ཁལ་ཁའི་དགེ་བའི་བཤེས་གཉེན་ཆེན་མོ་བློ་བཟང་ཡེ་ཤེས་ཀྱི་རྣམ་ཐར།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-08-31 22:40:34     རྩོམ་པ་པོ།   ཆོས་འཕེལ་རྣམ་རྒྱལ    ཀློག་ཐེངས།  

微信图片_20170822090703.jpg

བླཾོ་གྲོས་བཟཾང་པོའི་ལྷ་ལམ་ཡངས་པ་ལ། །ཟག་མེད་ཡཾེ་ཤཾེས་ཆུ་འཛིན་འཁྲིགས་པ་ལས། །གདུལ་བྱའི་འཛིན་མར་དམ་ཆོས་ཆར་ཆེན་འབེབས། འདབ་སྟོང་པད་ཚལ་རྒྱས་མཛད་ཁྱེད་ལ་འདུད། །

དེ་ཡང་དགེ་བཤེས་བློ་བཟང་ཡེ་ཤེས་སམ་ཁལ་ཁ་བླ་རྒན་ཞེས་གྲགས་པ་མདོ་སྔགས་ཡོངས་རྫོགས་ཀྱི་མཁས་གྲུབ་དམ་པ་འདི་ཉིད་ནི། ཕྱི་སོག་ཁལ་ཁ་བོར་ཅི་ཀན་ཞེས་པའི་ས་ཆ་སྟེ། སོག་སྐད་ལ་བོར་ཅི་ཀན་ཆོས་ར་ཞེས་པའི་ཡུལ་དུ་སྐུ་འཁྲུངས་ནས། ཆུང་ངུའི་དུས་ནས་བོར་ཅི་ཀན་མཚན་ཉིད་གྲྭ་ཚང་ལ་ཞུགས།

 ཕྱི་ལོ་༡༩༢༠ ནས་༡༩༢༥ བར་གང་རུང་ཞིག་ལ་ནང་སོག་ལ་ཕེབས་ནས་པད་དཀར་ཆོས་གླིང་ལ་ཆོས་ཞུགས་མཛད་དེ་མདོ་སྔགས་ཀྱི་གཞུང་ཡོངས་རྫོགས་མཐིལ་ཕྱིན་གནང་། སླར་ཡང་དབུས་ཀྱི་གདན་སར་ཕེབས་ནས་སྒོ་མང་གྲྭ་ཚང་གི་སྒྲིག་སྲོལ་བཞིན་ལོ་གཅིག་འཛིན་གྲྭ་དོན་བདུན་ཅུར་ཞུགས།

དེ་ནས་གཞུང་གསར་འགོ་ནས་བཟུང་ཕར་ཕྱིན་གྱི་བར་ལོ་བཞིའི་རིང་ཕར་ཕྱིན་གྱི་གཞུང་ཆེན་ལ་སླར་ཡང་སྦྱང་བརྩོན་མཛད་དེ། ཕར་ཕྱིན་འཛིན་གྲྭའི་ལོར་གྲྭ་ཚང་གི་ཆོས་གྲྭར་སྐབས་བཞི་པའི་དམ་བཅའ་མཚན་འཕུད་འཇོག་གནང་མཛད།

དེའི་ལོར་འཛིན་གྲྭ་དབུ་མ་གསར་པར་ཕེབས་སྐབས་གྲྭ་ཚང་གི་ཆོས་གྲྭར་ཕར་ཕྱིན་དམ་བཅའ་འཇོག་གནང་ཡང་མཛད་ཅིང་། ཕར་ཕྱིན་ལོ་བཞིའི་རིང་འཛིན་གྲྭའི་ཐུག་གི་དམ་བཅའི་འགན་བཞེས་གཙོ་བོ་གནང་བ་སོགས་ཕར་ཕྱིན་གཞུང་ལ་ལུང་རིགས་གང་ཅིར་ཕ་མཐར་སོན་པའི་མཚན་སྙན་གྱིས་ཁྱབ།

དེ་ནས་དབུ་མ་གསར་རྙིང་ལོ་གཉིས་རིང་དབུ་མའི་གཞུང་ལ་ཐོས་བསམ་མཛད་ནས། དབྱར་ཆོས་ཆེན་མོའི་སྐབས་དབུ་མའི་དམ་བཅའ་འཇོག་གནང་མཛད་པ་དང་། རིགས་གྲྭའི་སྐབས་དབུ་མའི་ཚོགས་ལངས་ཀྱང་མཛད། འཛིན་གྲྭ་མཛོད་ཀྱི་སྐབས་མངོན་པ་ལ་ཐོས་བསམ་དཔྱིས་ཕྱིན་མཛད། མཛོད་ལ་སྙན་གྲགས་ཤིན་ཏུ་ཆེ།

དེ་རྗེས་བཀའ་རམས་འགོ་ཏུ་ཕེབས་སྐབས་འདུལ་བའི་གཞུང་དང་། རྣམ་འགྲེལ་གཞུང་ལ་ཐོས་བསམ་མཛད་ནས། བཀའ་རམས་གསར་པའི་གྲྭ་སྐོར་ལོ་གཅིག་ཆག་མེད་གནང་ནས་གྲྭ་ཚང་གི་སྒྲིག་སྲོལ་བཞིན་དབུ་ཕར་གཞུང་ལ་བསྐྱར་སྦྱང་དང་། འཛིན་གྲྭ་འགོ་མ་རྣམས་སུ་དམ་བཅར་ཕེབས་ནས་ཐོས་བསམ་བགྲོ་གླེང་མཛད་དེ་བློ་གསར་རྣམས་ཀྱི་བློ་གྲོས་ཀྱི་པད་མོ་འབྱེད་པའི་བཀའ་དྲིན་བསྐྱངས།

དུས་དེ་ནས་བཟུང་མཚན་བཏགས་མ་བཞེས་ཀྱི་བར་ལོ་མང་རིང་། གཞུང་ཆེན་ལ་རང་ཉིད་ཀྱིས་ཐོས་བསམ་མཛད་པར་མ་ཟད། འཛིན་གྲྭ་སོ་སོའི་སྐལ་ལྡན་སློབ་མ་ཆེས་མང་པོར། ཕར་ཕྱིན་སྐབས་བརྒྱད་ཀྱི་ཡིག་ཆ་དང་། གསེར་ཕྲེང་གཙོ་བོ་དང་། དབུ་མའི་འཛིན་གྲྭར་དབུ་མ་དགོངས་པ་རབ་གསལ་དང་། རྩ་ཤེས་ཊིཀ་ཆེན། ཡིག་ཆ་བཅས་གཙོ་བོ། མཛོད་འཛིན་གྲྭར། རྩ་བ་དང་། མཆིམས་མཛོད། ཡིག་ཆ་བཅས་གཙོ་བོ། དེ་བཞིན་འདུལ་བའི་སྐབས། གུང་ཐང་འདུལ་སྡོམ་དང་། མདོ་རྩ་མཚོ་ཊིཀ་ཡིག་ཆ་བཅས་གཙོ་བོར་མཛད་དེ། གཞན་ཡང་ཐད་ཀའི་ཟུར་བཀོལ་སོགས་གཞུང་ཆེན་ཀྱི་དཔེ་ཁྲིད་མཛད་ཅིང་། ལྷག་པར་མཛོད་ཡན་ཆད་ཀྱི་སྲོད་ཆོས། སྤྱིར་བསྟན་དང་དུས་ཚིགས་སོགས་ཀྱི་དཔེ་འཁྲིད་ཟབ་ཅིང་རྒྱས་པ་མཛད་ནས་སྐལ་བཟང་སློབ་མ་བསྐྱངས། དགེ་བཤེས་དམ་བཅའ་ཆེན་མོ་ལྟ་བུར་རང་ཉིད་གཅིག་པུས་རྟགས་གསལ་གཏོང་དགོས་སྐབས་བཀའ་པོད་ཅི་འདྲ་ཞིག་བཏང་རུང་ལུང་དང་རིགས་པའི་འཕྲུལ་ལ་དགེ་བཤེས་ཆེ་བགྲེས་ཐམས་ཅད་བསྒྲིམས་ཏེ་ཉན་དགོས་པ་ཡ་མཚན་ཞིག་ཡོད། གྲྭ་སར་ཕེབས་པ་ནས་བཟུང་གཞུང་ལུགས་ལ་སླབོ་གཉེར་མཛད་རིང་ཟས་གསོ་དང་གནས་མལ་གོས་ནི། མདོ་ལས་ཆོས་གོས་དང་། བསོད་སྙོམས་དང་། གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་འཕགས་པའི་རིགས། སྤོང་བ་དང་སྒོམ་པ་ལ་དགའ་བ་འཕགས་པའི་རིགས་ཞེས་གསུངས་པ་ལྟར་འཕགས་པའི་རིགས་བཞི་ལ་གནས་པའི་སྒོ་ནས་ཟས་གོས་སོགས་མཐའ་གཉིས་སུ་མ་ལྷུང་བ་ཙམ་གྱི་ཆོག་ཤེས་མཛད། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པ་ལྟར་གྱི་ཉམས་ལེན་མཐར་ཕྱིན་མཛད་པའི་སྐྱེས་མཆོག་དམ་པ་ཞིག་ཡིན།

དེ་ནས་ཕྱི་ལོ་༡༩༥༥ ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་དགེ་བཤེས་ཀྱི་གྲྭ་སྐོར་ལོ་གཅིག་རིང་ཆོས་གྲྭ་ཆག་མེད་མཛད། འདི་ལོའི་དབྱར་དུས་སུ་སེ་འབྲས་དགའ་གསུམ་གྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་དུ་མ་དང་ལྷན་ཅིག་ཏུ་ལྷ་རམས་པའི་རྒྱུགས་སྤྲོད་ནང་ཞུགས། ལོ་འདིའི་དགུན་ཆོས་ཆེན་མོའི་སྐབས་དགེ་བཤེས་གཏོང་སྒོ་བཏང་གནང་དང་། དགུན་ཆོས་ཀྱི་དམ་བཅའ་འགག་རིང་འགག་ཐུང་སོགས་དང་། དེའི་ཕྱི་ལོ་བོད་ཟླ་དང་པོའི་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད་དེ།ལྷ་རམས་པའི་དགེ་བཤེས་མཚན་བཏགས་ཀྱི་ཨང་དང་པོ་འོས་ངེས་ཡིན་ཀྱང་གསུམ་པ་བྱུང་།

 དེ་ནས་དགོས་པ་དུ་མའི་ཆེད་རྒྱུད་པ་གྲྭ་ཚང་དུ་མ་ཕེབས་པར་སྔར་བཞིན་དགོན་པར་བཞུགས་ནས་སློབ་མ་རྣམས་ལ་མདོ་སྔགས་གཞུང་ཆེན་གྱི་དཔེ་ཁྲིད་སྔར་བས་གཟབ་འགྲུས་མཛད་ཅིང་། རང་ཤག་ཏུ་སློབ་མ་མང་པོར་ལམ་རིམ་མཆན་བཞིའི་བཤད་ལུང་གནང་བ་དང་། སྔགས་ཀྱི་སྐོར་གསང་འདུས་དང་བདེ་མཆོག་སོགས་ཀྱི་དཔེ་འཁྲིད་ཀྱང་མཛད།

རང་ཉིད་ཀྱིས་ཕྱག་རྩོམ་གནང་བའི་ཕྱག་དཔེ་ཡང་ཕར་ཕྱིན་གྱི་དཀའ་གནད་དོགས་གཅོད་དང་། དབུ་མའི་དཀའ་གནད་དོགས་གཅོད། མཛོད་ཀྱི་དཀའ་གནད་དོགས་གཅོད། ལམ་གྱི་གཙོ་བོ་རྣམ་གསུམ་གྱི་རྒྱ་ཆེར་འགྲེལ་པ།དེ་མིན་སྔགས་ཀྱི་སྐོར་་སོགས་ཕྱག་རྩོམ་མཛད་ཅིང་། གཞན་ཡང་སྐྱེས་བུ་གསུམ་གྱི་ལམ་རིམ་དང་སྦྱར་བའི་རྣམ་རྩའི་སྨོན་ལམ་ཕྱག་རྩོམ་དང་འཁྲིད་ལུང་ཡང་གནང་། རྒྱུན་དུ་གསང་བ་འདུས་པའི་རྩ་རྒྱུད་ཞལ་འདོན་ཆག་མེད་མཛད་པ་སོགས་སྤངས་རྟོགས་ཀྱི་ཡོན་ཏན་བརྗོད་ལས་འདས།

སྐུ་སྒེར་ལ་ངལ་རྩོལ་སྐུལ་འདེད་རིགས་མ་བྱུང་ཞིང་། དེ་ལྟར་སྐུ་ཚེ་ཧྲིལ་པོ་བསྟན་པ་དང་འགྲོ་བའི་མཛད་བཟང་ཁོ་ནས་ཕྱི་ལོ་༡༩༦༧ ལོར་ཞི་བར་གཤེགས་སོ། །

བདག་ནི་དེང་ནས་བྱང་ཆེན་མ་ཐོབ་བར། །འདྲེན་མཆོག་ཁྱེད་ཀྱིས་མཉེས་བཞིན་རྗེས་བཟུང་སྟེ། །གསུང་གི་བདུད་རྩིར་ངོམས་མེད་ལོངས་སྤྱད་ནས། །ཟུང་འཇུག་གོ་འཕང་བདེ་བླག་མྱུར་ཐོབ་ཤོག །བུ་སློབ་སྟོད་ལུང་པ་དགེ་བཤེས་ཆོས་འཕེལ་རྣམ་རྒྱལ་ནས་རགས་ཙམ་བྲིས་པའ།ོ །

རྩོམ་ཡིག་གནང་མཁན་སྒྲོན་མེ།


  རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

དྲ་བའི་སྦྲེལ་ཐགhttp://www.tb1025.cn    


བརྒྱུད་འགོད།