒྱལ་དབང་མཆོག་ལ་ཞལ་འདྲིས་མེད་སྟབས། སྐུ་འབུམ་ནས་གོང་ས་མཆོག་གི་ཞབས་ཕྱིར་སྐྱེལ་མའི་ཚུལ་དུ་ཕེབས་པ་ལ་མོའི་ཞབས་དྲུང་དཀར་བོས་རྣམ་གཉིས་ཐུགས་ཡིད་གཅིག་འདྲེས་ཀྱི་མཚམས་སྦྱོར་གྲོགས་དན་ཞུས། རྗེ་འདིས་༧གོང་ས་མཆོག་རང་གི་གཟིམས་ཆུང་དུ་གདན་དྲངས་ཏེ་གསོལ་སྟོན་དྲངས་རྗེས་མཇལ་ཁ་ཞུ་སྐབས་༧གོང་ས་མཆོག་ལ་ཁྱེད་ཀྱིས་འཛམ་བུ་གླིང་དུ་ཆོས་ཀྱི་འཁོར་ལོ་བསྐོར་དགོས་པ་སོགས་ཐུགས་ལ་བརྣག་པའི་སྐྱབས་འཇུག་རེ་སྨོན་སྙན་དུ་གསོལ་བས། ༧གོང་ས་མཆོག་གིས་ཚུར་ལ་ཁྱེད་ཀྱིས་གདན་ས་གསུམ་ལ་ཆོས་འཁོར་བསྐོར་དགོས་ཞེས་བཀའ་སྩལ་བར་སྣང་། མཛད་རྣམ་རོལ་མཚོ་གླེགས་བམ་བཞི་བ་ལས། མཁན་ཁྲི་གུང་ཐང་རིན་པོ་ཆེས་མཎ་བཤད་རྒྱས་བཤད་སྐབས་༧གོང་ས་མཆོག་དབུ་པཎ་གསོལ་ཏེ་ཚོམ་འབྲུ་འཐོར་བཞེས་དང་། དེ་རྗེས་ཨ་ལགས་བླ་ཁོ་རིན་པོ་ཆེས་མཇལ་བཅར་སྐུ་ཕྱག་དང་འབྲེལ་གསོལ་འདེབས་ཕུར་ཚུགས་ཀྱིས་༧གོང་ས་མཆོག་སྐུ་ཚེ་ཞབས་པད་དགུང་གྲངས་བརྒྱད་ཅུ་བརྒལ་བ་འཚོ་གཞེས་ཀྱི་བཀའ་བཟང་གཙང་ཐོབ་ཡོང་བ་ཨུ་ནན་བཅོས་མིན་གསོལ་འདེབས་ཞུས་པར་དེ་དོན་བཀའ་བཞེས་ཀྱང་སྩལ། ཞེས་འབྱུང་བའི་ཨ་ལགས་བླ་ཁོ་རིན་པོ་ཆེ་ཡིག་ནོར་ཏེ་ཡོངས་འཛིན་དཀོན་མཆོག་བསམ་འགྲུབ་ཚང་ཡིན་པ་གུང་ཐང་རིན་པོ་ཆེའི་རྣམ་ཐར་དུ་གསལ།  གོང་ས་མཆོག་གིས་བཀྲ་ཤིས་འཁྱིལ་དུ་གནང་བའི་དབང་དེ་ནི། ལ་མོའི་ཡོངས་འཛིན་དང་གུང་ཐང་རིན་པོ་ཆེའི་རྣམ་ཐར་དུ་དཔལ་མོའི་ལུགས་ཀྱི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་ཡིན་པར་གསུངས་ལ། གུང་ཐང་ཡོངས་འཛིན་རིན་པོ་ཆེའི་རྣམ་ཐར་དུ་ཐུགས་རྗེ་ཆེན་པོ་ཕྱག་བཞི་བའི་དབང་ཡིན་པར་བཤད། ལ་མོའི་ཞབས་དྲུང་དཀར་བོའི་རྣམ་ཐར་དུ་ཐུགས་རྗེ་ཆེན་པོ་ལྷ་ལྔའི་དབང་ཡིན་པར་བཤད།  རྒྱལ་བའི་མཛད་རྣམ་སྙིང་རྗེའི་རོལ་མཚོར། ཐུགས་རྗེ་ཆེན་པོའི་བཀའ་དབང་ཞེས་པ་ལས་གསལ་ཁ་མི་འདུག།  བྲག་དགོན་པའི་རྣམ་ཐར་དང་། གཙང་དགོན་དོན་གྲུབ་རབ་བརྟན་གླིང་གི་གདན་རབས་སུ་འཁོད་པའི་གཙང་སྤྲུལ་བཞི་བ་བློ་བཟང་ལུང་རྟོགས་རྒྱ་མཚོའི་རྣམ་ཐར་དུ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་ཡིན་པར་བཤད་པས་དཔྱད་གཞི་ཅུང་ཟད་སྣང་། རྒྱལ་བའི་ཡོངས་འཛིན་གླིང་རིན་པོ་ཆེས་རྗེ་འདི་ཉིད་ལ་འགྲེལ་ཆེན་དྲི་མེད་འོད་ཀྱི་བཤད་ལུང་གནང་སྲོལ་སོགས་སྔགས་ཕྱོགས་ཀྱི་བཀའ་འདྲི་མང་དུ་གནང་བར་བཀའ་ལན་ཕུལ། ཡོངས་འཛིན་གླིང་ཚང་གིས་རྗེ་འདིའི་མདུན་ནས་འཇིགས་བྱེད་རྟོག་བདུན་ཞུས་ཏེ་ཆོས་འབྲེལ་གསན་པར་ངག་རྒྱུན་ཡི་གེར་བཀོད་པ་ལ་ལར་འབྱུང་ཡང་མི་བདེན་པར་སྣང་སྟེ། ༧གོང་ས་མཆོག་གིས་མཛད་པའི་གླིང་རིན་པོ་ཆེའི་རྣམ་ཐར་དུ་གླིང་རིན་པོ་ཆེའི་སྐུ་ཚེ་དེར་དངོས་སུ་ཆོས་འབྲེལ་གསན་པ་ཀློག་གི་སློབ་དཔོན་རྒྱུད་སྟོད་ངག་དབང་ལྷུན་གྲུབ་ནས་ཡེར་སློབ་འཕྲིན་ལས་དབང་གྲགས་ཀྱི་བར་ཉེར་དགུ་ཙམ་བཞུགས་པ་ལ་རྗེ་ཉིད་ཀྱིས་ཉིན་རེ་བཞིན་གསོལ་འདེབས་ཞུ་བཞིན་ཡོད་པར་གསལ་ལ། དེར་རྗེ་འདིའི་མཚན་ཟུར་ཙམ་ཡང་མི་འབྱུང་བས་སོ།། རྣམ་པ་གཅིག་ཏུ་ན་རྗེ་འདིས་ཡོངས་འཛིན་གླིང་རིན་པོ་ཆེར་འཇིགས་བྱེད་རྟོག་བདུན་ཞུས་ཏེ་ཆོས་འབྲེལ་གསན་པ་ཡིན་ཤས་ཆེ་སྟེ། རྒྱལ་བའི་ཡོངས་འཛིན་གླིང་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་འཇིགས་བྱེད་ཀྱི་གྲུབ་ཐོབ་ཏུ་གྲགས་ཆེ་ཞིང་འཇིགས་བྱེད་རྟོག་བདུན་གྱི་མཆན་བསྙན་བརྒྱུད་རིན་ཆེན་ཕྲེང་བ་ཕྱོགས་གར་ཕེབས་ལ་འབྲལ་སྤངས་ལྟ་བུར་བསྣམས་བཞིན་ཡོད་པ་དང་། ས་འབྲུག་༡༩༢༨ལོར་རྒྱུད་སྟོད་མཁན་པོར་བཞུགས་སྐབས་ཀྱང་གྲྭ་ཚང་ལ་འཇིགས་བྱེད་རྟོག་བདུན་གྱི་བཤད་ལུང་གནང་བ་རྣམ་ཐར་དུ་གསལ་ལ། བཀྲ་ཤིས་འཁྱིལ་དུ་ཕེབས་སྐབས་ཀྱང་བྲག་དགོན་པའི་སྤྲུལ་སྐུ་སོགས་ལ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་སྩལ་བ་བྲག་དགོན་པའི་རྣམ་ཐར་དུ་གསལ་བ་བཞིན་ནོ།། ༧གོང་ས་མཆོག་ཕེབས་པའི་རྗེས་དེ་མ་ཐག་སྤྱི་ཟླ་བཞི་བའི་ཚེས་བཅུ་དྲུག་ཉིན་པཎ་ཆེན་རིན་པོ་ཆེ་བླ་བྲང་དུ་སླར་ཡང་ཕེབས་པར་མཇལ་འཕྲད་ཞུས་པར་མ་ཟད། པཎ་ཆེན་རིན་པོ་༡༩༣༨‑༡༩༨༨ཆེས་ཆོས་གྲྭའི་བཙུགས་ཤིང་ནང་དུ་འཇིགས་བྱེད་ཀྱི་དབང་བསྐུར་སྐབས་གཡས་ཕྱོགས་ཀྱི་ཁྲི་གཉིས་ལ་རིམ་བཞིན་རྗེ་འདི་ཉིད་དང་ཡོངས་འཛིན་རྒྱ་ཡག་ཚང་རྣམ་གཉིས་བཞུགས་སུ་གསོལ་བར་གུང་ཐང་རིན་པོ་ཆེའི་རྣམ་ཐར་དུ་གསལ།  པཎ་ཆེན་རིན་པོ་ཆེས་དབང་གནང་བ་གུང་ཐང་རིན་པོ་༡༩༢༦‑༢༠༠༠ཆེའི་རྣམ་ཐར་དུ་འཇིགས་བྱེད་ཀྱི་དབང་ཡིན་པར་བཤད་ལ། རས་བྲིས་སྟེང་དུས་འཁོར་ལྷན་སྐྱེས་ཀྱི་དབང་སྟ་གོན་དང་བཅས་པ་ཡིན་པར་བྲག་དགོན་རྣམ་ཐར་དང་། གཙང་དགོན་གདན་རབས། གུང་ཐང་ཡོངས་འཛིན་རིན་པོ་ཆེའི་རྣམ་ཐར་དུ་འབྱུང་བས་དབང་དེ་གཉིས་ཀ་གནང་བ་ཡིན་མིན་དཔྱད། པཎ་ཆེན་རིན་པོ་ཆེ་རྗེ་ཉིད་ཀྱི་གཟིམས་ཤག་ཏུ་སྤྱན་དྲངས་ཏེ་གསོལ་སྟོན་ཕུལ། ཉིན་ཞིག་པཎ་ཆེན་རིན་པོ་ཆེས་གུང་ཐང་རིན་པོ་ཆེར་སང་ཉིན་ངེད་ཀྱི་ཡོངས་འཛིན་རིན་པོ་ཆེས་དབང་ཞིག་གནང་རྒྱུ་རེད། ཁྱེད་ཀྱང་དེར་ཕེབས་ན་ངེད་རང་ཚོ་རྡོ་རྗེ་སྤུན་གྲོགས་བྱེད་གསུངས། འོན་ཀྱང་གུང་ཐང་ཚང་གི་སྐུ་ཕྲེང་ཚོའི་བླ་མ་ཉུང་བསྟེན་གྱི་སྲོལ་དང་བསྟུན་གུང་ཐང་ཡོངས་འཛིན་དམུ་དགེ་ཐུབ་བསྟན་ཚང་གིས་དགོངས་པ་མ་འཁྲོལ་བས། རེ་ཞིག་གུང་ཐང་རིན་པོ་ཆེས་རྗེ་འདི་ཉིད་ལ་ཆོས་འབྲེལ་གསན་མ་ཐུབ།  འདི་ལོར་ཡང་གཙང་སྤྲུལ་སྐུ་བློ་བཟང་ལུང་རྟོགས་རྒྱ་མཚོ་སོགས་ལ་དབང་ལུང་མང་དུ་སྩལ།

མེ་སྤྲེལ་༡༩༥༦ལོར་བཀྲ་ཤིས་འཁྱིལ་དུ་དོན་གཉེར་ཅན་མང་བོར་དགའ་ལྷའི་ཁྲིད་ཐུགས་ཐོག་ནས་གནང་ཞིང་། བདེ་ལམ་གྱི་ཁྲིད་ཉིན་བརྒྱད། སྐྱབས་ཁྲིད། པཎ་ཆེན་གསུང་གི་འཕོ་ཁྲིད་དཔའ་བོ་གཡུལ་འཇུག་གི་ཁྲིད། ཀུན་མཁྱེན་གོང་མའི་གཟུངས་འཇུག་འཁྲུལ་སྤོང་། ལམ་རིམ་མྱུར་ལམ་གྱི་བཤད་ལུང་། བླ་མ་ལྔ་བཅུ་བའི་བཤད་ལུང་། ལམ་རིམ་བསྡུས་དོན་གྱི་བཤད་ལུང་། རྒྱལ་དབང་བདུན་པའི་གསུང་སྟེང་ནས་འཇིགས་བྱེད་དཔའ་གཅིག་གི་དབང་སྟ་གོན་དང་བཅས་པ། བླ་བྲང་དཔར་མའི་དཀྱིལ་ཆོག་སྟེང་ནས་འཇིགས་བྱེད་ལྷ་བཅུ་གསུམ་མ་དང་གསང་འདུས་འཕགས་ལུགས་ལྷ་སོ་གཉིས་པའི་དབང་སྩལ་སྐབས། འདིའི་སྐོར་ཕྱག་སྔོན་དུ་ཨོཾ་ཨཱ་བིགྷྣན་ཞེས་སོགས་ཀྱི་སྔགས་རྗེས་ཟློས་རྒྱུད་པས་བྱེད་ཀིན་མེད། ཁོང་ཨ་ལགས་རིན་པོ་ཆེས་གསུང་དགོས་ཞེས་ཡང་ཡང་གསུངས་ཞེས་སྩལ། མཁས་གྲུབ་དཀྱིལ་ཆོག་སྟེང་བདེ་མཆོག་ལཱུ་ཨི་བ་ལྷ་རེ་གཉིས་པའི་དབང་སྩལ་སྐབས་ཆུ་དབང་སྐབས་ཤིས་བརྗོད་རྒྱས་པ་ངེས་པར་གསུང་དགོས་ཞེས་ཡང་ཡང་གསུངས། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱི་དབང་ཆོག་སྟེང་ནས་བདེ་མཆོག་དྲིལ་བུ་ཕྱི་དཀྱིལ་དང་ལྷ་ལྔའི་དབང་སྩལ། སྐྱིད་ཤོད་ཞབས་དྲུང་བའི་དཀྱིལ་ཆོག་སྟེང་གདུགས་དཀར་ལྷ་མང་གི་དབང་། གུང་ཐང་གསུང་གི་དཀྱིལ་ཆོག་སྟེང་ནས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་སྩལ་ཞིང་སྒྲུབ་ཐབས་རྒྱལ་བ་བསྐལ་བཟང་བའི་གསུང་ཡིན། དབལ་མང་དཀྱིལ་ཆོག་སྟེང་ནས་སྒྲོལ་མ་ཉེར་གཅིག་གི་དབང་། གུང་ཐང་གསུང་གི་རྡོ་རྗེ་སློབ་དཔོན་བར་དང་དེ་མན་དབལ་མང་དཀྱིལ་ཆོག་སྟེང་ནས་རྟ་མགྲིན་གསང་སྒྲུབ་ཀྱི་དབང་སྩལ་ཅིང་། གསུང་འཕྲོས་ལ་སྤྱིར་དབང་གི་སྐབས་བླ་མ་དབང་རྫས་བཀྲམ་དུ་ངེས་པར་ཕེབས་དགོས། སྔོན་ལྕང་སྐྱ་རོལ་པའི་རྡོ་རྗེས་ལྷ་སར་དབང་གནང་སྐབས་སྤྱན་མི་གསལ་བས་སློབ་མ་རྣམས་ཀྱིས་ཕེབས་མི་དགོས་ཞུས་པར། ཁོང་གིས་ང་བསྟན་པའི་འབྱུང་ཁུངས་འདི་ལྟ་བུར་ཡོང་ནས་ཕྱག་ལེན་ངན་པ་ཞིག་འཛུགས་དོན་མེད། ང་མི་ཞིག་གིས་ཁྲིད་དང་འགྲོ་གསུངས་པ་རེད། དེས་ན་ངེས་པར་དུ་རྒན་པ་མཐར་ཐུག་ཡིན་ན་ཡང་ངེས་པར་ཕེབས་དགོས། ཕེབས་མ་ཐུབ་ན་དབང་ཡང་མ་གནང་ན་ཆོག། བཙན་ཐབས་བྱས་ནས་དབང་གནོང་ཟེར་མཁན་མེད་ཅེས་ཨ་ལགས་རིན་པོ་ཆེས་འདི་འདྲ་གསུང་གིན་ཡོད་གསུངས། མི་འཁྲུགས་པ་ལྷ་དགུའི་དབང་། ཀུན་རིག་ལྷ་སོ་བདུན་གྱི་དབང་ཡང་སྩལ། ཡང་། སྐྱིད་ཤོད་པའི་གསུང་སྟེང་བདེ་མཆོག་དཀར་བོའི་རྗེས་གནང་། གུང་ཐང་བའི་རྗེས་ཆོག་སྟེང་ནས་རིག་བྱེད་མ་ཕྱི་སྒྲུབ་དཔའ་བོ་གཅིག་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང་། སྐྱིད་ཤོད་པའི་རྗེས་ཆོག་སྟེང་ནས་མགོན་ཆོས་གཉིས་ཀྱི་རྗེས་གནང་། ཕྱི་མའི་སྐབས་འདིའི་སྐུའི་རྗེས་གནང་ལ་སློབ་མ་ལྷར་བསྐྱེད་མེད། གསུང་གི་རྗེས་གནང་སྐབས་ཀཱ་ལ་རུ་བ་དང་ཙ་མུཎ་ཊི་གཉིས་བརྒྱ་ཚར་རེ་གསུངས་ཀྱང་། ཕྱག་ལེན་ལ་གསུམ་རེ་མིན་པ་གསུང་གིན་མེད་གསུངས། ཐུབ་པ་དམ་ཚིག་གསུམ་བཀོད་གཙོ་རྐྱང་གི་རྗེས་གནང་། འཇམ་དབྱངས་ནག་པོའི་རྗེས་གནང་། ཐུའུ་བཀྭན་རྗེས་ཆོག་སྟེང་བླ་མེད་རྡོར་སེམས་ཀྱི་རྗེས་གནང་། ཏ་ར་ན་ཐའི་རྗེས་ཆོག་སྟེང་སེང་གདོང་གཙོ་རྐྱང་གི་རྗེས་གནང་། རྒྱལ་བ་དགེ་འདུན་རྒྱ་མཚོའི་ཡི་དམ་སྒྲུབ་སྐོར་གྲས་ཀྱི་རྗེས་ཆོག་སྟེང་ལྷ་མོའི་རྗེས་གནང་། བྲག་དགོན་པ་དང་ཀུན་མཁྱེན་གང་རུང་གིས་མཛད་པར་གྲགས་པའི་རིག་གསུམ་སྤྱི་སྒྲུབ་ཀྱི་རྗེས་ཆོག་སྟེང་ནས་དེའི་རྗེས་གནང་། ངོར་བ་ཀུན་བཟང་གི་རྗེས་ཆོག་གི་སྟེང་ནས་འཇམ་དབྱངས་དམར་སེར་གྱི་རྗེས་གནང་། སེང་ལྡེང་ནགས་སྒྲོལ་མའི་རྗེས་གནང་། གསང་བདག་གཏུམ་པོ་ཁྱུང་ལྔའི་རྗེས་གནང་། སྐྱིད་ཤོད་པའི་རྗེས་ཆོག་སྟེང་མགོན་པོ་ཕྱག་དྲུག་པའི་རྗེས་གནང་གི་མགོར་གསོལ་འདེབས་མེད་པ་ཕྱག་ལེན་ལ་གནང་གིན་ཡོད་གསུངས། འདི་ལོའི་ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན་གཙང་ཕྱོགས་བཀྲས་ལྷུན་ནས་པཎ་ཆེན་རིན་པོ་ཆེས་རྗེ་འདི་ཉིད་ལ་སྤྲིངས་པའི་ཞུ་འཕྲིན་ནི།

བློ་བཟང་ཐུབ་དབང་བཞི་བའི་བསྟན་པའི་སྙིང་།།

ཟབ་རྒྱས་ཆོས་ཚུལ་གདུལ་བྱར་ལེགས་འདོམས་པར།།

འཇིགས་མེད་བློ་གྲོས་སྤོབས་པའི་དཔལ་ལྡན་པ།།

ཡོན་ཏན་རྒྱ་མཚོའི་བདག་ཉིད་ཅན་དེའི་དྲུང་།།

དམ་པའི་ལུང་གིས་པཎ་ཆེན་སྐྱེ་སྤྲུལ་དུ།།

བཏགས་པ་དགེ་སྦྱོང་ཆོས་བཞིའི་ཡོན་ཏན་སོགས།།

སྒྲུབ་ལ་གཡེལ་བའི་རྫུ་བག་ཅན་བདག་ནས།།

རབ་གུས་དང་བས་གསོལ་འདིར་ཡུད་ཙམ་དགོངས།།

དེང་ཡང་སྔོན་གོམས་ཚོགས་གཉིས་བཟང་བོ་ལས།།

བྱུང་བའི་སྐུ་མཆོག་མཚན་དཀྱིལ་གསལ་དྭངས་ཤིང་།།

སྙིགས་དུས་རྒྱལ་བས་ཡལ་བོར་འགྲོ་ཚོགས་རྣམས།།

གདུལ་བྱར་ཆོས་རྒྱུན་སྤེལ་ཕྱིར་བཞུགས་ལ་སྤྲོ།།

འདིར་ཡང་འདུ་ཁམས་སྙོམས་ཤིང་འདི་སྣང་གི།།

ཟར་ཟིར་བྱ་བྱེད་གསར་རྙིང་སྤྲོས་པའི་ཚོགས།།

ལོ་ལངས་རྒྱས་པའི་རྣམ་འགྱུར་ཆེར་ངོམ་པར།།

སྙིང་བོས་དབེན་པར་རྟོགས་བཞིན་སྤྱོད་པར་མཆིས།།

མཚམས་ཀྱི་ཞུ་བར་སྔ་ལོའི་ལྟ་ཚོགས་མདུན།།

རྗེས་བརྩེའི་གཟིགས་པ་བོར་མེད་རང་རྟགས་ཀྱི།།

མངོན་མཚན་ངོམ་པའི་ཕྱག་རྒྱ་དངོས་པོ་དང་།།

ཚེ་ཡི་ཉི་མ་རིང་དུ་གནས་པའི་རྫས།།

བཅུད་ལྡན་བུམ་པ་བཅས་རྣམས་སྩལ་བ་ལྟར།།

ལག་པའི་སུག་རྩེར་ཐོབ་པས་ཡིད་ཡུལ་དུ།།

ཁྱོད་སྐུའི་སྣང་བརྙན་དྲན་ཞིང་དངོས་མཇལ་གྱི།།

དགའ་བའི་དངོས་པོའི་ཏིང་འཛིན་མྱོང་བར་གྱུར།།

སྔོན་བྱོན་དམ་པའི་གསུང་ལྟར་ཐེག་མཆོག་གི།

ཡོན་ཏན་སྒྲུབ་བྱེད་ཐོས་བསམ་སྒོམ་གསུམ་ལ།།

འབད་འབུངས་རང་གིས་བགྱིས་ནས་གཞན་དག་ལ།།

བསྐུལ་བའི་བྱ་བར་ལྷག་བསམ་དཀར་བར་མཆིས།།

འོན་ཀྱང་དེང་དུས་སྐྱེ་རྒུ་བདེ་འདོད་ལས།།

སྤྱོད་པའི་བྲེལ་ཟིང་བྱ་འདུན་སྟོབས་ཆེན་གྱིས།།

རྒྱུ་ཚོགས་བདེ་མིན་སྒྲུབ་ལ་ཆེས་གཞོལ་བས།།

དཀར་བོའི་བྱ་བར་བསྐུལ་བའང་ཕན་དཀའ་མཆིས།།

དེ་ལྟར་གྱུར་ཀྱང་གཞན་དག་བདེ་བའི་གཞི།།

རྒྱལ་བསྟན་ཡིན་པར་ཤེས་ནས་དད་གདུང་གིས།།

འཕེལ་ཞིང་ཡུན་གནས་དགེ་བའི་བྱ་བ་ལ།།

སྐྱོ་ངལ་སྤངས་ཏེ་སྒྲུབ་པའི་ཚུལ་ལ་གནས།།

དེ་སླད་བྱ་བའི་དངོས་ཀུན་མངོན་རྗེན་དུ།།

འགྲུབ་སླད་གང་གི་གསང་གསུམ་མཚན་དཔེའི་དཔལ།།

འགྱུར་མེད་རྡོ་རྗེའི་གཤིས་ཀྱི་དགེ་མཚན་གྱི།།

ངོ་མཚར་དཔལ་ཡོན་སྲིད་འདིར་ངོམས་པར་མཛོད།།

བླང་དང་དོར་བྱའི་དངོས་པོ་སྣ་ཚོགས་པའི།།

གཤིས་ལུགས་རྣམ་འགྱུར་འདི་དང་འདི་འདྲ་ཞེས།།

གསལ་བར་བཀོད་པའི་དགེ་མཚན་རི་མོའི་གཟུགས།།

ཡང་ཡང་འདྲེན་བྱེད་ལམ་དུ་སྩོལ་བར་མཛོད།།

བདག་གི་སྒོ་གསུམ་ཡུན་གནས་དགེ་བའི་ཆ།།

མཆིས་སོ་ཅོག་ཀུན་འགྲུབ་ཅིང་མཁས་པའི་ལས།།

མདོ་སྔགས་གཞུང་བརྒྱར་བློ་གྲོས་རབ་རྒྱས་པའི།།

ནོར་གྱིས་ཕྱུག་པའི་སྐྱབས་འཇུག་མི་གཡེལ་མཛོད།།

དེ་སྐད་ཞུ་མཆིད་གཉིས་སྐྱེས་ངང་བ་མོ།།

དར་གྱི་གཤོག་སྒྲོ་མིང་བརྡས་བཏགས་པ་ཡི།།

རིན་གཉིས་ཕེ་འོ་ཆིག་སྟོང་གིས་བརྒྱན་པ།།

གཙང་ལྗོངས་བཀྲ་ཤིས་ལྷུན་པོའི་གནས་ནས་འཕུར།།

ཞེས་རབ་བྱུང་བཅུ་དྲུག་པའི་མེ་སྤྲེལ་༡༩༥༦ཟླ༧་ཚེས་༢༡དགེ་བར་ཕུལ་བའི་ཞུ་ཡིག། ཅེས་སོ།།   

མེ་བྱ་༡༩༥༧ལོའི་ཟླ་གཉིས་པའི་བཅུ་གཅིག་ཉིན་ནས་བ་རི་བརྒྱ་རྩ་ཀུན་མཁྱེན་རྗེས་ཆོག་སྟེང་ནས་གནང་ཞིང་། ལྟུང་བཤགས་ཀྱི་ལུང་གནང་སྐབས་སུ་དཔལ་དགྱེས་ལ་ཞེས་སོགས་ཡོད་ཀྱང་། དཔའ་དགྱེས་ལ་ཡིན་ཞེས་ཁོང་ཨ་ལགས་རིན་པོ་ཆེས་གསུངས་གསུངས། བླ་མཆོད་ཀྱི་ལུང་གནང་སྐབས། བདེ་ཆེན་ངང་ལས་ཞེས་ཁོང་རིན་པོ་ཆེས་མ་གནང་བ་དང་། དཔར་མ་གཞན་དུ་དབུར་ཡིག་ཆུང་སོགས་མེད་པ་དང་། ཚིག་སྣ་ཚོགས་བཅུག་པ་ཡོད་ཚུལ་འདུག་པས། ལྷད་མེད་པ་ཅིག་གི་སྟེང་ནས་འདོན་པ་གལ་ཆེ་གསུངས་ནས། བླ་བྲང་དཔར་མའི་སྟེང་ནས་གནང་། དང་བོ་པཎ་ཆེན་གྱིས་གནང་དུས་སངས་རྒྱས་ཀུན་གྱི་ཡེ་ཤེས་ཉིད་ཅེས་མཛད་ཀྱང་། ཕྱིས་སུ་རང་ཉིད་ཀྱིས་ངོ་བོ་ཉིད་ཅེས་བསྒྱུར་བར་གསུངས། གདུག་དཀར་བཟློག་པའི་ལུང་གནང་སྐབས། ལྷོ་བྲག་པས། ཇོ་མོ་གདུགས་དཀར་ལྷ་ཚོགས་རྣམས།། ཞེས་མཛད་ཀྱང་། ཚོགས་འདོན་དང་ལུང་གནང་སྐབས་སུ་བཅོམ་ལྡན་གདུགས་དཀར་ཞེས་གསུང་གིན་ཡོད་གསུངས། ཤེས་རབ་སྙིང་བོའི་ལུང་གནང་སྐབས། བཟློག་པ་ལ་ལུང་མེད་གསུངས།  རྣམ་འཇོམས་གཟུངས་མདོའི་སྐབས། གནོད་བྱེད་འབྱུང་བོ་མ་ར་ཡ་ཕཊ་ཅེས་པ་འདོན་རྒྱུན་ལ་ཡོད་པ་མ་གཏོགས་མདོ་རང་ན་མེད་གསུངས། པར་ལ་ལར་སྡིག་པ་ཐམས་ཅད་ཅེས་པའི་མགོར། སེམས་ཅན་ཐམས་ཅད་ཀྱི་ཞེས་ཡོད་ས་ཡོད་མོད་ལྷད་བཅུག་པ་ཡིན་ཞེས་སྒོ་མང་རིན་པོ་ཆེས་གསུངས། སྨན་ཐུང་སྐུ་འབུམ་དཔར་མའི་སྟེང་གནང་ཞིང་འདི་ལ་སྐྱབས་འགྲོའི་ཚིག་ཡོད་མེད་གཉིས་ཡོད་པས་གཉིས་ཀ་ལྟར་ལུང་གནང་གིན་ཡོད་གསུངས། སྒྲོལ་མའི་ལུང་གནང་སྐབས། རྗེ་བཙུན་བཅོམ་ལྡན་འདས་མ་ཞེས་པ་འབྲོམ་གྱིས་མཛད་པ་ཡིན་གསུངས། བསྟོད་སྤྲིན་རྒྱ་མཚོ་གནང་སྐབས། འདིའི་པར་ཕལ་མོ་ཆེར་མ་བརྟགས་འཁོར་གྱི་ཞེས་འབྱུང་ཡང་། རྒྱལ་བ་བསྐལ་བཟང་བའི་བསྟོད་འགྲེལ་ལྟར་མ་བརྟབས་འཁོར་གྱི་ཞེས་པ་དག་གསུངས། བྱམས་སྨོན་སྐབས། སེམས་ཅན་སྡུག་བསྔལ་མཐར་བགྱིད་ཤོག་ཅེས་པ་མ་དག་པས་སྡུག་བསྔལ་སེམས་ཅན་ཞེས་འདོན་དགོས་པར་རྒྱལ་དབང་ལྔ་བས་བཤད་ཀྱང་གོ་རྒྱུ་དེ་ཙམ་ཡོད་མེད་མི་ཤེས་གསུངས། གུང་ཐང་ཚེ་གཅིག་ཉམས་ལེན་གནང་སྐབས། དབྱངས་མཐའ་མེད་དང་གསལ་བྱེད་མགོ་མེད་ཡིན་པས་དབྱངས་ཀྱི་སྭཱ་ཧཱ་ཞེས་པ་ཡིག་སྐྱོན་ཡིན། རྟེན་སྙིང་ལ་དེ་གཉིས་ཀ་དགོས། ལག་པ་ཟས་ཟོས་པ་ཞེས་པ་མ་དག་པས་ཟས་འགོས། བླ་སློབ་འབྲེལ་བ་མ་བརྟགས་པར་ཞེས་ཡོད་ཀྱང་བྲེལ་བ་ཡིན་ཞེས་ཁོང་རིན་པོ་ཆེས་གསུང་གསུངས་སོ།།  རྗེ་འདིས་མཛད་པའི་ལམ་ཆུང་ཟིན་བྲིས་སུ། ཨ་ཁུ་ཚོས་སློབ་གཉེར་བ་དང་། བླ་རྒྱུད་པ་ཟེར་བ་བརྡ་ལོག་རེད། བླ་རྒྱུད་པ་ཟེར་བ་བསླབ་བསྒྱུར་བ་སྟེ། དོན་ལ་བསླབ་ཉམས་ལ་ཟེར་བ་རེད་ཅེས་བདེ་ཐང་རིན་པོ་ཆེས་གསུངས། ཞེས་འབྱུང་བ་ལྟར་རང་གའི་བརྡ་ཆད་ཚུན་ཆད་ལ་ཡང་ཐུགས་ཀྱིས་དོ་གལ་ཆེན་པོ་མཛད་འདུག་གོ།།

པཎ་ཆེན་རིན་པོ་ཆེས་སྔོན་ངའི་ཡོངས་འཛིན་ཚང་ལ་ཁྱེད་ཀྱིས་ཆོས་འབྲེལ་ཞོག་གསུངས་པའི་བཀའ་སྒྲུབ་པ་དང་རྗེ་བླ་ཁོ་རིན་པོ་ཆེ་ལས་གསན་མ་ཐུབ་པ་འགའ་ཞིག་ཞུ་རྒྱུའི་ཐུགས་དགོངས་ཉིས་ཚོགས་ཀྱིས་ཟླ་བརྒྱད་པའི་ཚེས་༢༥ཉིན་གུང་ཐང་རིན་པོ་ཆེས་རྗེ་འདི་ལ་རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང་སོགས་ཞུས་ཏེ་ཁོང་བླ་ཁོ་རིན་པོ་ཆེ་ལས་མ་གསན་པ་རྣམས་ལོ་རྗེས་མ་རྣམས་སུ་གནང་རོགས་ཞུས་པར་ཞལ་བཞེས་གནང་ཡང་ཕྱི་ལོ་ནས་དུས་འགྱུར་སླེབས་པས་རྣམ་གཉིས་ཞལ་མཇལ་ཙམ་ཡང་མ་བྱུང་ཞེས་གུང་ཐང་རིན་པོ་ཆེས་གསུངས་སྣང་། 

ས་ཁྱི་༡༩༥༨ལོའི་དུས་འགྱུར་སྐབས་རྗེ་ཉིད་དགུང་ལོ་དོན་དྲུག་བཞེས་ཤིང་ཐོག་མར་དགེ་འདུན་སྤྱི་དམངས་ལྟར་ཅུང་ཟད་སྐུ་ངལ་གནང་ཡང་རིམ་གྱིས་ཟླ་བ་སྤྲིན་ལས་གྲོལ་བ་ལྟར་གྱུར་ཚུལ་ནི། སྐབས་དེའི་དགོན་པ་དོ་དམ་ཁང་གི་དབུ་ཁྲིད་རྒྱལ་ཚང་སྙིང་བོ་རྒྱལ་དང་། དབུ་ཁྲིད་གཞོན་པ་བསམ་གཏན་གཉིས་ཀྱིས་དགོན་པའི་དཔེ་ཆ་དང་རིག་དངོས་རྣམས་འཐོར་གྱར་ལ་མི་འགྲོ་བར་ཉར་ཚགས་བྱ་ཆོག་པའི་སྙན་ཞུ་བསམ་འཆར་ཡང་ཡང་བཏོན་པར་བརྟེན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཀྲུའུ་ཙུང་ལི་ཡིས་ཀྲུང་དབྱངས་འཐབ་ཕྱོགས་གཅིག་གྱུར་པུའུ་དང་སྤྱི་བདེ་པུའུ་ལ་དགོན་པ་དང་གསུང་རབ་དག་ལ་སྲུང་སྐྱོབ་ཡག་པ་བྱ་དགོས་པའི་གློག་འཕྲིན་དང་ཆོག་མཆན་བཀའ་ཡིག་དུས་ལྟར་འབྱོར་བས། ས་ཕག་༡༩༥༩ལོ་ནས་རྒྱལ་ཚང་སྙིང་བོ་རྒྱལ་དང་བསམ་གཏན་བཅས་ཀྱི་བཀོད་སྒྲིག་འོག་བླ་བྲང་དགོན་ནང་གི་གསུང་རབ་ཀྱི་གླེགས་བམ་གང་སར་འཐོར་བ་དང་མ་འཐོར་བ་དག་དགོན་པར་ངལ་རྩོལ་ལ་ཞུགས་པའི་གྲྭ་བ་ཉིས་བརྒྱ་ལྔ་བཅུ་ཙམ་གྱིས་ཉིན་མཚན་ལྟོས་མེད་དུ་དུས་འཁོར་འདུ་ཁང་དུ་དབོར་ཏེ་སྟེང་ཤོད་འཁྱམ་དང་བཅས་པར་བཞུགས་སུ་གསོལ།  དེ་ནས་རྗེ་འདི་ཉིད་དང་། དགེ་བཤེས་བརྩོན་འགྲུས་ཚང་། དགེ་བཤེས་བསྟན་འཛིན་རྒྱ་མཚོ། དགེ་བཤེས་འཇམ་དབྱངས་ཉི་མ། སྨན་རམས་པ་ཙ་ཡུས་བསྟན་པ་སུག་དཀར་མ་སོགས་ཀྱིས་དཔེ་ཆ་དེ་རྣམས་ཚན་པ་སོ་སོར་བསྒྲིགས་ཤིང་། རེབ་གོང་བ་བསྟན་པའི་རྒྱལ་མཚན། ཀྱེ་རྡོར་གླས་དྲུག་ཡེ་ཤེས། སྣང་རའི་ཆོས་འཛིན་སོགས་ཀྱིས་དྲུང་ཡིག་བྱས་ནས་དཀར་ཆག་ལེགས་སྒྲིག་གནང་། ཉིན་ཞིག་དཔྱི་ས་བློ་གྲོས་ཚང་གི་དངོས་སློབ་བླ་བྲང་གྲྭ་རིགས་རེབ་གོང་བ་རྗེ་བསྟན་པའི་རྒྱལ་མཚན་གྱིས་གླེགས་བམ་ཞིག་གི་ཞལ་ཕྱེ་སྟེ་གཟིགས་བཞིན་པའི་སྐབས། རྗེ་འདིས་ཁྱོད་ཀྱིས་ལྟ་བཞིན་པའི་དཔེ་ཆ་དེ་གང་རེད་གསུངས། དེས་མདོ་སྨད་ཆོས་འབྱུང་ཡིན་ཞུས་པར། གང་གི་མཚམས་རེད་གསུངས། དེས་ང་ཚོ་རེབ་གོང་ཕྱོགས་ཀྱི་སྐོར་རེད་ཞུས་པར།  འོ། ཁྱེད་ཚོ་རེབ་གོང་དུ་མཁས་པ་ལ་སྒེའུ་རྟིང་བློ་བཟང་མ་གཏོགས་མཁས་པ་ཆེན་པོ་བྱུང་མེད་ཅེས་གསུངས་པ་ལ། དེས་ཡབ་རྗེ་སྐལ་ལྡན་རྒྱ་མཚོ་དང་། དེ་སྲས་ཐུ་བོ་རྟིས་ཚང་༡༦༤༧‑༡༧༡༦མ་ཎི་བ་སོགས་མཁས་པ་མ་ཡིན་ནམ་ཞུས་པར། ཡབ་རྗེ་སྐལ་ལྡན་༡༦༠༧‑༡༦༧༧རྒྱ་མཚོ་རི་ཁྲོད་པ་བཟང་ཤོས་ཤིག་རེད། རྗེ་སྐལ་ལྡན་པའི་གསུང་རྩོམ་རེ་འགར་བོད་སྔ་མའི་ལྟ་བ་འདྲེས་ཡོད། མཁས་པ་ནི་རྟིས་ཚང་བ་ཡིན། དེ་སྔ་ངས་ཁོང་གི་དབུ་མའི་ཐལ་བཟློག་ཅིག་ཡོད་པ་མཇལ་མྱོང་བས་དངོས་གནས་ཡ་མཚར་བ་ཞིག་རེད་གསུངས། དེས་དགེ་བཤེས་བསྟན་པའི་རྒྱལ་མཚན་ཅུང་མ་མགུ་བར་རྟིས་ཚང་བ་ཀུན་མཁྱེན་བླ་མར་ཆོས་འབྲེལ་ཡོད་པས་ཡིན་ནམ་ཞེས་མ་རངས་པ་ཞུས་ཀྱང་རྗེ་འདི་ཉིད་ཞལ་རས་འཛུམ་ཉམས་ཀྱིས་བཞུགས་པ་ལས་གསུང་ལན་མ་གནང་། ཕྱིས་སུ་རེབ་གོང་བ་རྗེ་བསྟན་༡༩༣༡‑༢༠༡༡རྒྱན་པས་ཤར་སྐུ་ཕྲེང་བརྒྱད་པའི་ཡོངས་འཛིན་ལྷ་སྡེ་དགེ་འདུན་༡༩༢༠‑༢༠༠༦བསྟན་འཛིན་ཚང་ལ་ཚུལ་དེ་ཞུས་པ་ན། ལྷ་སྡེ་དགེ་འདུན་བསྟན་འཛིན་ཚང་གིས་དེ་ནི་བདེན་པ་རེད། རྗེ་སྐལ་ལྡན་པའི་གསུང་རྩོམ་རེ་འགའ་གུང་རུ་རྒྱལ་མཚན་བཟང་བོའི་གསུང་རྩོམ་གྱི་རྗེས་སུ་འབྲང་ནས་བཀོད་ཡོད་པས། གུང་རུ་བ་ནི་རྗེ་བདག་ཉིད་ཆེན་པོའི་དངོས་སློབ་ཡིན་ཡང་ལྟ་བ་ལ་བོད་སྔ་མའི་བཤད་པ་འདྲེས་པ་ཞིག་ཡིན་པ་དང་། དེའི་ཕྱིར་མཁས་གྲུབ་རིན་པོ་ཆེས་གུང་རུ་བ་ལ་གསུང་རྩོམ་གནང་མི་ཆོག་པའི་བཀའ་ཡང་བཀྱོན་ཡོད་ཅེས་གསུངས་པས། ད་གཟོད་རྗེ་འདི་ཉིད་ཀྱི་བཀའ་གནང་བ་རྣམས་ཕྱོགས་རིས་ཙམ་མ་ཡིན་པར་གཟིགས་རྒྱ་ཡངས་པའི་གསུང་དུ་ངེས་པ་རྙེད་འདུག་པ་གསེར་ལྗོངས་བླ་མ་བཀའ་འགྱུར་བའི་རྣམ་ཐར་དུ་གསལ་ལོ།།  དེ་ལྟར་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་ནས་སྐུ་དངོས་ཀྱི་གདུལ་བྱ་རྫོགས་པ་ན་གཙང་བཀྲ་ཤིས་ལྷུན་པོར་ལྕགས་གླང་ལོའི་ཟླ་བདུན་པའི་ནང་དུ་སྐུའི་དགོངས་པ་ཆོས་དབྱིངས་སུ་ཐིམ་པར་སྣང་ལ། ཀན་ལྷོའི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་དེབ་བཅུ་བདུན་པ། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གིས་བསྒྲིགས་པའི་པཎ་ཆེན་བཅུ་བ་ཀན་ལྷོར་ཕེབས་པ། ཞེས་པའི་དེབ་ཏུ་ས་ཕག་༡༩༥༩ལོའི་ཟླ་བདུན་པར་འདས་པར་བཤད་ཀྱང་། མ་དག་པར་སྣང་སྟེ་ལྕགས་བྱི་༡༩༦༠ལོའི་དཔྱིད་ཀར་རེབ་གོང་ཀུ་ས་ལི་བསྟན་པའི་རྒྱལ་མཚན་བླ་བྲང་ནས་རེབ་གོང་དུ་དུས་འགྱུར་གྱི་ཉམས་ཉེས་ལ་ལྟ་ཕྱིར་ལམ་དུ་ཆས་པ་ལ། རྗེ་འདི་ཉིད་སོགས་གྲོགས་འདུལ་འཛིན་དག་གིས་བཤོལ་བཏབ་པར་གསེར་ལྗོངས་བླ་མ་བཀའ་འགྱུར་བའི་རྣམ་ཐར་དུ་གསལ་བས་སོ།། འོན་ཀྱང་།  ལྕགས་བྱི་༡༩༦༠ལོའི་ཟླ་བཞི་བར་དགེ་བཤེས་བསྟན་འཛིན་རྒྱ་མཚོ། དགེ་བཤེས་བརྩོན་འགྲུས། དགེ་བཤེས་ལུང་དཀར་ཐང་སྦྱིན་པ། དྲུང་ཡིག་སྐལ་བཟང་དར་རྒྱས་བཅས་ཀྱིས་བླ་བྲང་དགོན་པའི་ལོ་རྒྱུས་བསྡུ་བསྒྲིགས་གནང་བའི་མགོ་བརྩམས་ཚུལ། བླ་བྲང་དགོན་པའི་ལོ་རྒྱུས་མདོར་བསྡུས། ཞེས་པ་སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ཨུ་ཡོན་ལྷན་ཁང་རིག་གནས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་ཨུ་ཡོན་ལྷན་ཁང་གིས་བསྒྲིགས་པར་གསལ་ཞིང་། དེའི་གྲས་ན་རྗེ་འདིའི་མཚན་མི་གསལ་བ་ལ་བརྟགས་ན་དེ་དུས་རྗེ་འདི་དགུང་ལོ་དོན་བརྒྱད་བཞེས་པས་ཧ་ཅང་བགྲེས་ཆེ་བ་དང་སྐུ་བསྙུངས་པ་ཅི་རིགས་ཀྱི་དབང་གིས་རྩོམ་སྒྲིག་གི་ཕྱག་ལས་དེར་མ་ཞུགས་པའམ།རྗེ་ཉིད་བཀྲ་ཤིས་ལྷུན་པོར་བྱོན་ཚར་བ་གང་རུང་དུ་ངེས་ཏེ དེའི་སྔོན་དུ་དཔེ་ཆ་བསྡུ་སྒྲིག་སྐབས་རྗེ་འདི་དང་། དགེ་བཤེས་བརྩོན་འགྲུས་ཚང་། དགེ་བཤེས་བསྟན་༡༩༠༣‑༡༩༦༣འཛིན་རྒྱ་མཚོ་རྣམས་བསྡུ་སྒྲིག་པ་གཙོ་བོ་ཡིན་ཚུལ་སྐབས་དེའི་དྲུང་ཡིག་པ་གསེར་ལྗོངས་བླ་མ་བཀའ་འགྱུར་བའི་རྣམ་ཐར་དུ་གསལ་བའི་ཕྱིར་རོ།།  ཨ་མདོའི་རིག་གནས་གླེང་བའི་གཏམ་ཚོགས་དེབ་བཞི་བར་འཁོད་པའི་སྐུ་ཞབས་བསམ་གཏན་གྱི་ལོ་རྒྱུས་ཉུང་བསྡུས་ཞེས་བྱ་བར་གསུང་རབ་ལེགས་སྒྲིག་གནང་མཁན་གྲས་སུ་རྗེ་ཡོངས་འཛིན་བསང་ཁོག་འཇིགས་མེད་ཚང་གི་མཚན་ཙམ་ཡང་མཐོང་རྒྱུ་མི་སྣང་བའི་རྒྱུ་མཚན་ཅི་ཡིན་དཔྱད་དགོས། པཎ་ཆེན་རིན་པོ་ཆེ་ལྕགས་སྤྲེལ་༡༩༨༠ལོའི་སྤྱི་ཟླ་༡༡ཚེས༢༤ནས༢༩བར་མདོ་སྨད་བསང་ཁོག་སོགས་སུ་ཆིབས་བསྒྱུར་གནང་ཞིང་དེ་དུས་ཡོངས་འཛིན་འདི་ཉིད་ཀྱི་འཁྲུངས་ཁྱིམ་རྩད་གཅོད་གནང་སྟེ་ཚར་ཚའི་རྟ་མགྲིན་སྐྱབས་ལ་གོས་དང་སྒོར་སུམ་བརྒྱ་སོགས་གསོལ་རས་སུ་སྩལ་བ་དང་། ཁྱིམ་དེ་གས་པཎ་ཆེན་རིན་པོ་ཆེར་ཆིབས་རྟ་ལེགས་པོ་ཞིག་ཕུལ།

སྲས་ཀྱི་ཐུ་བོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་ཡོངས་འཛིན་བསང་ཁོག་འཇིགས་མེད་རྒྱ་མཚོ་འདི་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་ཕྱིར་རྗེ་འདིའི་སྣང་བརྙན་མི་ཚད་ཙམ་ཞིག་སྨན་འཇིམ་ལས་གསར་བཞེངས་བྱ་དགོས་པའི་བཀའ་ལུང་སྐབས་དེའི་བདེ་ཆེན་སྐལ་བཟང་ཕོ་བྲང་གི་འགན་འཁུར་བ་སྐུ་ཞབས་འབུ་ལུང་རིན་པོ་ཆེ་པདྨ་བསྟན་འཛིན་སོགས་ལ་ཕེབས་དོན་བཞིན་ས་འབྲུག་༡༩༨༨ལོའི་བོད་ཟླ་བཅུ་གཅིག་པའི་ཚེས་གཉིས་གཟའ་སྐར་དགེ་འཕྲོད་དང་བསྟུན་འཇིམ་བཟོ་བ་བཀྲས་ལྷུན་ཞེ་བ་དཀའ་ཆེན་བློ་བཟང་དགེ་འདུན་དང་། རྒྱལ་རྩེ་བློ་བཟང་ཡོན་ཏན་གཉིས་ཀྱིས་བཞེངས་མགོ་ཚུགས། འོན་ཀྱང་། པཎ་ཆེན་རིན་པོ་ཆེས་སྐུ་བརྙན་ལ་རང་གི་བླ་མའི་ཞལ་དབྱིབས་ཇི་བཞིན་ཡོང་རྒྱུ་ཧ་ཅང་གལ་ཆེན་དུ་གཟིགས་ཏེ་ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན་པེ་ཅིན་ནས་ཞལ་པར་ཐོག་ནས་ཆེད་མངགས་གནང་བའི་དགོངས་དོན་བཞིན་དར་མདོ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་རིག་རྩལ་ཚན་ཁག་གི་ཀྲུའུ་རིན་ལོ་བརྒྱ་ཚེ་རིང་དང་།  དར་མདོ་གུང་དཀར་རི་བོའི་རིག་རྩལ་རྩོམ་རིག་པུའུ་ཡི་རི་མོ་མཁན་དང་བོད་བརྒྱུད་ནང་བསྟན་སློབ་གླིང་གི་རྩོམ་འབྲིའི་རི་མོ་ཁག་ལ་ཞིབ་འཇུག་པ་བློ་བཟང་བྱང་ཆུབ་གཉིས་བཀྲས་ལྷུན་དུ་འབྱོར་ཏེ་ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན་ནས་སྣང་བརྙན་གྱི་ཞལ་རས་གཟབ་སྟེ་བཞེངས། པཎ་ཆེན་རིན་པོ་ཆེ་སྐུ་འཁོར་བཅས་བཀྲས་ལྷུན་དུ་ཆིབས་བསྒྱུར་བསྐྱངས་རྗེས་ཆེད་དུ་གཟིགས་ཞིབ་གནང་སྐབས་སླར་ཡང་ལྗགས་བཀོད་གནང་བ་ལྟར་བཀའ་བཞིན་འཕྲལ་སྒྲུབ་ཞུས། ཡོངས་སུ་གྲུབ་ནས་སྒོ་འདྲ་ཁང་ཚན་ནས་བདེ་ཆེན་ཕོ་བྲང་དུ་གདན་དྲངས། པཎ་ཆེན་རིན་པོ་ཆེའི་དགོངས་པ་བཞིན་རོང་མཚོ་དགེ་སློང་བློ་བཟང་ཆོས་འཕེལ་ལག་གཡོག་དང་བཅས་པས་ས་སྦྲུལ་༡༩༨༩ལོའི་བོད་ཟླ་དང་བོའི་ཚེས་ཉེར་ལྔའི་ཉིན་གདུང་རུས་སྙིང་བོར་བྱས་ཏེ་གཟུངས་འབུལ་གཞུང་དང་ཕྱག་སྲོལ་ཚད་ལྡན་ལྟར་ལེགས་པར་གྲུབ། རྩེ་ཚོམས་ཆེན་ས་གསུམ་ཀུན་གསལ་གླིང་དུ་གདན་དྲངས་ཏེ་སྔགས་ཆེན་རིན་པོ་ཆེ་བློ་བཟང་ཆོས་གྲགས་གཙོས་རྒྱུད་པ་གྲྭ་ཚང་དང་། རྩེ་མགོན་དབུ་སྒེར་གྲྭ་ཚང་གཉིས་ཀྱིས་འཇིགས་བྱེད་ཀྱི་སྒོ་ནས་རབ་གནས་དགེ་ལེགས་ཆར་འབེབས་གསུངས་ཏེ་ཡེ་ཤེས་པ་དངོས་སུ་བསྟིམས། དེ་ནས་བདེ་ཆེན་སྐལ་བཟང་ཕོ་བྲང་གི་གཟིམས་ཆུང་འོད་གསལ་གླིང་དུ་སྐྱེ་འགྲོའི་བསོད་ནམས་ཀྱི་ཞིང་དམ་པར་བཞུགས་སུ་གསོལ་བའོ།།  པཎ་ཆེན་སྐུ་ཕྲེང་བཅུ་བའི་གསུང་འབུམ་བྲིས་མ་པོད་གསུམ་མཆིས་པ་ལས་པོད་དང་བོའི་དབུའི་དཀར་ཆག་གི་ཤོག་གྲངས་དང་བོའི་ངོས་སུ་གཡས་སུ་རྗེ་བླ་ཁོ་འཇིགས་མེད་འཕྲིན་ལས་རྒྱ་མཚོ། དབུས་སུ་པཎ་ཆེན་བཅུ་བ་སྐུ་ཕྲེང་མཆོག།   གཡོན་དུ་རྗེ་འདིའི་སྐུ་བརྙན་བྲིས་ཡོད། འོན་ཀྱང་མཚན་བྱང་ལ་གཤིན་རྗེ་གཤེད་དངོས་འཇིགས་མེད་བསམ་གཏན་ཞབས། ཞེས་བྲིས་ཡོད་པ་མ་དག་སྟེ། རྗེ་འདིའི་མཚན་ལ་འཇིགས་མེད་རྒྱ་མཚོ་ཞུ་བ་པཎ་ཆེན་རིན་པོ་ཆེའི་གསན་ཡིག་གི་དཀྱུས་སུ་འབྱུང་བ་དེ་ལགས་ཤིང་། འཇིགས་བྱེད་ཀྱི་རྣལ་འབྱོར་བ་ཨ་ལགས་འཇིགས་མེད་༡༨༡༤ ‑༡༨༩༧བསམ་གཏན་ནི། མཁས་དབང་འཇིགས་མེད་༡༨༩༨‑༡༩༤༦དམ་ཆོས་རྒྱ་མཚོའི་སྐུ་ཕྲེང་གོང་མ་སྟེ་གསུང་འབུམ་པོད་གཉིས་ལྷག་མཆིས་ཤིང་། གསུང་རྩོམ་འཇིགས་བྱེད་ཀྱི་གཞི་བསྙེན་ལ་འདུག་ཚུལ་སོགས་དབུས་གཙང་ལ་དར་ཁྱབ་ཆེ་བ་དང་མཚན་ཅུང་ཟད་འདྲ་ཕྱིར་ཡུལ་གྱིས་བསྐལ་བའི་དབང་གིས་ཡོངས་འཛིན་འཇིགས་མེད་རྒྱ་མཚོ་དང་། ཨ་ལགས་འཇིགས་མེད་བསམ་གཏན་གཉིས་དྲུང་ཡིག་པས་ནོར་བར་གོར་མ་ཆག་པས་ཡོ་བསྲང་གི་རེ་བས་གསལ་བཤད་ཅུང་ཟད་ཙམ་ཞུས་པ་ལགས་སོ།།  རྗེ་འདི་ཉིད་ཀྱི་ཞལ་སློབ་མཐའ་ཡས་པས་རྩིས་པས་མི་ལངས་ཀྱང་། གཙོ་བོ་འགའ་སྨོས་ན། པཎ་ཆེན་སྐུ་ཕྲེང་བཅུ་བ་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་༡༩༣༨‑༡༩༨༨ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོ། སྐུ་འབུམ་ཨ་ཀྱ་རིན་པོ་ཆེ་འཇིགས་མེད་བསྟན་པའི་རྒྱལ་མཚན། སྐུ་འབུམ་གསེར་ཏོག་རིན་པོ་ཆེ་བློ་བཟང་འཇམ་དཔལ་བསྟན་འཛིན་རྒྱ་མཚོ། ཐར་ཤུལ་རིན་པོ་ཆེ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོ། ལ་མོའི་ཞབས་དྲུང་དཀར་བོ་སྐུ་ཕྲེང་བརྒྱད་པ་བློ་བཟང་ལུང་རིགས་༡༩༢༨‑༡༩༩༡བསྟན་པ་རྒྱ་མཚོ། གཞུང་བརྒྱ་སྨྲ་བ་མཁས་བཙུན་ཆེན་པོ་དགེ་བཤེས་བསྟན་༡༩༠༣‑༡༩༦༣འཛིན་རྒྱ་མཚོ། ལ་མོའི་ཡོངས་འཛིན་རིན་པོ་ཆེ་བློ་བཟང་༡༩༠༨‑༢༠༠༤མཁས་གྲུབ་རྒྱ་མཚོ། མཁས་བཙུན་ཆེན་པོ་ཞོ་ཕོང་བསམ་གཏན་༡༩༠༥‑༡༩༨༧རྒྱ་མཚོ། གཞུང་བརྒྱ་སྨྲ་བའི་དབང་བོ་ལྡེ་ཚ་ཡེ་ཤེས་༡༩༡༧‑༡༩༩༤རྒྱ་མཚོ། རིགས་པའི་དབང་ཕྱུག་དགེ་བཤེས་རྔ་བ་སྦྱིན་པ་༡༩༡༡‑༡༩༩༣རྒྱ་མཚོ། མཁས་གྲུབ་ཉིས་འཛོམས་ཀྱི་དགེ་བཤེས་རྩིས་རམས་པ་རྗེ་བསམ་འགྲུབ་༡༩༢༣‑༢༠༠༦རྒྱ་མཚོ།  མདོ་སྔགས་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན་ཁོ་ཚེ་བ་རྗེ་འཇམ་དབྱངས་༡༩༣༣‑རྒྱ་མཚོ། རྒྱ་བོད་དབྱིན་གསུམ་སོགས་ཕྱི་ནང་གི་རིག་གནས་ལ་བྱང་བ་མཁས་དབང་དོར་ཞི་གདོང་དྲུག་༡༩༣༥‑སྙེམས་བློ་སོགས་སོ།།  

དེ་ལྟར་འཕྲོས་དོན་བཅས་སོང་ནས་ད་ནི་ངེས་དོན་གཞུང་བརྒྱ་སྨྲ་བའི་དབང་བོ་ཡོངས་འཛིན་བསང་ཁོག་འཇིགས་མེད་རྒྱ་མཚོའི་གསུང་རྩོམ་སྐོར་ངོ་སྤྲོད་ཅུང་ཟད་ཞུས་ན།

གསང་བདེ་འཇིགས་གསུམ་གྱི་བསྐྱེད་རྫོགས་ས་བཅད།

ལམ་རིམ་ཆུང་ངུའི་བཤད་ལུང་ཟིན་བྲིས་སོགས་ལེ་ཚན་དགུ།

བདེ་ལམ་ཟིན་བྲིས་སོགས་ལེ་ཚན་དྲུག།

དགག་བྱ་ངོས་འཛིན་གྱི་ཟིན་བྲིས་སོགས་ལེ་ཚན་བདུན།

སྔགས་རིམ་ཆེན་མོའི་བཤད་ལུང་ཟིན་བྲིས་སོགས་ལེ་ཚན་གསུམ།

བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་སོགས་ཐོར་བུ་འགའི་ཟིན་བྲིས།

གསང་འདུས་འཕགས་ལུགས་མི་བསྐྱོད་པའི་བསྐྱེད་རྫོགས་ཀྱི་ཟིན་བྲིས་སོགས།

བདེ་མཆོག་ལཱུ་ཨི་བའི་བསྐྱེད་རྫོགས་ཟིན་བྲིས་སོགས།

སྒྲོལ་དཀར་ཚེ་ཁྲིད་ཟིན་བྲིས་སོགས།

མི་ཏྲའི་དབང་གི་ཟིན་བྲིས་སོགས།

རྡོ་རྗེ་ཕྲེང་བའི་དབང་གི་ཕྱག་ལེན་གསལ་བར་བཀོད་པ་སྨིན་བྱེད་དབང་གི་མཛེས་རྒྱན།

བརྒལ་ལན་རྡོ་རྗེ་གཟེགས་མ།

དཔལ་གསང་བའི་བདག་པོ་འཁོར་ལོ་ཆེན་པོའི་བསྙེན་ཡིག་ལག་ལེན་རབ་གསལ།

ཨ་ལག་ཤ་མཁན་པོ་སྐུ་ཕྲེང་དྲུག་པ་ངག་དབང་བསྟན་པའི་རྒྱལ་མཚན་གྱི་གསོལ་འདེབས་དགེ་ལེགས་ཀུན་སྩོལ།

ཀོའུ་བ་སྤྲུལ་སྐུ་བཤད་སྒྲུབ་རྒྱ་མཚོའི་འཁྲུངས་རབས་གསོལ་འདེབས་ཀྱི་ཁ་སྐོང་སོགས་ཡོད་དོ།། སྨྲས་པ།

མདོ་རྒྱུད་རིག་གནས་རབ་འབྱམས་ཟབ་མོའི་གནད།།

འཇིགས་མེད་སྨྲ་བའི་གད་རྒྱངས་གཅིག་གིས་ཀྱང་།།

ལོག་རྟོག་རྒྱ་མཚོའི་གཏིང་ལ་གབ་པ་ཡི།།

སྨྲ་ངན་གཤེད་དུ་བཞེངས་པ་དེང་འདིར་དྲན།།

རྣམ་དག་ཁྲིམས་ཀྱི་ཙན་དན་ལྗོན་པའི་རྩེར།།

མི་གཡོའི་བསམ་གཏན་མེ་ཏོག་རབ་བཞད་ཅིང་།།

རྣམ་འབྱེད་ཤེས་རབ་འབྲས་བུས་ཡོངས་དུད་པ།།

མི་ཡི་ཁྱུ་མཆོག་ཁྱེད་འདྲ་རེ་རེ་ཙམ།།

གང་གི་གསང་གསུམ་མཛད་པ་ལྟ་ཅི་སྨྲོས།།

ཆུ་བུར་མིག་གིས་མཐོང་བའི་མཛད་རྣམ་ཡང་།།

བརྟག་བཟོད་འགལ་མེད་བསྒྲིགས་པ་མི་སྣང་བས།།

འཐོར་བ་སྡུད་པའི་ལས་འདི་ཁོ་བོས་བྱས།།

གཞན་གྱི་རྩོལ་འབྲས་ལྐོག་ཏུ་མ་བརྐུས་པར།།

སྣ་ཚོགས་དཔྱད་གཞི་རེ་རེའི་ཁུངས་བཙལ་ཏེ།།

བྱེ་མ་ལས་ནི་གསེར་བྱེ་བཙག་པ་བཞིན།།

གཟུ་བོའི་བློ་ཡིས་དག་པར་གཏན་ལ་ཕབ།། ཅེས་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡོངས་འཛིན་རྗེ་བཙུན་བསང་ཁོག་འཇིགས་མེད་རྒྱ་མཚོ་དཔལ་བཟང་བོའི་རྣམ་ཐར་ཉུང་གསལ་འདི་ནི། པཎ་ཆེན་སྐུ་ཕྲེང་བཅུ་བའི་གསུང་འབུམ། ཆོས་རྗེ་ཀོའུ་བ་རིན་པོ་ཆེའི་སྐུ་ཕྲེང་རིམ་བྱོན་གྱི་བཀའ་རྩོམ་གཅེས་བསྡུས།  ཞང་སྟོན་བསྟན་པ་རྒྱ་མཚོའི་གསུང་འབུམ། ཨ་ཀྱ་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ། རྗེ་དམུ་དགེ་བསམ་གཏན་གྱི་གསུང་འབུམ། སྒིས་སྟེང་བློ་བཟང་དཔལ་ལྡན་གྱི་གསུང་འབུམ། དཔྱི་ས་བློ་གྲོས་རྒྱ་མཚོའི་གསུང་འབུམ། མཁས་དབང་ཚེ་ཏན་ཞབས་དྲུང་གི་གསུང་འབུམ། 

རྗེ་ཉིད་ཀྱི་གསུང་བརྒལ་ལན་རྡོ་རྗེའི་གཟེགས་མ། ཐར་ཤུལ་ཚང་གི་རྣམ་ཐར། ལ་མོའི་ཞབས་དྲུང་དཀར་བོའི་རྣམ་ཐར། ལ་མོའི་ཡོངས་འཛིན་རིན་པོ་ཆེའི་རྣམ་ཐར། ཨ་ཀྱ་ཚང་དང་གསེར་ཏོག་ཚང་གི་རྣམ་ཐར།  ཡོངས་འཛིན་དངུལ་ཆུ་བློ་བཟང་ཆོས་འཕེལ་གྱི་རྣམ་ཐར། གསེར་ལྗོངས་བླ་མ་བཀའ་འགྱུར་བའི་རྣམ་ཐར། བླ་བྲང་དགོན་པའི་ལོ་རྒྱུས་མདོར་བསྡུས། ཀན་ལྷོའི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་དེབ་བཅུ་བདུན་པ། ཨ་མདོའི་རིག་གནས་གླེང་བའི་གཏམ་ཚོགས་དེབ་བཞི་བ། མདོ་སྨད་ལོ་རྒྱུས།  ཁང་དམར་དགོན་པའི་ལོ་རྒྱུས། ཨ་མཆོག་མཚན་ཉིད་དགོན་པའི་ལོ་རྒྱུས། རྗེ་ཉིད་ཀྱི་དངོས་སློབ་དགེ་བཤེས་ཆེན་པོ་རྔ་བ་སྦྱིན་པ་ཚང་གི་གསུང་སྒྲོས། འབྲེལ་ཡོད་མི་སྣ་དག་ལ་རྩད་གཅོད་ཞིབ་འདྲི་སོགས་བརྒྱུད་དེ་མཐོང་ཐོས་བྱུང་བ་རྣམས་ལ་དཔྱད་ཞིབ་ཡང་ཡང་བྱས་ཏེ། དཀོན་མཆོག་རྒྱ་མཚོ་ལེགས་བཤད་སྨྲ་བའི་ཟླ་བར་འབོད་པས། རབ་གནས་ས་ཕག་༢༠༡༩ལོའི་ཆུ་སྟོད་ཟླ་བའི་ཆོས་འཁོར་དུས་ཆེན་ཉིན་རྒན་གྱའི་བྲག་དཀར་དགོན་དུ་མཇུག་རྫོགས་པར་སྦྱར་བ་དགེའོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།