འགར་རྩེ་སྦྱིན་པ་རྒྱ་མཚོའི་རྣམ་ཐར་ཉུང་གསལ་བཞུགས་སོ།།

ཡོང་ཁུངས།   及时雨文艺平台     སྤེལ་དུས།  2019-12-20 18:08:06     རྩོམ་པ་པོ།   དཀོན་མཆོག་རྒྱ་མཚོ    ཀློག་ཐེངས།  

微信图片_20191220180733.jpg


༄༅། ། མཁས་དབང་འགར་རྩེ་སྦྱིན་པ་ཚང་ནི། མདོ་སྨད་རེབ་གོང་དར་གྲོང་གི་སྔགས་ཁྱིམ་ཞིག་ཏུ་རབ་ཚེས་ལྕགས་བྱི་སྟེ་སྤྱི་ལོ༡༩༠༠ལོར་འཁྲུངས།ནར་སོན་པ་ན་གྱ་སའི་འགར་རྩེ་དགོན་གོང་མའི་ཆོས་སྒོར་ཞུགས་ནས་ཆོ་ག་ཆོས་སྤྱོད་སོགས་སྦྱངས།སྔོན་སྦྱངས་བག་ཆགས་ཁད་ཀྱིས་སད་དེ་ཆོས་གྲྭ་ཆེན་པོ་ངྷི་ཚར་བྱོན་ནས་ཞྭ་དམར་ཚང་༡༨༥༢-༡༩༡༢གི་སྐུ་ཚབ་སྐུ་མཆེད་རིན་པོ་ཆེ་དགེ་འདུན་བསྟན་པ་རབ་རྒྱས་༡༨༥༨-༡༩༡༨ཚང་ལ་ངོ་སྟོན་ཞུས་ཤིང་མཇལ་བས།ཁོང་གིས་དཔལ་ཆོས་མཁན་སྤྲུལ་སྐུ་ཕྲེང་དྲུག་པ་བློ་བཟང་ལུང་རྟོགས་ཆོས་ཀྱི་རྒྱ་མཚོ༡༨༨༠-༡༩༥༣དང་དཔྱི་ས་བློ་གྲོས་༡༨༩༠-༡༩༥༩ཚང་རྣམ་གཉིས་ཁྱོད་ཀྱི་དགེ་རྒན་ཡིན་གསུངས་པར་བརྟེན།སྤྱི་བོར་བསྟེན་ནས་ཚད་མར་སྦྱོང་མགོ་བརྩམས། འོན་ཀྱང་འགར་རྩེ་དགོན་པས་སླར་འོངས་ནས་འདུ་ཁང་དཀོར་གཉེར་ལ་བཞུགས་ན་དེ་ནས་ཅི་དགར་བྱ་ཆོག་པའི་བརྡ་ཐོན་པས་དེ་ལྟར་གནང་དགོས་བྱུང་།སླར་ངྷི་ཚར་བྱོན་སྐབས་དགོན་པ་མཐོང་མ་ཐག་ཚོགས་དུང་ཆ་འབུད་བྱས་བྱུང་བས་རྟེན་འབྲེལ་ལེགས་པར་དགོངས།མཁས་དབང་དཔྱི་ས་བློ་གྲོས་ཚང་གིས་བསྡུས་གྲྭའི་རིགས་ལམ་ཞིབ་ཁྲིད་གནང་བས་རིགས་ལམ་གྱི་རྐང་ཆགས་ཤིང་།རྟགས་རིགས་གསར་རྩོད་སྐབས་རྗེ་འདི་བ་སོགས་ཀྱི་ཆེད་དུ་མཁས་དབང་དེས་ཚུལ་གསུམ་བྱིས་པའི་ཐེམ་སྐས་སོགས་མཛད་ནས་རིགས་པའི་གསང་ཚིག་དམར་རྗེན་དུ་བསྟན་པས་རྣམ་འགྲེལ་གྱི་རིགས་ལམ་དཔྱིས་ཕྱིན་པར་མཁྱེན།ཕར་ཕྱིན་ལ་སློབ་སྐབས་ཡོངས་འཛིན་དགེ་བའི་བཤེས་གཉེན་དཔལ་ཆོས་མཁན་སྤྲུལ་བློ་བཟང་ལུང་རྟོགས་ཆོས་ཀྱི་རྒྱ་མཚོ་ཚང་གིས།ད་ལྟ་མཁས་གྲུབ་༡༣༨༥-༡༤༣༨རྗེའི་ཕར་ཕྱིན་རྟོགས་སྣང་འདི་གཙོ་བོར་མི་བྱེད་སྣང་ཡང་།འདིའི་རིགས་པ་རྣམས་འཕངས་ཚེ་ཟིལ་བཟོད་དཀའ་བ་ཞིག་རེད་གསུངས་ནས་རྟོགས་སྣང་ཞིབ་ཁྲིད་གནང་ཞིང་།ཡོངས་འཛིན་དཔྱི་ས་བས་སྒོ་མང་ཕར་ཕྱིན་གཅིག་བུའི་སྟེང་ནས་ཆོས་མཚམས་ལ་ཚིག་དོན་གཉིས་ཀ་མཛུབ་ཚུགས་སུ་ངོ་སྤྲད་ནས་ཆོས་ཐོག་རན་དུས་ཉིན་ཁ་ཤས་ལ་སྔར་གྱི་དེ་ལ་རིགས་པས་བརྡར་ཤ་བཅད་དེ་ཞིབ་ཏུ་རིགས་ལམ་གཏོང་ཚུལ་བསླབ་པ་སོགས་སྔོན་གྱི་རྗེས་བཟླས་ཙམ་མ་ཡིན་པའི་ཁྲིད་ཚུལ་ཡ་མཚན་པ་གནང་སྟབས།རྗེ་འདིའི་སློབ་གཉེར་མེ་ལ་བུད་ཤིང་བསྣན་པ་ལྟར་འབར་ནས་ཆོས་གྲྭར་རྩོད་ཟླ་ཐུབ་པ་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར།ཐེངས་ཤིག་དགེ་ལྡན་ལྔ་མཆོད་ཆེན་མོའི་མཚན་ཕུད་དམ་བཅའི་སྐབས། བོང་སྟག་ངག་དབང་ཟེར་བའི་རིགས་སྨྲ་གྲགས་ཅན་དེས་དམ་བཅར་བཞུགས་ནས་དགེ་བཤེས་རྒན་གྲས་འགའ་ཡང་མི་སྨྲ་བའི་བརྟུལ་ཞུགས་ལ་བཀོད་དེ་ཕྱི་མ་རྣམས་ཀྱིས་སྒྲུབ་བྱེད་གཏོང་དཀའ་བ་བྱུང་བར་བརྟེན།རྗེ་འདི་གློ་བུར་དུ་བཞེངས་ནས་དྲང་ངེས་ལས་བརྩམས་ཏེ་བརྒལ་བརྟག་ལན་གྱིས་བཟློག་དཀའ་བ་རིམ་གྱིས་སྤྲོས་པས།དང་བོ་ངར་ངར་བྱས་ཏེ་ལན་ཁ་ཤས་གདབ་རྒྱུ་བྱུང་མོད། རིགས་པ་ཕྲ་སར་སླེབས་དུས་སྤོབས་པ་རྩ་བ་ནས་ཞུམ་སྟེ་ལགས་སོ་ཟེར་བ་ལས་ལན་གཞན་གདབ་རྒྱུས་གཏུགས་པས་མཁས་གྲགས་ཆེར་བྱུང་མོད།རྗེ་ཉིད་ཀྱིས་ཕྱིས་སུ་སློབ་བུ་དག་ལ། ཁོ་བོ་དེའི་དུས་བསམ་མེད་དུ་གྱུར་བས་གྲགས་སྔ་སོང་གསུངས་སྐད།ཞྭ་དམར་དངོས་སློབ་གྲགས་པ་དར་རྒྱས་ཚང་༡༨༦༨-༡༩༤༨དང་། མཛོད་དགེ་ཚུལ་ཁྲིམས་ཚང་རྣམ་གཉིས་ལས་དབང་ལུང་མན་ངག་གི་སྐོར་ཞིབ་ཏུ་གསན་ཞོར་ཡོངས་འཛིན་དགེ་རྒན་རྣམ་གཉིས་ལས་རིག་གནས་ཀྱི་སྐོར་ཡང་སྦྱངས།རབ་ཚེས་ཟད་པ་མེ་སྟག་སྤྱི་ལོ༡༩༢༦ལོར་ངྷི་ཚར་དཔལ་ཆོས་མཁན་སྤྲུལ་སྐུ་ཕྲེང་དྲུག་པ་བློ་བཟང་ལུང་རྟོགས་ཆོས་ཀྱི་རྒྱ་མཚོ༡༨༨༠-༡༩༥༣ལས། ས་བཟང་བའི་ཀ་ལཱ་བའི་སྒྲ་ཊིཀ་གི་ལུང་ཁྲིད་གསན་ཞིང་།ཀུན་བཤད་ཀྱི་མཚན་ལ་འཇམ་དབྱངས་སྦྱིན་པ་རྒྱ་མཚོ་གདོང་དྲུག་སྙེམས་པའི་བློ་ལྡན་ཞེས་གསོལ་ཏེ་མཁན་སྤྲུལ་གྱིས་འདིའི་ཁྲིད་ལུང་ཤིན་ཏུ་དཀོན་སྟབས་གཞན་ལ་སྤེལ་ནུས་ན་བཟང་ཞེས་རིག་གནས་འདིའི་ཁུར་ཕོག་པ་སྤྱི་བོས་མནོས།མཁན་སྤྲུལ་འདི་ཉིད་མཁས་དབང་འགར་རྩེ་སྦྱིན་པ་ཚང་གིས་བླ་མའི་གཙོ་བོར་འཛིན་བཞིན་ཡོད་པ་གསུང་རྩོམ་བསྡུས་གྲྭའི་རིགས་ལམ་དཔག་བསམ་མེ་ཏོག་གི་མཆོད་བརྗོད་ལས།

བློ་གྲོས་བཟང་བོས་ཤེས་བྱའི་ཁྱོན།། ཀུན་གཟིགས་ལུང་རྟོགས་ཆོས་ཀྱི་གཏེར།།ཐར་འདོད་རྒྱ་མཚོའི་མིག་གཅིག་བུ།།དཔལ་ལྡན་བླ་མས་དགེ་ལེགས་སྩོལ།།ཞེས་དཔྱི་ས་བློ་གྲོས་རྒྱ་མཚོ་དང་མཁན་སྤྲུལ་གཉིས་ཀྱི་མཚན་ནས་སྨྲས་ཤིང་།མཇུག་ཏུ། རྨད་བྱུང་བློ་གྲོས་གཞལ་མེད་ཁང་བཟང་རྩེར།།འཇིགས་མེད་ལུང་རྟོགས་དམ་པའི་ཆོས་ཀྱི་དཔལ།།འདུན་ལྡན་རྒྱ་མཚོའི་སྙིང་གི་གདུང་སེལ་དུ།།སྤེལ་བའི་བྱེད་པོ་གང་དེ་སླར་ཡང་མཆོད།།ཅེས་པའང་གོང་གསལ་གཉིས་དང་ཡོངས་འཛིན་སུ་ངྷི་ཤྲཱི་མཱན་དང་ཁོ་ཚེ་འཇིགས་མེད་རྒྱ་མཚོ་དང་འཇིགས་མེད་དམ་ཆོས་རྒྱ་མཚོ་བཅས་ཡིན་སྣང་།རྗེ་འདིས་ཐོས་བརྩོན་རྒྱ་ཆེར་གནང་བའི་ཞོར་ལ་སློབ་བུ་དག་ལ་འཕྲོས་པ་དོགས་གཅོད་དཔེ་ཁྲིད་རྒྱ་ཆེར་སྩལ་བ་ལས་རྒྱ་རྒྱའི་ཤེས་རབ་༡༩༡༣-༡༩༧༣སོགས་འཆད་རྩོད་རྩོམ་གསུམ་ལ་མངའ་དབང་འབྱོར་བ་ཁ་ཤས་བྱུང་སྣང་།དེ་ནས་རེབ་གོང་དུ་བྱོན་ནས་ཤར་སྐྱབས་མགོན་བདུན་པ་༡༩༡༦-༡༩༧༨ཆེན་མོའི་མཚན་ཞབས་གནང་ཞིང་ཤར་སྐྱབས་མགོན་དང་ཡོངས་འཛིན་སུ་དྷི་ཤྲཱི་མཱན་༡༨༨༡-༡༩༤༤མཚན་ཞབས་རྣམས་བཅས་ཉིན་ལྟར་ཞོགས་པ་སྔ་བར་བཞེངས་ཏེ་རྗེ་གསེར་ཁང་༡༧༨༠-༡༨༤༨བའི་ཕྱག་བཞེས་ལྟར་མཆོད་པ་ཕུལ་ཞིང་བླ་མཆོད་སོགས་འདོན་པ་གསུངས་ཏེ་གྲོལ་མ་ཐག་ལམ་རིམ་ཆེན་མོའི་སྟེང་ནས་ཞིབ་ཁྲིད་གསན་པའི་མཇུག་ཆོས་ཐུན་གཅིག་ལ་ལམ་རིམ་རྩོད་དགོས་པ་འཆར་ཅན་དང་།ནངས་ཇ་བཞེས་འཕྲལ་ཕར་ཕྱིན་དཔེ་ཁྲིད་གསན་པ་དང་དེའི་མཇུག་ཏུ་གུང་ཚིགས་བར་དུ་ཆོས་གྲྭར་ཞིབ་རྩོད་གནང་བ་འཆར་ཅན་གནང་ཞིང་།རྗེ་འདི་ཉིད་ངྷི་ཚར་གཞུང་ལུགས་མང་བོར་སྦྱངས་པ་གནད་དུ་ཐིངས་ཤིང་ཁྱད་པར་སྒོ་མང་ཡིག་ཆར་གཞན་དྲིང་མི་འཇོག་པའི་ངེས་པ་རྔམ་པོ་ཆེ་རྙེད་ཟིན་སྟབས།རོང་བོའི་སྐྱབས་མགོན་གྱི་མཚན་ཞབས་སོགས་དང་མཉམ་དུ་བགྲོ་གླེང་གནང་བའི་སྐབས་ཐོག་དེར་རྒྱུན་ལྡན་དུ་སྒོ་མང་ཡིག་ཆའི་རང་ལུགས་རྩལ་འདོན་གནང་བས།དེ་གའི་རིགས་སྨྲ་རྒན་གྲས་རྣམས་མཉེས་པ་མ་ཡིན་པའི་རྣམ་འགྱུར་ངོམ་སྐད་ཀྱང་། གཟུ་བོར་གནས་པ་ཕྱིས་ཀྱི་དགེ་བཤེས་རྩེར་སོན་སྐྱིད་ཚང་གནམ་ལ་ཚེ་རིང་སོགས་ཀྱིས་རྗེ་འདི་ལས་རྣམ་འགྲེལ་གྱི་ཁྲིད་ཀྱང་གསན།རྗེ་འཇིགས་མེད་དམ་ཆོས་༡༨༩༨-༡༩༤༦པས་རྗེ་འདི་ལ་ཁྱོད་ཀྱི་ཡི་དམ་བདེ་མཆོག་ཡིན་གསུངས་མོད་ཕྱིས་སུ་དུས་རྐྱེན་སོགས་ཀྱིས་ཐུགས་དམ་མཛད་རྒྱུ་ཆེར་མ་བྱུང་གསུངས་སྐད།རྩ་བའི་ཡོངས་འཛིན་མཁས་དབང་དཔྱི་ས་བློ་གྲོས་པས། རྗེ་འདིར་ཁྱེད་བླ་བྲང་བཀྲ་ཤིས་འཁྱིལ་དུ་སོང་ནས་ཚེ་མཇུག་དེ་ནས་སྐྱོལ་གསུངས་པ་ལྟར་ཕེབས་ཐག་བཅད་པའི་ཚེ་རྨི་ལམ་ཡག་པོ་ཞིག་ཀྱང་རྨིས་པས་ཚེ་རྔ་དེ་ནས་ཕུད་ཐུབ་པ་འདྲ་གསུངས་སྐད།སྐུ་རླུང་བསང་ཕྱིར་རོང་བོའི་སློབ་གཉེར་བ་སྤུན་མཆེད་གཉིས་ཀྱིས་རང་ཡུལ་ཀོའུ་སྡེ་ཀ་རོམ་དུ་གདན་དྲངས་ཏེ་དབྱར་བཞུགས་དེ་རུ་གནང་།དེ་ནས་དགེ་ལྡན་བསྟན་པའི་འབྱུང་གནས་དཔལ་གྱི་ཆོས་སྡེ་ཆེན་མོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་བྱོན་ནས་འཛིན་གྲྭ་རྟགས་རིགས་ནས་ཞུགས་ཤིང་།དགེ་བཤེས་ཁོ་ཚེ་འཇིགས་མེད་ཚང་ཡོངས་འཛིན་དུ་བསྟེན་ནས་ཚད་མ་རྣམ་འགྲེལ་ལ་བསྐྱར་རྩོད་གནང་ཞིང་།ཞལ་ཤུལ་སྐུ་ཕྲེང་གསུམ་པ་བློ་བཟང་ཕུན་ཚོགས་ཟླ་བ་༡༩༡༨-༡༩༦༣དང་བསོད་གྲགས་ཚང་སྐུ་ཕྲེང་བཞི་བ་སྐལ་བཟང་བསོད་ནམས་རྒྱ་མཚོ་༡༩༡༩-༡༩༥༩སོགས་འཛིན་གྲྭ་དང་ལྷན་དུ་རྩོད་པ་རྡོ་རུས་ཐུག་པ་གནང་།

དགོང་མོའི་སྐུ་རིམ་གཞུག་སྐྱོར་ལ་དགེ་བཤེས་རབ་ཕྲུག་བསྟན་འཛིན་རྒྱ་མཚོ་ཚང་སོགས་ཕེབས་ནས་རྗེ་འདིར་ལུང་རིགས་མང་དུ་སྤྲོས།གཞུང་གསར་སྐབས་འཛིན་གྲྭ་གཏུགས་སྐབས་འཛིན་གྲྭ་གོང་མས་གཞུང་ཐོག་གི་རྟགས་གསལ་བསྒྲིགས་ནས་འཕངས་པར་ལན་ཐོགས་མེད་དུ་བཏབ་པས།ལོ་རྗེས་མ་ནས་ཁྱབ་མཐའ་སྒྲིག་དགོས་བྱུང་། ཕར་ཕྱིན་དང་དབུ་མའི་སྐབས་ཡོངས་འཛིན་དངུལ་རྭའི་གྲགས་པ་ཚང་ལའང་དཔེ་ཁྲིད་ཞུས།རྒྱ་ཞབས་དྲུང་ཚང་ལས་བཀའ་ཆོས་མང་དུ་ཞུས། བསོད་གྲགས་ཚང་གིས་ཕར་ཕྱིན་དམ་བཅའི་སྐབས་ཟླ་བོར་ཁྲིད།སྐབས་ཤིག་རེབ་གོང་སེང་གཤོང་མ་མགོ་རུ་ཕེབས་སྐབས་ཤིག་ལ། མཁས་དབང་སྒིའུ་སྟེང་བས། རྗེ་འདི་ལ་ཁོ་བོར་འབྲས་ཀླུ་འབུམ་པ་ཤེས་རབ་ཀྱིས་དགག་ཡིག་བསྐུར་ཡོད་ལ།ཁོ་བོས་ལན་ཞིག་ཀྱང་བྲིས་ཟིན། ཁྱེད་འགྲོ་ཁར་དཔེ་ཆ་ཞིག་ཁྱེར་ནའང་ཆོག ཚུར་བཏང་བའི་བསྐལ་བའི་མེ་དཔུང་ལ་འདི་ནས་ཞིབ་བལྟ་གྱིས་གསུངས་པ་ལྟར།ཉིན་གཉིས་ལ་། ཞིབ་གཟིགས་གནང་སྟེ་འདིའི་ནང་ན་ཊིཀ་ཆེན་གྱི་ལུང་ཞིག་དྲངས་པ་ནི་དཔྱད་དཀའ་བ་ཞིག་རེད་སྙམ།དེ་མིན་དྲག་སྙམ་པ་ཤར་ཞུས་པས། ཕྱིས་སུ་མཁས་དབང་སྒིའུ་སྟེང་བས་ཁོས་ཟེར་བ་ལྟར་ཤིན་ཏུ་བདེན་གསུངས་སྐད།སླར་བཀྲ་ཤིས་འཁྱིལ་དུ་བྱོན་ནས་སློབ་གཉེར་མུ་མཐུད་གནང་ཞིང་། ཡོངས་འཛིན་དངུལ་རྭའི་གྲགས་པ་ཚང་ལས་ཕར་ཕྱིན་སྐབས་གཉིས་པའི་སྒོམ་ལམ་གྱི་བྱེད་པའི་དཔེ་ཁྲིད་གསན་སྐབས།ཡོངས་འཛིན་ཚང་གིས་ཁྱེད་ཚོ་ངའི་གམ་དུ་འོངས་པ་སྤྱིར་བཏང་གི་དེ་འདྲ་མ་ཤེས་ནས་འོངས་པ་མ་རེད་གསུངས་ནས་རྗེ་འདིར་གདེངས་འཇོག་ཚད་མཐོར་གནང་།སྐབས་ཤིག་རྗེ་འདི་དང་ཁོ་ཚེ་དགེ་བཤེས་སྐལ་བཟང་གཉིས་ཁྲི་བས་རྡོ་རམས་པར་བསྐོ་བཞག་གནང་བར་བརྟེན།ཁོ་ཚེ་འཇིགས་མེད་ཚང་གི་མདུན་དུ་བཅར་བར་ཁོང་གིས་ཞལ་རྩེད་ཀྱི་ཚུལ་དུ། རྣམ་གཉིས་སྐུ་བོངས་ཆུང་བར་གཟིགས་ཏེ་ངེད་ཚོའི་དུས་སུ་རྡོ་རམས་པ་རྣམས་སྒྱོ་དང་སྒྱེ་ལྟ་བུར་ཡོད།ད་ལྟའི་རྡོ་རམས་པ་ཚོ་རྩམ་ཁུག་འདྲ་བ་ལས་མེད། ནང་གི་ཡོན་ཏན་ཡང་དེ་འདྲ་ཞིག་ཡིན་རྒྱུ་རེད་ཅེས་ཀྱལ་ཀ་གསུངས་སྐད།སྐབས་ཤིག་རྨ་སྡེ་ཆུ་དབལ་མའི་དགོན་པས་རྗེ་འདིའི་སྙན་པ་ཐོས་ཏེ་གདན་ས་བཀྲ་ཤིས་འཁྱིལ་ལ་ཞུས་པ་ལྟར་དེ་གའི་དགེ་རྒན་དུ་བྱོན་ནས་འཆད་ཉན་རྒྱ་ཆེར་གནང་བའི་ཚུལ་དེ་གཟིགས་ནས་རྗེ་ཉིད་དང་འཛིན་གྲྭ་གཅིག་པའི་ཞལ་ཤུལ་ཚང་གིས་ཞུས་པ་ལྟར་ཞལ་ཤུལ་དགོན་དུ་ཡང་ཕེབས་ནས་འཆད་ཉན་སྔར་མེད་གོང་འཕེལ་བྱུང་ཞིང་བཀྲ་ཤིས་འཁྱིལ་གྱི་ཐུན་མོང་མ་ཡིན་པའི་རིགས་ལམ་གྱི་འགྲོས་གསལ་བའི་བསྡུས་གྲྭ་དང་ཕར་ཕྱིན་སྐབས་གསུམ་པའི་དོགས་དཔྱོད་རྩོམ་སྐུལ་ཞུས་པ་ལྟར་སྐབས་གསུམ་པའི་དོགས་དཔྱོད་འཕྲལ་དུ་བརྩམས།རྗེ་ཉིད་ཀྱི་བསྡུས་གྲྭའི་རྣམ་བཞག་རིགས་ལམ་དཔག་བསམ་མེ་ཏོག་ལས་ཀྱང་། དགེ་ལྡན་ལུགས་བཟང་བཤད་དང་སྒྲུབ་པ་ཡི།།བཀྲ་ཤིས་ཆོས་ཀྱི་ཟིལ་མངར་འབྱུང་བའི་གནས།། ལུང་རིགས་སྙན་སྒྲོག་བློ་གསལ་བུང་བའི་ཚོགས།།རྩེ་དགས་རོལ་བའི་གླིང་མཆོག་རྣམ་གཉིས་རྒྱལ།། དེ་དག་འདུས་ཚོགས་ཐམས་ཅད་ནི།། བདག་ལ་དགའ་ཞིང་སྤྲོ་བ་ཡིས།།གཅེས་པར་བསྐྱངས་པའི་བཀའ་དྲིན་ནི།། གཟོ་བའི་མཆོད་སྤྲིན་འདི་ཉིད་དོ།། ཞེས་ཆུ་དབལ་མ་བཀྲ་ཤིས་ཆོས་འཁོར་གླིང་དང་།ཞལ་ཤུལ་དགོན་དགེ་ལྡན་བཤད་སྒྲུབ་བཀྲ་ཤིས་འབྱུང་གནས་གླིང་གཉིས་ལ་ཆེད་དུ་ཐུགས་གཏད་གནང་འདུག་ཅིང་།དེ་ནས་སླར་བཀྲ་ཤིས་འཁྱིལ་དུ་བྱོན་ནས་བཞུགས་ཤག་ཕིབས་ནས་རྗེ་ཉིད་ཀྱི་ཚ་བོ་གསུམ་སོགས་དང་ལྷན་བཞུགས་གནང་ཞིང་།རྗེ་ཉིད་དཔེ་གཟིགས་ཁོ་ནར་གཡེངས་ཆེ་བར་བརྟེན་ཚ་བོ་བསམ་གཏན་གྱིས་སྲོག་རླུང་ལ་དོགས་ཏེ་སྐུ་ངལ་གསོ་བའི་ཐབས་དུ་མ་བྱས་སྐད།རྡོ་རམས་པ་ཡིན་གཤིས་ཆོས་གྲྭ་ཆག་མེད་དང་དུས་རྒྱུན་རྟགས་གསལ་མངོན་མཚན་ཆེ་བ་མི་གནང་སྟབས།རྒྱུས་མེད་དག་གིས་དགེ་བཤེས་བཟང་གྲས་སུ་མི་ཚོར་ཡང་གཟུར་གནས་རྒྱུས་ཡོད་འགའ་རེས་སྐབས་དེར་རྡོ་རམས་ལས་ཐོགས་པའི་ནང་ན་འགར་རྩེ་སྦྱིན་པའི་ལྷག་མེད་གསུངས་སྐད།སྤྱི་ལོ༡༩༥༤ལོར་རྒྱལ་དབང་བཅུ་བཞི་བ་བླ་བྲང་དུ་ཕེབས་སྐབས་རྣམ་འགྲེལ་གྱི་རྟགས་གསལ་གྱི་མཆོད་སྤྲིན་སྤྲོས་ཤིང་།རྒྱལ་བའི་དབང་བོ་མཆོག་གི་མཛད་སྤྱོད་དང་གསུང་ཆོས་ཀྱིས་རྗེ་འདིའི་ཐུགས་འཕྲོག་སྟེ་བསྡུས་འབྲིང་གི་དབུར།མཁྱེན་བརྩེ་ངག་དབང་བློ་བཟང་གྲགས་པའི་བསྟན།། འཛིན་ལ་འཇིགས་མེད་ཐར་འདོད་རྒྱ་མཚོའི་མགོན།།སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ།། རྒྱལ་བ་ཕྱག་ན་པདྨོས་མཆོག་སྦྱིན་མཛོད།།ཅེས་སྤྱི་ནོར་གོང་ས་སྐྱབས་མགོན་བཅུ་བཞི་བ་འདི་ཉིད་ལ་མཆོད་པར་བརྗོད་དོ།། དགེ་བཤེས་ཧལ་ཧ་མགོན་དཀར་གྱི་བསྡུས་གྲྭའི་ཁྱབ་སྐོར་རེ་གཉིས་ཡོད་པ་གཟིགས་ཏེ་ཐུགས་ལ་འཕྲོད་ཅིང་སྔར་རྨ་ཆུའི་དགོན་པ་ཟུང་གིས་རྩོམ་སྐུལ་ཞུས་པ་ཐུགས་དྲན་སོས་ཏེ་བསྡུས་ཆུང་དང་བསྡུས་འབྲིང་ཕལ་ཆེར་རྩོམ་གྲུབ་པར་མཛད།དབྱར་ཁར་ཁྲོ་ཁོ་ཞལ་ཤུལ་དགོན་དུ་གདན་དྲངས་ནས་འཆད་ཉན་རྒྱ་ཆེར་གནང་སྟེ་སླར་གདན་སར་འབྱོར།རྡོ་རམས་པའི་དམ་བཅའ་འཇོག་ལ་ཉེ་བའི་སྐབས་དེར་རབ་རྒྱལ་ས་ཁྱི་སྟེ་༡༩༥༨སླེབས་ཏེ་བླ་གྲྭ་སྟོང་ལྷག་ཅིག་རྒྱ་ནག་གིས་འཇུ་བཟུང་བྱས་ཏེ་སོག་པོ་ཨ་ལག་ཤའི་ཕྱེ་ཐང་དུ་བསྐྱལ་ནས་དགུན་ལྷགས་སྒང་ལ་མུ་གེ་སོགས་ཀྱིས་མནར་བས་མང་བོ་འདས་གྲོངས་སུ་སོང་ཡང་རྗེ་ཉིད་བདེ་བླག་ངང་སླར་བྱོན་ཐུབ་ཙམ་བྱུང་ནས་བླ་བྲང་མཐའ་བ་ཞོལ་མའི་ཁང་རལ་ཞིག་ཏུ་ཚ་བོ་བློ་བཟང་དང་ལྷན་བཞུགས་གནང་།སྤྱི་ལོ༡༩༥༩ལོའི་དཔྱིད་ཀ་རྗེ་ཉིད་དང་དགེ་བཤེས་རྒན་པ་མང་བོ་བཅས་རོང་ངུར་ཁོག་ཏུ་དེད་ནས་ལོ་གཉིས་ཙམ་ལ་མུ་གེ་དང་སྡུག་ལས་མང་བོར་བཀོལ་ཏེ་ཕལ་ཆེར་འདས་གྲོངས་སོང་ཡང་རྗེ་ཉིད་སྐྱོན་མེད་ཙམ་བྱུང་།སྤྱི་ལོ༡༩༦༡ལོར་སླར་བླ་བྲང་དུ་འོངས་ཆོག་པ་བྱུང་ཞིང་ལོ་དེའི་ཟླ་དྲུག་པར་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་ཚང་བྱོན་ནས་ཆོས་སྒོ་སླར་ཕྱེ།རྗེ་འདི་ཉིད་ཀུན་མཁྱེན་དྲུག་པ་ཆེན་མོས་འབོད་པ་གནང་སྟེ་ད་ལོའི་ཟླ་བདུན་པའི་ནང་གི་རྡོ་རམས་པར་ཁྱེད་བབ་འདུག་གསུངས་ནས་ལྷ་དར་བཅས་བཀའ་གནང་བ་སྤྱི་བོས་མནོས་ཏེ་ལོ་འདི་དག་ལ་དཔེ་ཆ་གཟིགས་ལོང་གཏན་མ་བྱུང་ཡང་པོ་ཏི་ལྔའི་དམ་བཅའ་བསྟན་པའི་རྒྱན་དུ་ཆེ་བ་བཞག་གནང་མཛད་པས།ཀུན་མཁྱེན་བླ་མ་ཡང་ཐུགས་རབ་ཏུ་དགྱེས་ནས་ཁ་བཏགས་ཉིས་འབྲེལ་ཞིག་འཐེན་ནས་དུས་འདི་ལྟ་བུ་ལ་དམ་བཅའ་ཡག་པོ་འདི་འདྲ་བྱུང་བ་ཨ་རེ་མཚར་གསུངས་པ་སོགས་ཀྱིས་གཟེངས་བསྟོད་གནང་།དེ་ནས་རྒྱུད་སྨད་གྲྭ་ཚང་དུ་ཞུགས་ནས་སྔགས་ལ་སློབ་གཉེར་གནང་ཞིང་མཁས་དབང་དམེ་ཤུལ་འཇིགས་མེད་ཚང་བསྟེན་ནས་སྔགས་གཞུང་ཆེ་བ་དག་ལ་ཐོས་བསམ་དཔྱིས་ཕྱིན་པ་གནང་ཞིང་།མཁས་དབང་ཁ་གྱའི་སྔགས་རམས་པ་བསྟན་པ་ཞུ་བས་སྔགས་རམས་དམ་བཅའ་བཞག་པར། མདོ་སྔགས་གཉིས་འཛོམས་ཀྱི་དགེ་བཤེས་ཁྱུ་འཁྲིགས་པའི་དབུས་སུ་རྗེ་འདིས་སྔགས་ཀྱི་དཀའ་གནད་ལུང་རིགས་བྲག་ཐོག་ནས་ཆུ་འཕྱོ་བ་ལྟ་བུ་གནང་བས་གཟུར་གནས་མཁས་དབང་རྣམས་ངོ་མཚར་བའི་གནས་ལ་བཀོད།རྣམ་འགྲེལ་འཛིན་གྲྭའི་དགེ་རྒན་དུ་བསྐོས་སྟབས། ཚུལ་གསུམ་སྒྲུབ་ཚུལ་བློ་གསལ་བགྲོད་པའི་གྲུ་གཟིངས་བརྩམས་ཏེ་རིགས་ལམ་ཟིལ་མངར་གྱི་བདུད་རྩི་ཅི་ཡང་འགྱེད།སྐབས་དེར་ལམ་རིམ་ཆེན་མོའི་དབུ་ནས་སྐྱེས་བུ་ཆུང་ངུའི་བར་གྱི་ཉམས་ཁྲིད་གནང་བ་དང་། ཐ་སྙད་རིག་གནས་ཀྱི་དཔེ་ཁྲིད་གནང་སྐབས་བོད་མཁས་པའི་སྙན་ངག་དཔེར་བརྗོད་ཀྱི་སྒྲ་རྒྱན་ནང་བླ་བྲང་པར་མར་པ་ས་གཉིས་ནོར་ནས་བྲིས་པའི་དག་བཅོས་དང་དེར་འབྲུ་འགྲེལ་ཞིག་གནང་ཡོད་སྐད།སྐབས་དེར་ཉིད་ཀྱི་སློབ་བུ་བསྟན་པའི་རྒྱལ་མཚན་གྱིས་ཞབས་ལྷམ་དང་ན་བཟའ་ཆ་ཚང་བཅས་སྔར་གྱི་བསྡུས་གྲྭ་རྩོམ་འཕྲོ་དེ་ཕུལ་བས།རྗེ་ཉིད་ཤིན་ཏུ་དགྱེས་ནས་ད་འགྲིགས་སོང་། གསར་དུ་འབྲི་དགོས་ན་མི་འོངས། འཕྲོ་རྩོམ་པ་སླ་གསུངས་ནས་དགུན་དེར་ཕྱག་དཔེ་གཟིགས་ས་གཅིག་ཀྱང་མེད་མོད།སྤྱི་ལོ༡༩༦༤ལོའི་ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན་མཇུག་རྫོགས་རག་བར་དུ་ཐུགས་ཐོག་ནས་བསྡུས་ཆེན་ཡོངས་རྫོགས་ཤར་མར་བརྩམས་པས་འབྲི་མཁན་བསྟན་རྒྱན་པ་ཡང་ཧ་ལས་སུ་བཅུག།ནག་ཕྱོགས་བསམ་སྦྱོར་དུས་འགྱུར་སླེབས་ནས་རྒྱལ་བསྟན་ཆུ་བོ་འཕེལ་བའི་གཞི་མ་དགེ་འདུན་གྱི་ཆུ་གཏེར་ཆེ་ཆུང་ཡོངས་སུ་བསྐམ་པ་ཐུགས་ཀྱིས་མ་བཟོད་པར་དྲི་མ་མེད་པའི་རིགས་པ་གཞི་བཞེངས་སུ་བྱ་བར་དགོངས་ནས་བསྡུས་གྲྭ་བརྩམས་པའི་ཚུལ་ནི།བསྡུས་གྲྭའི་མཇུག་བྱང་ལས། དེ་ལྟ་མོད་ཀྱིས་བདུད་སྡེ་དཔུང་གིས་ནག་པོའི་ཆུ་འཛིན་མཁའ་ལ་དཀྲིགས་པའི་ཆོ་འཕྲུལ་ལས།།ལྔ་བདོའི་མཚོན་ཆ་རིང་དུ་བྱོ་བས་གུར་གུམ་དགའ་ཚལ་འདོད་རྒུ་སྦྱིན་པའི་རྐང་འཐུང་བཅས།། ལྷག་མར་བྱས་པས་གསེར་ལྡན་སྒེག་མོའི་བཞིན་རས་ངོས་ལ་མུ་ཏིག་འཕྲེང་འདྲའི་ཆུ་རྒྱུན་འཛིན།།དེ་ཕྱིར་བཤད་སྒྲུབ་ལག་ཟུང་བརྟན་པོས་རྒྱལ་བསྟན་གདུགས་དཀར་སྒྲེང་བར་མི་བརྩོན་ཤེས་ལྡན་སུ།།ཞེས་རྒྱལ་བསྟན་གསོ་བའི་ཐུགས་དགོངས་རྣམ་པར་དག་པ་ཁོ་ནས་བྱས་པའི་བྱིན་མཐུ་ལས་རིག་གསར་དུས་འགྱུར་ནང་དུ་ཡང་གླེགས་བམ་དེའི་འཕྲིན་ལས་ཀྱི་འཇུག་པ་མ་བསྡུས་པར་བཞུགས་པ་བཅས་ཞར་བྱུང་ངོ་།།བར་སྐབས་ཤིག་གྲྭ་བ་མང་ཆེ་བ་དགོན་པར་བཞུགས་མི་ཆོག་པ་བྱས་པས་ཁོང་དང་གྲྭ་རྒན་འགའ་ལོ་འགར་བཞུགས་པའི་བར་དེར།ཨ་མཆོག་གི་དགེ་བཤེས་ཤེས་རབ་ཚང་གིས་སྒྲ་ཀ་ལཱ་བའི་ཁྲིད་རྒྱུན་ཞུས་ཏེ་གནང་བཞིན་པའི་སྐབས་སྤྱི་ལོ༡༩༦༦ལོའི་རིག་གནས་གསར་བརྗེ་ཟེར་བའི་དུས་ཟིང་བྱུང་སྟེ་རྗེ་ཉིད་ཀྱང་ཕ་ཡུལ་དུ་བྱོན་དགོས་བྱུང་།འོན་ཀྱང་དབུལ་བོའི་འཛིན་བྱང་བླངས་རྗེས་གཏན་བཞུགས་གནང་ཞིང་མང་ཚོགས་དད་ལྡན་རྣམ་པས་བསྙེན་བཀུར་བཅོས་མིན་ཞུས་ཤིང་དགེ་སྡིག་བླང་དོར་མ་འཛོལ་བའི་བཀའ་སློབ་ལམ་སྟོན་མི་མངོན་པར་གནང་སྟབས།ཡུལ་དེར་མཐུན་ལམ་དང་མཛའ་འབྲེལ་ཆོས་སེམས་ཡུག་གཅིག་གིས་བསྡམས་པས་གཞན་གྱིས་སྨོན་ཡུལ་དུ་གྱུར་ཅིང་།ལྐོག་ཏུ་རབ་བྱུང་བསྙེན་རྫོགས་ཀྱང་ཁ་ཤས་བསྒྲུབས་གནང་མཛད་ལ། དོན་གཉེར་ཅན་སྐོར་ཞིག་གིས་ལམ་རིམ་ལ་བག་ཆགས་འཇོག་འདོད་ཀྱིས་ལམ་རིམ་གྱི་གནད་ཚང་བ་ཞིག་རྩོམ་སྐུལ་ཞུས་པ་ལྟར་ལམ་རིམ་ཤོག་གཅིག་མ་ཞིག་མཛད།སློབ་བུ་བསྟན་རྒྱན་༡༩༣༡-༢༠༡༡ལ་རྣམ་འགྲེལ་གྱི་དཔེ་ཁྲིད་གནང་། མྱང་ལ་བྱོན་ནས་ཀྱང་ཐུགས་སྨོན་ཞལ་འདོན་བཀའ་སློབ་ལམ་སྟོན་གནང་བས་སྡེ་གཉིས་ཀྱི་མཐུན་ལམ་དད་སེམས་དམ་དུ་སྤྲེལ།དགུང་ལོ་བརྒྱད་ཅུ་བཞེས་པ་སྤྱི་ལོ༡༩༧༩ལོར་ང་ཤི་ས་བླ་བྲང་ཡིན་པས་དེར་སྐྱོལ་གསུངས་པར།དེར་བཞུགས་ས་དང་ཞབས་ཕྱི་སོགས་གང་ཐད་ནས་དཀའ་བས་བཤོལ་བཏབ་ཀྱང་མ་ཐེབས་པར་སློབ་བུ་དགེ་བཤེས་བསྟན་པའི་རྒྱལ་མཚན་དང་བློ་བཟང་གཉིས་ཀྱིས་གདན་དྲངས་ཏེ་བླ་བྲང་དུ་བྱོན་ནས་མཐའ་མ་གོང་མར་རྒན་གྱའི་ཞོ་ཕུག་པ་ཞིག་གི་ཁང་བ་གཡར་ནས་བཞུགས།དངོས་སློབ་དེ་གཉིས་ཀྱིས་ཞབས་ཕྱི་ཧུར་ཐག་ཞུས། སྐུ་བསོད་ཆེ་སྟབས་ཆ་རྐྱེན་ལག་མི་ཐོགས་པ་བྱུང་ཞིང་།སློབ་བུ་བསྟན་པའི་རྒྱལ་མཚན་དང་བློ་བཟང་གཉིས་ཀྱིས་དགོན་ཤུལ་དུ་བཞུགས་ཤག་བཞེངས་གྲབས་བྱས་པར།རྗེ་ཉིད་ཀྱིས། ཁྱེད་གཉིས་སླར་ཚོགས་ལ་འགྲོ་འདོད་ཡོད་ན་མ་གཏོགས།

ངའི་ཆེད་དུ་ཁང་བ་བཟོ་མི་དགོས།ང་ཡུན་རིང་མི་འདུག་པ་འདྲ་གསུངས་པར། སློབ་བུ་གཉིས་ཀྱིས་རྗེ་ཉིད་སྐུ་ལུས་བཟང་། བསྙུང་བ་མེད།ཡི་ག་ཡོད་པས་ཅི་སྐྱོན་སྙམ་ནས་དོ་སྣང་མ་བྱུང་། དེའི་རྗེས་ཙམ་ནས་ཡང་རྗེ་ཉིད་ནས་ད་ངེད་ཟླ་བ་གསུམ་ལས་མི་སྡོད་གསུངས་ཀྱང་སློབ་བུ་གཉིས་ལ་དེ་ཙམ་དོ་སྣང་མ་བྱུང་།བཙུན་ཆུང་གཅིག་ཡོད་པ་དེས་སྐྱེམས་དྲངས་པར། ཁྱེད་ཅག་ཡུན་རིང་སྡུག་ལ་སྦྱོར་མི་འོང་། ད་ཟླ་བ་གཅིག་དང་ཉིན་ལྔ་ལས་མི་སྡོད་གསུངས།ཉིན་གཅིག་གདངས་མཐོན་པོའི་སྒོ་ནས་མི་རྟག་སྟོན་པའི་མགུར་ཚིག་འགའ་རེ་གསུངས་ཤིང་། ཞབས་ཕྱིས་གཟིམས་མལ་འཆོས་པའི་སྐབས་ཤིག་ལ།རྗེ་ཉིད་ནས་ཁོ་བོ་མལ་སར་ཡུན་རིང་ལྟུང་སྟེ་མིས་བལྟས་ན་ཁོ་ཆད་ཅིང་ཡི་མུག་པར་སྣང་མོད།སེམས་སྐྱིད་པོ་ཞིག་རེད། འདི་ཅི་ཡིན་ནམ་གསུངས། དེ་ནས་སྤྱི་ལོ་༡༩༨༡ལོའི་བོད་ཟླ་གསུམ་པའི་བཅོ་ལྔའི་དགོང་མོར་ཉེ་གནས་བློ་བཟང་དང་ཞལ་བརྡ་ཡུན་རིང་གནང་བའི་འཕྲོར།ད་ཤི་ན་ཆོག་མོད། ཡ་མཚན་གསུངས་པར། ཉེ་གནས་པས་ད་ཅུང་འགོར་སོང་བས་གཟིམ་ན་བཟང་ཞུས་ཏེ་ཕྱི་རོལ་ཏུ་སླེབས་མཚམས་སུ་རྗེ་ཉིད་ཀྱིས་ཧིཀ་སངས་སངས་པ་ཞིག་བཏབ་སྟེ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན།སྔར་ཟླ་བ་གསུམ་ནས་འདའ་གསུངས་པའི་ནང་ནས་ལྷག་ཆད་ཅུང་ཟད་ཀྱང་མེད་པར་ཁྲིག་གེར་འགྲིག་པ་བྱུང་ཞིང་།ཚོགས་མང་གིས་ཆོས་གྲྭ་ནས་གདུང་རྫོགས་བར་དུ་སྨོན་ལམ་ཆག་མེད་གསུངས་ཤིང་། དེའི་ལོ་སྔ་ཕྱིར་དུར་ཁྲོད་དུ་བྱ་གཅིག་ཀྱང་མཐོང་རྒྱུ་མེད་མོད།ཉིན་དེར་སྐུ་གདུང་རྒྱབ་ཡོལ་དུར་ཁྲོད་དུ་གདན་དྲངས་སྐབས་བྱ་ཐང་ནག་ཅིག་བསུ་བའི་ཚུལ་དུ་རྒྱབ་ཡོལ་མདོར་འོངས་པ་སོགས་བྱ་མང་ཙམ་སླེབས་པར་སྐུ་གདུང་བྱ་གཏོར་གནང་སྟེ་བཀའ་གདམས་པའི་བརྟུལ་ཞུགས་གཙང་མ་བསྐྱངས་པ་ཉེ་གནས་དག་ཀྱང་ཆོས་བརྒྱད་ཀྱི་མདུད་པ་ལྷོད་པའི་ངང་ཚུལ་ཅན་དུ་རྟོགས།དབུ་ཐོད་ཀྱི་ཚལ་བུ་ཉེ་གནས་པ་དགེ་འདུན་བསྟན་པས་ཞུས་ཏེ་བདེ་མཆོག་གི་སྐུ་བཞེངས་ནས་རེབ་གོང་དར་གྲོང་གི་ཇོ་ཁང་དུ་བཞུགས་སུ་གསོལ་ཡང་།ཕྱིས་སུ་མཆོད་རྟེན་ཆེ་བ་ཞིག་ཕྱི་ལོག་ཏུ་བཞེངས་ཏེ་དེའི་གཟུང་གཞུག་ཏུ་བཞུགས་སུ་གསོལ་ཡོད།ཉེ་གནས་དགོན་བློ་བཟང་ལྷུན་གྲུབ་༡༩༣༡-༡༩༩༢ཀྱི་རྨི་ལམ་དུ་རྗེ་ཉིད་བུད་མེད་གཞོན་ནུ་མ་མང་བོ་ཞིག་གིས་བསྐོར་ཏེ་ཞབས་ཅུང་ཟད་འཐེང་བཞིན་ཕེབས་པ་རྨིས་པ་ཡང་བདེ་མཆོག་སྨོན་ལམ་དུ།འཆི་ཚེ་རྗེ་བཙུན་ཡབ་ཡུམ་འཁོར་བཅས་ཀྱིས།། ཡིད་འོང་མཆོད་སྤྲིན་སྙན་པའི་རོལ་མོའི་སྒྲ།།ངོ་མཚར་ལྟས་བཟང་མང་བོས་བསུ་བར་ཤོག། ཅེས་པ་དང་མཐུན་པས་དད་པར་བྱ་བའི་གནས་སུ་འཁུམས་སོ།།

རྗེ་ཉིད་ཐོག་མར་ཆོས་སྒོར་ཞུགས་སའི་གདན་ས་རོང་འབྲོག་་ཚོ་ལྔའི་སྤྱི་དགོན་གྱ་ས་འགར་རྩེ་དགོན་ཐུབ་བསྟན་ཆོས་འཁོར་གླིང་།

       ཕྲན་གྱིས་མཁས་བཙུན་བཟང་གསུམ་གྱི་མངའ་བདག་གྲ་རྐྱང་དཀྱུས་མའི་འཚོ་བས་སྐུ་ཚེ་མཐར་ཕྱིན་པའི་དགེ་བཤེས་འདི་དག་ལ་དམ་པ་སྔ་མ་ཞིག་གི་མཚན་མ་གསོལ་བས་ཟང་ཟིང་གི་འདུ་འགོད་དང་འཕྱོར་ཆས་ཀྱིས་མ་སྤྲས་སྟབས།མི་མང་གིས་གང་ཟག་ཁྱད་འཕགས་སུ་མ་གོ་བས་སྐུ་ཚེའི་ལོ་རྒྱུས་ལ་དོ་སྣང་བྱེད་མཁན་ཉུང་བར་བརྟེན།བོད་ཕྱི་རབས་པར་ངོ་སྤྲོད་ཀྱི་ཚུལ་དུ་ངེས་དོན་གྱི་དགེ་བཤེས་འགའི་རྣམ་ཐར་སྒྲིག་པའི་སྐབས་དང་བསྟུན།མཁས་དབང་འགར་རྩེ་འཇམ་དབྱངས་སྦྱིན་པ་རྒྱ་མཚོའི་བསྡུས་གྲྭ་ལ་སྔར་ནས་ཞིབ་ཏུ་ཐེངས་མང་བལྟས་ཀྱང་རྣམ་ཐར་ལ་རྒྱུས་ཅི་ཡང་མེད་པ་བདག་དང་བདག་ལྟ་བུའི་ཆེད་དུ།དངོས་སློབ་ཀུ་ས་ལུ་ཤཱ་ས་ན་དྷྭ་ཛས་གནང་བའི་ས་བོན་ལ་གཞི་བྱས། ཁོང་དང་འབྲེལ་ཡོད་ཀྱི་ཡིག་ཆ་དག་གིས་ཟུར་བརྒྱན་ཏེ་དཀོན་མཆོག་རྒྱ་མཚོ་ལེགས་བཤད་སྨྲ་བའི་ཟླ་བས་རབ་གནས་མེ་སྤྲེལ་༢༠༡༦ལོར་རྒན་གྱའི་བྲག་དཀར་དུ་བསྒྲིགས་པའོ།། 


བརྒྱུད་འགོད།