ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ༧རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་མཆོག་གི་རྣམ་ཐར་མདོར་བསྡུས་ཡིད་ཆེས་དད་པའི་འཇུག་ངོགས།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-04-13 20:09:25     རྩོམ་པ་པོ།   དགེ་འདུན་ཆོས་གྲགས།    ཀློག་ཐེངས།  

ceac7d487debedda03180b06fb7edb23.jpg

ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ༧རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་མཆོག་གི་རྣམ་ཐར་མདོར་བསྡུས་ཡིད་ཆེས་དད་པའི་འཇུག་ངོགས།

༄༅།། འཇམ་དབྱངས་དགྱེས་མཛད་བཞད་པའི་རྡོ་རྗེ་ཡི།།

རིང་ལུགས་གཡས་འཁྱིལ་དུང་གི་སྒྲ་སྙན་པོས།།

ཇི་སྙེད་འཇིག་རྟེན་ཤིས་པར་སྒྲུབ་མཁས་པའི།།

རྣམ་མང་གདུལ་བྱ་རྒྱ་མཚོའི་མགོན་དེས་སྐྱོངས།།

ཞེས་བཀྲ་ཤིས་པའི་བདེན་ཚིག་ཨུཏྤལ་གསར་བའི་མེ་ཏོག་གི་སིལ་མ་བཀྲམ་པ་སྔུན་དུ་བཀོད་དེ་ཞུ་བའི་སྙིང་བོ་ལ།དེ་ཡང་མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ།བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་མཁས་པའི་དཔལ་ལྡན་བླ་མ་དམ་པ་༧རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་དཔལ་བཟང་བོ་མཆོག་ནི་དེང་གི་མདོ་སྨད་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཁོངས་ཀྱི་ཁོ་ཚེ་ལྷ་སྡེ་ཞེས་གྲགས་པའི་རུ་མང་ཚོ་བར།ས་ལ་དགེ་བཅུའི་དཔལ་ཡོན་རྫོགས་པ་ཁུ་འདུས་གསེར་གཞོང་ཞེས་གྲགས་པའི་སའི་ཆར་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པའི་ཡབ་ཚེ་རིང་དོན་འགྲུབ་དང༌།ཡུམ་སྒྲོལ་མ་སྐྱིད་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་དྲུག་པའི་ཆུ་བྱ་སྟེཕྱི་ལོ་༡༩༣༣ལོའི་ཧོར་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས།ཁོང་ནི་ཡབ་ཡུམ་དེ་གཉིས་ལ་སྲས་མིང་སྲིང་དགུ་ཡོད་པ་ལས་ཆེ་བ་དེ་ཡིན།དགུང་ལོ་བརྒྱད་བཞེས་པ་ལྕགས་འབྲུག་སྟེཕྱི་ལོ་༡༩༤༠ལོར་དཔལ་ལྡན་་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་ཁོང་གི་ཁུ་བོ་ཆེ་བ་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་ཞིང་།སྐྱེས་སྦྱངས་ཡོན་ཏན་གྱི་རྟོགས་པ་ཀློང་དུ་བརྡོལ་པའི་དཔལ་ལྡན་བླ་མ་དམ་པ༧རྗེ་བཙུན་འཇིགས་མེད་རྒྱ་མཚོ་དཔལ་བཟང་བོ་མཆོག་ལས་རབ་ཏུ་བྱུང་སྟེ།མཚན་ལ་འཇམ་དབྱངས་རྒྱ་མཚོ་ཞེས་གསོལ།ལོ་དེའི་དཔྱིད་ཆོས་ཆེན་མོར་ཚོགས་ཞུགས་གནངས་ཤིང་།དགེ་བའི་བཤེས་གཉེན་ཆེན་པོ༧རྗེ་འཇམ་དབྱངས་བརྩོན་འགྲུས་མཆོག་དགེ་རྒན་དུ་བསྟེན་ཏེ་ཐོག་དང་བོར་གཞུང་བཀའ་པོད་ལྔ་ལ་མང་དུ་ཐོས་པ་འཚོལ་བའི་གོ་ཆ་བརྟན་པོ་བདག་གིར་བཞེས།སྔ་གཞུག་ཏུ་ཁོང་གི་ཁུ་བོ་ཆེ་བ༧རྗེ་བཙུན་འཇིགས་མེད་རྒྱ་མཚོ་མཆོག་དང༌།༧རྗེ་སྐལ་བཟང་རྒྱ་མཚོ་རྣམ་གཉིས་གཙོར་བྱས།ཁོང་གི་དགེ་རྒན་བཀའ་དྲིན་ཅན་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ༧རྗེ་བཙུན་བསྟན་འཛིན་རྒྱ་མཚོ་དཔལ་བཟང་བོ་མཆོག་དང༌།རྗེ་བཙུན་སྦྱིན་པ་རྒྱ་མཚོ་དཔལ་བཟང་བོ་ལ་སོགས་པའི་ངེས་པ་དོན་གྱི་བཤེས་གཉེན་དམ་པ་མང་བོ་བསྟེན་ནས་མདོ་ཕྱོགས་བཀའ་པོད་ཆེན་པོ་ལྔ་དང༌།སྔགས་ཕྱོགས་རྒྱུད་སྡེ་བཞི་དང་བཅས་པ་ལ་འཆད་ཉན་རྡོ་རུས་ཐུག་པ་མཛད་པས་རྒྱ་བོད་ཀྱི་རིག་པའི་གཞུང་ལུགས་ཐམས་ཅད་མ་ཚང་བ་མེད་པར་ཐད་ཀ་ཐད་ཀའི་གཞུང་དང་གུང་བསྒྲིགས་ཏེ་དཔྱད་པ་གཏོང་བ་ལས་བམ་བཤད་དང་།འོལ་ཚོད།ཟོལ་འཇོག་ཙམ་མ་ཡིན་པར་དོན་གྱི་འགང་དང་མཐུན་པར་དཔེ་གཟིགས་དོགས་གཅོད་རྒྱ་ཆེར་མཛད་པའི་དཀའ་ཐུབ་ལ་བརྟེན་ནས་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་མཐའ་དག་ལ་གཞན་དྲིང་མི་འཇོག་པའི་མཁས་པའི་གོ་འཕང་མཐོན་པོར་མངའ་བརྙེས་པར་མ་ཟད།ཐུན་མོང་བའི་རིག་གནས་སུམ་རྟགས་དག་གསུམ་དང༌། སྒྲ། སྙན་ངག སྡེབ་སྦྱོར། སྨན།སྐར་རྩིས་དང་། ནག་རྩིས་དང་།ས་དཔྱད་སོགས་ལའང་དེ་ལུགས་ཀྱིས་གསན་སྦྱོང་དཔྱིས་ཕྱིན་པར་མཛད།དེ་ལྟར་མདོ་སྔགས་རིག་གནས་མཐའ་དག་ལ་སློབ་གཉེར་གནང་སྐབས་སྔ་གཞུག་ཏུ་སྐྱབས་འགྲོ་ཆོས་སྤྱོད་སོགས་ཀྱི་སྐོར་གང་མང་དང༌།རྗེའི་བསྟོད་ཆེན་བཞི།བསྡུས་གྲྭའི་རྩ་ཚིག་དང་།བསྡུས་གྲྭའི་མཐའ་དཔྱོད།བློ་རྟགས་གཉིས་ཀྱི་མཐའ་དཔྱོད།རྟགས་རིགས་རང་ལུགས།གྲུབ་མཐའ་རྩ་བ།གྲུབ་པའི་མཐའ་རིན་པོ་ཆེའི་ཕྲེང་བ།ས་ལམ་རྣམ་གཞག་ཐེག་གསུམ་མཛེས་རྒྱན།དོན་བདུན་ཅུའི་མཐའ་དཔྱོད་མི་ཕམ་བླ་མའི་ཞལ་ལུང༌།རྣམ་འགྲེལ་རྩ་བ།འགྲེལ་བ་དོན་གསལ།རྒྱན་འཇུག་གཉིས།རྒྱུད་བླ་མ།སྤྱོད་འཇུག་ཆེན་མོ།ཀུན་གཞིའི་རྩ་བ།ཕར་ཕྱིན་མཐའ་དཔྱོད་ཀྱི་སྟོད་ཆ་ཡོངས་རྫོགས།སྐབས་བཞི་བའི་མཐའ་དཔྱོད་སྡོམ་དང་བཅས་པ།དྲང་ངེས་ལེགས་བཤད་སྙིང་བོ།རྗེའི་ལེགས་བཤད་གསེར་ཕྲེང་སྐབས་དང་བོ་ལས་ཤོག་ལྡེབས་བརྒྱ་ཕྲག་ལྷག་དང་།གསེར་ཕྲེང་སྐབས་གསུམ་པ།རྟེན་འབྲེལ་ལུང་རིགས་བང་མཛོད།བསམ་གཟུགས་ལེགས་བཤད་བུམ་བཟང༌།དབུ་མ་ལུང་རིགས་སྒྲོན་མེའི་སེམས་བསྐྱེད་ལྔ་བ་ཡན་ཆད།འཇུག་ཊཱིཀ་གསལ་བའི་མེ་ལོང༌ཆ་ཚང་བ།མཛོད་རྩ་བ་དང་།མཛོད་ཀྱི་སྡོམ།འདུལ་བའི་སྡོམ་ཚིག་དང་།དབྱངས་ཅན་སྒྲ་མདོ།སྨན་གྱི་རྒྱུད་ཆུང་གསུམ་ལས་ཉེར་མཁོའི་སྐོར་ཤོག་ལྡེབས་བཞི་བཅུ་ལྷག་སོགས་གཞུང་ལུགས་མང་བོ་ཐུགས་འཛིན་བྱང་ཆུབ་པ་གནངས་ཤིང་།གཞུང་དེ་དག་ཀྱང་གནས་སྐབས་སུ་ཐུགས་ལ་བཟུང་བ་ཙམ་མ་ཡིན་པར་དུས་རྣམས་ཀུན་ཏུ་ཐུགས་ཐོག་ནས་སྐྱོར་སྦྱངས་ཡོད་པ་གཞིར་བྱས་ལ།ཁྱད་པར་དུ་འགྲེལ་བ་དོན་གསལ་དང་།མཛོད་རྩ་སྡོམ།རྒྱུད་བླ་མ་དང་རྣམ་འགྲེལ་རྩ་བ།སྤྱོད་འཇུག་ཆེན་མོ་རྣམས་ནི་སྐྱོར་སྦྱངས་ཀྱི་མཐིལ་དུ་མཛད་ལ།སྒོས་སུ་དྲང་ངེས་ལེགས་བཤད་སྙིང་བོ་དང་།རྣམ་འགྲེལ་རྩ་བ་གཉིས་ནི་ཚར་གྲངས་ཁྲི་ཕྲག་མང་བོར་ཐུགས་ཐོག་ནས་སྐྱོར་བ་སོགས་ཀྱི་མཛད་པ་རྣམས་ཕལ་བའི་བློ་ཡུལ་ལས་འདས།དགུང་ལོ་ཉེར་གསུམ་བཞེས་པ་ཤིང་ལུག་སྟེ་ཕྱི་ལོ༡༩༥༥ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་བཞི་བའི་འཛིན་གྲྭ་གཏུགས་ཀྱི་ཁྱབ་འགྲིག་པར་བཞུགས་སྐབས་སྔ་རྒོལ་དུ་མས་ཐལ་ཕྲེང་དང་།ཁྱད་པར་དུ་དྲང་ངེས་སྐོར་ལས་འཕྲོས་པའི་རྟགས་གསལ་རྣོན་པོ་མང་བོ་བཏང་བྱུང་བ་རྣམས་ལ་ཤར་ཤར་དུ་སྒྲ་གསལ་ལ་སྨྲ་དག་སྙན་གསུམ་གྱིས་ཁྱབ་འགྲིག་འཕྲོ་རིམ་འཕྲོར་བཅད་པས་རྟོག་གེའི་དབང་བོ་རྣམས་ཕལ་ཆེར་ངག་མི་སྨྲ་བའི་བརྟུལ་ཞུགས་ལ་བཀོད་པས་མཁས་མང་འདུས་པ་རྒྱ་མཚོས་བསྔགས་བརྗོད་ཀྱི་མེ་ཏོག་མངོན་པར་སྟོར།དེར་མ་ཟད་ལོ་དེའི་དགུན་ཆོས་ཆེན་མོར་མཁས་མང་འདུས་པ་འབུམ་སྡེའི་དབུས་སུ་ཕར་ཕྱིན་སྟོན་མོའི་དམ་བཅའ་ཕུལ་བས་མཁས་གྲགས་ཀྱིས་ས་སྟེང་ཁྱབ་པ་བྱུང་།དགུང་ལོ་ཉེར་དྲུག་བཞེས་པ་ས་ཁྱི་སྟེ་ཕྱི་ལོ༡༩༥༨ལོར་དུས་ཟིང་དང་འཕོ་འགྱུར་སྣ་ཚོགས་ཀྱི་དབང་གིས་དགོན་པར་བཞུགས་མ་ཚུགས་པར་ཕྱི་ལོགས་སུ་བཞུགས་དགོས་བྱུང༌།དགུང་ལོ་སུམ་ཅུ་བཞེས་པ་ཆུ་སྟག་སྟེ་ཕྱི་ལོ༡༩༦༢ལོར་ཕྱིར་དགོན་པར་ཕེབས་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་༧རྗེ་བཙུན་བསྟན་འཛིན་རྒྱ་མཚོ་མཆོག་ལས་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་ཡང་དག་པར་བཞེས།དེ་དུས་ཤིག་ཡང་བསྐྱར་དགེ་རྒན་བཀའ་དྲིན་ཅན་རྗེ་བསྟན་འཛིནརྒྱ་མཚོ་མཆོག་གི་སྐུ་མདུན་དུ་ཕེབས་དུས་དགེ་རྒན་ཚང་ནས་རྗེའི་བསྟོད་འགྲེལ་ཆེན་མོའི་གླེགས་བམ་ཞིག་གནངས་པར་རྟེན་ འབྲེལ་གྱི་གནད་ཟབ་མོ་ཞིག་ཡོད་ངེས་ཀྱང་སྐབས་དེར་ཁོང་གི་ཐུགས་སུ་ཡར་བླ་མ་རིན་པོ་ ཆེར ་འབུལ་རྒྱུ་ཞིག་མེད་ན་མར་ལེན་རྒྱུ་ཞིག་གང་ན་ཡོད་བསམ་ནས་མ་བླངས་པ་དེར་ད་ལྟ་བསམ་ན་ཧ་ཅང་འགྱོད་ཅེས་ཡང་ཡང་གསུངས་པ་བདག་གིས་ཐོས།དགུང་ལོ་སོ་གཅིག་བཞེས་པ་ཆུ་ཡོས་ཏེ་ཕྱི་ལོ༡༩༦༣ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་སྨོན་ལམ་རབ་འབྱམས་པའི་མཚན་བཏགས་བཞེས།དེ་ནས་རིམ་གྱིས་ལོ་བཅུའི་གོད་ཆག་གི་འགོ་བརྩམས་པས་དགོན་པའི་ནང་རྒྱུན་བཞུགས་གནང་མ་ཐུབ་པར་ལྷ་སྡེ་ཕྱོགས་ཡས་མས་སུ་བཞུགས་དགོས་བྱུང་ནའང་སྡོམ་པ་གསུམ་གྱི་བཅས་མཚམས་མཐའ་དག་ལ་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པར་དམ་སྡོམ་སྤྱན་འབྲས་ལྟར་བསྲུང་ངོས་ནས་ནངས་དགོང་མཚན་གསུམ་གྱི་ཁོམ་ལོང་ནམ་ཡོད་བེད་སྤྱད་དེ་ཐོས་བསམ་སྒོམ་གསུམ་གྱི་རྒྱུན་སྐྱོང་མུས་སུ་བཞུགས།དགུང་ལོ་ཞེ་གཉིས་བཞེས་པ་ཤིང་སྟག་སྟེ་ཕྱི་ལོ་༡༩༧༤ལོར་ཕྱག་ཡུལ་ཁོ་ཚེ་རུ་ཕེབས་ནས་ལྷ་རྗེའི་བརྟུལ་ཞུགས་བདག་གིར་བཞེས་ཏེ་ཕྱོགས་ཡས་མས་ཀྱི་ནད་པ་མང་པོ་ན་བའི་སྡུག་བསྔལ་ལས་བསྐྱབས།དགུང་ལོ་ཞེ་དྲུག་བཞེས་པ་ས་རྟ་སྟེ་ཕྱི་ལོ་༡༩༧༨ལོར་ཏང་གི་སྲིད་ཇུས་ཀྱི་གནས་བབས་ཇེ་བཟང་དུ་སོང་བ་དང་བསྟུན་ནས་ཕྱིར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་མཐའ་བའི་ལྷ་སྡེ་གོང་འགབ་སོགས་སུ་བཞུགས་ཏེ་སྔར་འཕྲོའི་དཔེ་གཟིགས་དཔེ་ཁྲིད་སོགས་ཀྱི་རྒྱུན་བསྐྱངས།སྔ་གཞུག་ཏུ་རྡོ་རྗེ་འཆང་ཆེན་པོ༧རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་བོ་མཆོག་དང༌།པཎ་ཆེན་བཅུ་བ་ཆེན་པོའི་ཡོངས་འཛིན་༧རྗེ་བཙུན་འཇིགས་མེད་རྒྱ་མཚོ་ཚང་།རྗེ་ལྷ་མོ་བློ་བཟང་ཚུལ་ཁྲིམས།ཁྲི་ཆེན་འཇམ་པའི་དབྱངས་སྐུ་ཕྲེང་དྲུག་པ་ཆེན་པོ༧་རྗེ་བཙུན་འཇིགས་མེད་བསྟན་པའི་དབང་ཕྱུག་དཔལ་བཟང་བོ།ལཱ་མོའི་ཡོངས་འཛིན༧རྗེ་བཙུན་བློ་བཟང་མཁས་གྲུབ་རྒྱ་མཚོ།རྗེ་དམེ་ཤུལ་འཇིགས་མེད་རྒྱ་མཚོ།ལཱ་མོ་བདེ་ཆེན་པ༧རྗེ་བཙུན་དགེ་འདུན་རྒྱ་མཚོ།༧རྗེ་བཙུན་བསམ་གཏན་རྒྱ་མཚོ།རྡོ་རྗེ་འཆང་ཆེན་པོ༧རྗེ་བཙུན་དཀོན་མཆོག་མཁྱེན་རབ་རྒྱ་མཚོ་དཔལ་བཟང་བོ་སོགས་རྡོ་རྗེ་འཆང་དངོས་དུ་མ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དང་།མི་ཏྲ་བརྒྱ་རྩ།རྡོ་རྗེ་འཕྲེང་བ།བདེ་མཆོག་རབ་འབྱམས་དང་།རྔོག་དཀྱིལ་བདུན།བདེ་གསང་འཇིགས་གསུམ།སྒྲུབ་ཐབས་རིན་འབྱུང༌།སྒྲུབ་ཐབས་རྒྱ་མཚོ།བ་རི་བརྒྱ་རྩ།སྣར་ཐང་བརྒྱ་རྩ།ཞལ་རྣམ་འགྱུར་བཅུ་བདུན།གསེར་ཆོས་བཅུ་གསུམ།འཇམ་དབྱངས་ཆོས་སྐོར།མགོན་བཀའ་བཅུ་གསུམ།སྟག་ཕུའི་དག་སྣང༌།རྣམ་སྲས་བཀའ་བཅོ་ལྔ།གྲུབ་ཆེན་བརྒྱད་ཅུའི་རྗེས་གནང་སོགས་སྤྱི་ཟུར་གྱི་དབང་དང་རྗེས་གནང་སྟོང་ཕྲག་མང་པོ་བརྒྱུད་ལྡན་བླ་མ་དམ་པའི་ཕྱག་བཞེས་བཞིན་དུ་གསན་ལ།དེ་དག་ཀྱང་སྤྱི་ཟུར་གྱི་དབང་རྗེས་གནང་གི་རྒྱུན་ཙམ་བླངས་པ་མ་ཡིན་པར་བླ་མ་ཡི་དམ་དང་།དཀྱིལ་འཁོར་གྱི་ལྷ་དེ་དང་དེའི་བསྙེན་པ་ཁ་སྐོང་སྦྱིན་བསྲེག་དང་བཅས་པའང་འགྲོ་ངེས་མཛད་པའི་ཚུལ་སོགས་བསམ་བརྗོད་ཀྱི་ཡུལ་ལས་འདས།གཞན་ཡང་བསྟན་འགྱུར་རིན་པོ་ཆེ་ལས་ཁོང་ཨ་ལགས་རིན་པོ་ཆེའི་གསན་ཡིག་ལྟར་དུ་ལུང་རྒྱུན་གང་བཞུགས་ཐམས་ཅད་དང༌།རྗེ་ཡབ་སྲས་གསུམ་དང་ཀུན་མཁྱེན་ཡབ་སྲས་སོགས་ཀྱི་བཀའ་འབུམ་གྱི་བཀླགས་ལུང་དང་།ཁྲིད་བཤད་ལུང་སོགས་ཆོས་རྒྱུན་དཀོན་པ་མཐའ་དག་ཆེད་གཉེར་གྱིས་གསན་བཞེས་མཛད་དེ།རྒྱལ་བའི་བསྟན་པ་རིན་པོ་ཆེར་ཕན་རླབས་གང་ཆེའི་རིགས་མཛད་པས་མཚོན་དམ་པ་གང་གིས་སྐུ་ཚེ་གང་བོར་ལྟོ་གོས་གཏམ་གསུམ་ལ་གྱོང་བསྐུར་ནས་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་དཔྱིས་ཕྱིན་པར་མཛད་ཅིང༌།དབང་ལུང་མན་ངག་སོགས་ཟབ་རྒྱས་གདམས་པ་བྱེ་བའི་གཏེར་མཛོད་དུ་གྱུར་པའི་ཚུལ་སོགས་དེང་གི་ཆ་ལ་དགུང་ཉི་ཟླའི་འོད་སྣང་འཛམ་གླིང་ས་བཅུ་གཉིས་ཀྱི་ཆ་ལ་ཁྱབ་པའི་རང་བཞིན་དུ་བཞུགས་པ་འདི་ལགས་སོ།།དགུང་ལོ་ལྔ་བཅུ་བཞེས་པ་ཆུ་ཁྱི་སྟེ་ཕྱི་ལོ༡༩༨༢ལོར་སྐྱབས་མགོན་ཐམས་ཅད་མཁྱེན་པ༧རྗེ་བཙུན་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གི་ཞལ་སྔ་ནས་ཀྱི་བཀའ་གསུང་ལྟར་དུ་བླ་བྲང་དགོན་པའི་དོ་དམ་ཁང་དུ་ཕེབས་ནས་བླ་མ་དང་།གྲྭ་ཚང་གི་འཆད་ཉན་བཤད་སྒྲུབ་ཀྱི་ཆ་ལ་གང་ཕན་ཅི་ལེགས་ཀྱི་ཐུགས་ཁུར་རླབས་ཆེན་བསྐྱངས་ཏེ་ཞབས་ཞུ་གང་ལེགས་བསྒྲུབས་ལ།ཁྱད་པར་དུ་དུསདེ་ནས་བཟུང་སྟེ་གདན་ས་ཆེན་པོ་མདོ་སྨད་བསྟན་པའི་འབྱུང་གནས་དཔལ་ལྡན་བཀྲ་ཤིས་འཁྱིལ་དུ་རྒྱུན་བཞུགས་ཀྱིས་མདོ་དབུས་ཁམས་གསུམ་ནས་སླེབས་པའི་སློབ་གཉེར་བ་མང་བོར་གཞུང་བཀའ་པོཏ་ལྔས་མཚོན་མདོ་སྔགས་རིག་གནས་དང་བཅས་པའི་དཔེ་ཁྲིད་ཆུ་བོའི་རྒྱུན་བཞིན་གནངས་པས་ལོ་བཅུའི་གོད་ཆག་གི་སྐབས་སུ་འཆད་ཉན་བཤད་སྒྲུབ་ཀྱི་བྱ་བ་རྣམས་ཉམས་རྒུད་དུ་གྱུར་པ་མཐའ་དག་སླར་ཡང་རྫོགས་ལྡན་བཞིན་དུ་སླར་གསོ་མཛད་པ་སོགས་ཆེས་གཞལ་དུ་མེད་པའི་བཀའ་དྲིན་བསྐྱངས་པའོ།།

དགུང་ལོ་ང་གསུམ་བཞེས་པ་བོད་རབ་བྱུང་བཅུ་བདུན་པའི་མེ་སྟག་སྟེ་ཕྱི་ལོ༡༩༨༦ལོར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་གསར་ཚུགས་སྐབས་གོང་ས་སྐྱབས་མགོན་ཀུན་མཁྱེན་དྲུག་པ་ཆེན་པོ་མཆོག་གི་ བཀའ་གསུང་ བཞིན་དུ་སློབ་གླིང་ དེ་གར་ཕེབས་པ་ནས་ བཟུང་ད་ལྟའི་བར་ དགེ་ རྒན་ཆེན་མོའི་ཐུགས་འགན་བཞེས་ཏེ།དབུ་ཕར་དང་།མཛོད་འདུལ།ལམ་རིམ་ཆེ་ཆུང་སོགས་ཀྱི་དཔེ་ཁྲིད་ཟབ་རྒྱས་གནངས་མུར་བཞུགས་པའོ།།དགུང་ལོ་ང་བདུན་བཞེས་པ་བོད་རབ་བྱུང་བཅུ་བདུན་པའི་ལྕགས་རྟ་སྟེ་ཕྱི་ལོ༡༩༩༠ནས་བཟུང་ལོ་ངོ་གསུམ་གྱི་རིང་ལ་གསོ་རིག་གཞན་ཕན་གླིང་སྟེ་བླ་བྲང་སྨན་པ་གྲྭ་ཚང་གི་ཁྲི་ཁུར་བསྐྱངས་ཏེ།དཔལ་ལྡན་རྒྱུད་བཞི་དང་ལམ་རིམ་སོགས་ཀྱི་ཁྲིད་གནངས་པར་མ་ཟད་ཕྱོགས་གང་ཅིའི་ཐད་ནས་བསྙེན་བཀུར་གཟབ་རྒྱས་ཞུས།

དགུང་ལོ་དྲུག་ཅུ་བ་དང་རེ་གཉིས་པ་གཉིས་ལ་སྔ་གཞུག་ཏུ་སྐྱབས་རྗེ་ཐུའུ་བཀྭན་མཆོག་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པ་༧རྗེ་བཙུན་འཇམ་དབྱངས་བློ་བཟང་བསྟན་པའི་ཉི་མ་མཆོག་དང་།ཁྲི་ཆེན་ཟམ་ཚ་མཆོག་སྤྲུལ་སྐུ་ཕྲེང་བདུན་པ༧རྗེ་བཙུན་བློ་བཟང་དཀོན་མཆོག་ནམ་མཁའ་རྒྱལ་མཚན་རྣམ་གཉིས་ཀྱི་ཡོངས་འཛིན་དུ་བཞུགས་ནས་ཆོས་སྲིད་ལུགས་གཉིས་ཀྱི་ཆ་ནས་གཅེས་སྐྱོང་ཚད་མེད་པ་གནངས།

དགུང་ལོ་རེ་གསུམ་བཞེས་པ་བོད་རབ་བྱུང་བདུན་པའི་ཤིང་ཕག་སྟེ་ཕྱི་ལོ༡༩༩༥ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཁྲི་ཁུར་བཞེས་ཏེ་འགྲེལ་བ་བཞི་སྦྲགས་ཀྱི་ཁྲིད་གནངས་པར་མ་ཟད་གྲྭ་ཚང་རིན་པོ་ཆེར་བསྙེན་བཀུར་བླ་ན་མེད་པ་ཞུས་པའི་ཚུལ་བསམ་གྱིས་མི་ཁྱབ།དགུང་ལོ་རེ་དྲུག་བཞེས་པ་ས་སྟག་སྟེ་ཕྱི་ལོ་༡༩༩༨ལོར་ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་༧རྗེ་བཙུན་བློ་བཟང་བྱམས་པ་ལྷུན་གྲུབ་ཆོས་ཀྱི་རྒྱལ་བོ་མཆོག་གི་ཡོངས་འཛིན་དུ་ཕེབས་ནས་སྔ་གཞུག་ཏུ་པེ་ཅིན་དང་གཙང་བཀྲ་ཤིས་ལྷུན་པོ་སོགས་སུ་ཕེབས་ནས་གཞུང་བཀའ་པོད་ལྔའི་དཔེ་ཁྲིད་དང་།ཁྱད་པར་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སོགས་དབང་ལུང་མན་ངག་རྗེས་ཁྲིད་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་ཕུལ།

དགུང་ལོ་དོན་གཉིས་བཞེས་པ་བོད་རབ་བྱུང་བཅུ་བདུན་པའི་ཤིང་སྤྲེལ་ཏེ་ཕྱི་ལོ་༢༠༠༤ལོར་བོད་བརྒྱུད་ནང་བསྟན་མཚན་གནས་ལས་དོན་མཛུབ་སྟོན་ཨུ་ཡོན་གྱི་འགན་བཞེས།ལོ་དེའི་སྤྱི་ཟླ་དགུ་བར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་སྐབས་དང་བོའི་ནང་རིག་དགེ་རྒན་ལ་གདན་ཞུས་ལྟར་སྐབས་དང་བོའི་མཐོ་རིམ་རབ་འབྱམས་པའི་དགེ་རྒན་དུ་ཕེབས།

དགུང་ལོ་དོན་དྲུག་བཞེས་པ་བོད་རབ་བྱུང་བཅུ་བདུན་པའི་ས་བྱི་སྟེ་ཕྱི་ལོ་༢༠༠༨ལོའི་ཧོར་ཟླ་བཅུ་བའི་ཚེས་གཉིས་ཉིན་ཁྲི་ཆེན་གུང་ཐང་འཇམ་པའི་དབྱངས་སྐུ་ཕྲེང་བདུན་པ་མཆོག་ལ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ལེགས་པར་ཕུལ་ཞིང་མཚན་ལ་༧བློ་བཟང་འཇམ་དབྱངས་དགེ་ལེགས་བསྟན་པའི་མཁན་ཆེན་ཞེས་གསོལ།

དགུང་ལོ་དོན་བདུན་བཞེས་པ་བོད་རབ་བྱུང་བཅུ་བདུན་པའི་ས་གླང་སྟེ་ཕྱི་ལོ༢༠༠༩ལོའི་ཧོར་ཟླ་དྲུག་པའི་ཚེས་བཞིའི་ཉིན་ཀུན་གཟིགས་པཎ་ཆེན་བཅུ་གཅིག་པ་ཆེན་པོ་མཆོག་ལ་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་ཕུལ་ཅིང་།མཚན་ལ་༧ འཇམ་དབྱངས་བློ་བཟང་བྱམས་པ་ལྷུན་འགྲུབ་ཆོས་ཀྱི་རྒྱལ་བོ་ཞེས་གསོལ།དགུང་ལོ་དོན་བརྒྱད་བཞེས་པ་བོད་རབ་བྱུང་བཅུ་བདུན་པའི་ཆུ་སྟག་སྟེ་ཕྱི་ལོ༢༠༡༠ལོར་གདན་ས་ཆེན་པོ་གཙང་བཀྲ་ཤིས་ལྷུན་པོའི་དགོན་གཞུང་དང་ལཱ་མོ་ཞབས་དྲུང་དཀར་པོའི་མཆོག་སྤྲུལ་རིན་པོ་ཆེ་སོགས་ཀྱིས་སྔ་མོ་ནས་གསོལ་བ་བཏབ་པ་ལྟར་སྒྲུབ་ཐབས་རིན་འབྱུང་དང་སྒྲུབ་ཐབས་རྒྱ་མཚོ་སོགས་ཀྱི་རྗེས་གནང་བསྩལ།

དགུང་ལོ་དོན་དགུ་བཞེས་པ་བོད་རབ་བྱུང་བཅུ་བདུན་པའི་ལྕགས་ཡོས་ཏེ་ཕྱི་ལོ༢༠༡༡ལོར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་ཁྱད་འཕགས་དགེ་རྒན་དུ་གདན་འདྲེན་ཞུས།

དགུང་ལོ་བརྒྱད་ཅུ་བཞེས་པ་བོད་རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་སྟེ་ཕྱི་ལོ་༢༠༡༢ལོའི་གནམ་ལོ་གསར་ཚེས་ལ་ཁོང་གིས་དགུང་ལོ་ བརྒྱད་ཅུ་ བཞེས་པར་ དགོན་སྡེ་ ཁག་དང་ དངོས་སློབ་ མང་ བོས་རྟེན་འབྲེལ་ཕུན་སུམ་ཚོགས་པ་ཞུས།སྐབས་དེར་ཁོང་ནས་ཀྱང་དངོས་སློབ་རྣམས་ལ་རྗེ་ ཚེ་ འཛིན་མའི་ལི་སྐུ་བྱིན་ཅན་རེ་རྟེན་སྐལ་ དུ་ བསྩལ།འདི་ལོའི་ ཧོར་ཟླ་བཞི་ བ་ཕྱི་མར་ ལོ་ངོ་ དུ་ མའི་ཡར་སྔོན་ནས་ཁོ་ཚེ་ལྷ་སྡེ་དགོན་གྲོང་གཉིས་ཀྱིས་་ཡང་ཡང་གསོལ་བ་ཕུར་ཚུགས་སུ་བཏབ་པ་དང་།སྒོས་སུ་སྐྱབས་མགོན་ཀུན་མཁྱེན་དྲུག་པ་རིན་པོ་ཆེ་མཆོག་ནས་བཀའ་བཀྲོལ་བ་ལྟར་ཁོ་ཚེ་བཀྲ་ཤིས་ཐང་དུ་གྲྭ་བཙུན་ཆིག་ཁྲི་ལྷག་དང་།ཕྱོགས་སོ་སོའི་དད་ལྡན་ཆོས་ཞུ་བ་ཉིས་འབུམ་ལྷག་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་གི་རིམ་པ་རྣམས་བརྒྱུད་ལྡན་བླ་མ་དམ་པའི་ཕྱག་བཞེས་བཞིན་དུ་སྨིན་རྒྱས་སུ་བསྩལ།སྐབས་དེའི་བཀའ་དྲིན་གཏང་རག་གི་མཎྜལ་འབུལ་ཚན་ལས་ཁོང་བླ་མ་དམ་པ་རྣམས་ལ་སྐུ་འབུལ་དང་།གྲྭ་ཚང་སོ་སོ་དང་སློབ་གྲྭ་ཁག་ལ་གནངས་སྦྱིན་སོགས་སུ་དམངས་སྒོར་ཁྲི་སུམ་བརྒྱ་ལྷག་ཕུལ།དགུང་ལོ་གྱ་གཅིག་བཞེས་པ་བོད་རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་ཏེ་ཕྱི་ལོ༢༠༡༣ལོར་སློབ་བུ་རྒན་གྲས་སུ་གཏོགས་པ་ཉུང་ཤས་ལ་རྗེ་ཤེས་རབ་རྒྱ་མཚོའི་བཀའ་འབུམ་བཀའ་རྒྱ་དང་བཅས་པའི་ལུང་རྐྱང་དང་བཤད་ལུང་གང་བཞུགས་རྣམས་བསྩལ།

དགུང་ལོ་གྱ་གསུམ་བཞེས་པ་བོད་རབ་བྱུང་བཅུ་བདུན་པའི་ཤིང་ལུག་སྟེ་ཕྱི་ལོ༢༠༡༥ལོའི་སྤྱི་ཟླ་དྲུག་པའི་ཚེས་བཅུའི་ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིན་མཆོག་དང་མཇལ་ཕྲད་ཀྱིས་བསྟན་འགྲོའི་གནས་བབས་ལ་དགོངས་པའི་ནང་སྦྱར་གྱི་གསུང་གླེང་མཛད།དེའི་རྗེས་ཧོར་ཟླ་ལྔ་བའི་ནང་དུ་རྒན་གྱ་ཚོ་བ་དྲུག་གི་སེར་སྐྱ་ཡོངས་ཀྱི་འདུན་པ་ཆིག་དྲིལ་གྱིས་གསོལ་བ་ཡང་ཡང་བཏབ་པ་དང་།ཁྱད་པར་དུ་གོང་ས་སྐྱབས་མགོན་དྲུག་པ་ཆེན་པོ་མཆོག་གིས་གཟིགས་སྐྱོང་དྲི་མ་མེད་པ་ལ་བརྟེན་ནས་ཡུལ་མདོ་སྨད་ཀྱི་ཡུལ་གྲུ་ཆེན་པོ་རྒན་གྱའི་བཀྲ་ཤིས་བདེ་འཛོམས་ཐང་དུ་དད་ལྡན་བཞི་འབུམ་ལྔ་ཁྲི་ལྷག་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ།དེར་ཡང་སྦྱིན་བདག་གི་འབུལ་ཚན་ལས་གོང་ས་སྐྱབས་མགོན་མཆོག་དང་གྲྭ་ཚང་སོ་སོར་དམངས་སྒོར་ཁྲི་ཉིས་བརྒྱ་ལྷག་གིས་བསྙེན་བཀུར་ཞུས།

སྤྱིར་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་ཁོང་ཉིད་བོད་ཁུལ་གྱི་དགོན་སྡེ་ལྔ་བཅུ་ལྷག་གིས་གདན་ཞུས་ལྟར་ཕེབས་པ་རྣམས་སུ་དབང་བཀའ་ཅི་རིགས་ཀྱི་ཆོས་སྦྱིན་གནངས་པར་མ་ཟད། དགོན་པ་དག་གིས་འབུལ་བ་གང་ཕུལ་རྣམས་ཕྱིར་དགོན་གཞུང་ལ་བསྩལ་ཅིང་།ཁྱད་པར་དུ་དགོན་སྡེ་གར་ཕེབས་ཀྱི་དགེ་འདུན་པ་རེ་རེའི་ཕྱག་ཏུ་དམངས་སྒོར་བརྒྱ་ཐམ་པ་རེ་སྐུ་འགྱེད་དུ་བསྟར་བ་ལགས་སོ། །

དགུང་ལོ་གྱ་བཞི་བཞེས་པ་བོད་རབ་བྱུང་བཅུ་བདུན་པའི་མེ་སྤྲེལ་ཏེ་ཕྱི་ལོ༢༠༡༦ལོའི་ཧོར་ཟླ་བདུན་པར་ཧི་པེ་ཞིང་ཆེན་ཁྲིན་ཏུ་གྲོང་ཁྱེར་གྱི་ཀུན་ཏུ་བདེ་བའི་གླིང་དགོན་པས་གདན་ཞུས་ལྟར་ཕེབས་ནས་བོད་རྒྱ་སོག་གསུམ་གྱི་དད་ལྡན་ཉིས་ཁྲི་ལྷག་ལ་སྟ་གོན་སྔོན་དུ་སོང་བའི་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དབང་བཞི་སྨིན་རྒྱས་སུ་བསྩལ།

དགུང་ལོ་གྱ་ལྔ་བཞེས་པ་བོད་རབ་བྱུང་བཅུ་བདུན་པའི་མེ་བྱ་སྟེ་ཕྱི་ལོ་༢༠༡༧་ལོའི་ཧོར་ཟླ་བཞི་བའི་ཚེས་གཅིག་ཉིན་ཁོ་ཚེ་དགོན་བདེ་ཆེན་ཆོས་འཁོར་གླིང་དུ་ཕེབས་ནས་སེར་སྐྱ་ཉིས་ཁྲི་ལྷག་ལ་སེམས་བསྐྱེད་མཆོད་པ་གནངས། གཞན་ཡང་མཚོ་སྔོན་རྐང་ཚའི་དཔལ་དགེ་དཔོན་ཚང་ཞོལ་མ་དགོན་གྲོང་གིས་སྔ་མོ་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུས་པར་ཞལ་བཞེས་ཟབ་མོ་གནངས་ཡོད་མོད་ཀྱང་རྐྱེན་དབང་གིས་དོན་ཐོག་ཏུ་མ་འཁྱོལ་བར་བརྟེན། འདི་ལོའི་ཧོར་ཟླ་ལྔ་བར་རྐང་ཚའི་དཔོན་ཚང་ཞོལ་མའི་དགོན་དང་། གསེར་རྡེལ་དགོན་པ། དབེན་གནས་པད་དཀར་ཆོས་རྫོང་དགོན་པ། གསེར་བཟང་འགྲོ་ཕན་གླིང་ག རྐང་ཚའི་དགོན་ཆེན། རྐང་ཚའི་དགོན་ཆུང་བཅས་སུ་ཆེད་དུ་ཕེབས་ནས་ཁོ་ཚོའི་རེ་འདུན་ལྟར་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་དང་། འཕགས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་སོགས་བསྩལ།ཧོར་ཟླ་དྲུག་པ་ཕྱི་མའི་ཚེས་དགུའི་ཉིན་རྔ་བའི་སྒོ་མང་དགོན་དང་།ཨ་ལགས་འཇམ་པོ་སྤྲུལ་བའི་སྐུ་ཧར་བ་འཇམ་དབྱངས་བློ་གྲོས་མཆོག་གིས་གདན་ཞུས་ལྟར་མདོ་སྨད་རྔ་ཡུལ་སྒོ་མང་དགོན་པའི་ཕོ་བྲང་ཡིད་དགའ་ཆོས་འཛིན་ལེགས་གྲུབ་དང་འབྲེལ་བར་གྲྭ་བཙུན་བདུན་སྟོང་དང་ཆོས་ཞུ་བ་ཁྲི་ཕྲག་ལྷག་ལ་སེམས་བསྐྱེད་མཆོད་པ་བསྩལ།ཧོར་ཟླ་བདུན་པའི་ཚེས་དགུའི་ཉིན་བསང་ཚོ་རྩེ་བདུན་གྱིས་ཞུས་ངོར་ཀན་སུའུ་ནང་བསྟན་སློབ་གླིང་དུ་སེར་སྐྱ་སུམ་ཁྲི་ལྷག་ལ་གདུགས་དཀར་བྱད་གྲོལ་གཏད་གྲོལ་གྱི་དབང་བསྩལ།ཧོར་ཟླ་བདུན་པར་ཚོགས་ཆེན་ཁྲི་ཟུར་རྒྱལ་མཁན་པོ་ཚང་སོགས་ཀྱིས་ཞུས་ངོར་རྡོར་དབྱིངས་ཀྱི་དབང་དང་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་ཟབ་མོ་བསྩལ་པ་སོགས་དམ་པ་ཁོང་གིས་སྐུ་ཚེ་གང་བོར་བསྟན་འགྲོའི་དོན་རླབས་པོ་ཆེ་ལ་དགོངས་ནས་ཕྱོགས་ཀྱི་ཡུལ་གྲུ་སོ་སོར་ཕེབས་ཏེ་རྒྱལ་བསྟན་ཆོས་ཀྱི་སྒྲོན་མེ་མཁའ་ཁྱབ་ཏུ་སྤེལ་བས་ལེགས་མཛད་འཕྲིན་ལས་ཀྱི་སྣང་བ་ཡུག་གཅིག་གིས་འཛམ་གླིང་སྤྱི་དང་།ཁྱད་པར་དུ་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་རྣམས་ཕན་བདེའི་དཔལ་ལ་བཀོད་པའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་བསྐྱངས་པས་སྲིད་གཞུང་གིས་ཀྱང་སྔ་གཞུག་ཏུ་རྒྱལ་ཡོངས་སྲིད་གྲོས་སྐབས་དགུ་བ་དང་བཅུ་བའི་ཨུ་ཡོན་དང༌།སྲིད་གྲོས་ཀན་སུའུ་ཞིང་ཆེན་སྐབས་བདུན་པ་དང་བརྒྱད་པའི་ཨུ་ཡོན།སྐབས་དགུ་བའི་རྒྱུན་ལས་ཨུ་ཡོན།ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།ཀན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭའི་སློན་དཔོན་ཆེན་མོ་བཅས་ཀྱི་གོ་གནས་ཕུལ།དེ་ལས་གཞན་དུ་བཀའ་འབུམ་གྱི་སྐོར་ལ་ཐོར་བུའི་ཚོགས་མང་ཡང་གཙོ་བོར་གྱུར་པ་ནི《ཕར་ཕྱིན་ སྐབས་ཀྱི་ དོགས་སློང་དང་ བརྗོད་བྱ་རགས་ཙམ་བཀོད་པ་བླ་མའི་གསུང་རྒྱུན་བདུད་རྩིའི་ཐིགས་པ་ཞེས་བྱ་བ》 དང༌།《དབུ་མའི་ལེགས་བཤད་ཀུན་ལས་བཏུས་པ་ཞེས་བྱ་བ།《བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་སྐལ་བཟང་ལེགས་ལམ་བགྲོད་པའི་ཐེམ་སྐས་དཔྱོད་ལྡན་སྤྱི་ནོར་ཞེས་བྱ་བདང་།《འཇམ་དབྱངས་བླ་མ་དཀོན་མཆོག་བསྟན་པའི་སྒྲོན་མེ་དཔལ་བཟང་བོ་མཆོག་གིས་མཛད་པའི་བྱང་ཆུབ་བདེ་ལམ་གྱི་དམིགས་སྐོར་ཆ་ཚང་བར་ཚིགས་བཅད་དུ་བསྡེབས་པ་ལམ་མཆོག་སྙིང་བོ་ཞེས་བྱ་བའི་འབྲུ་འགྲེལ་ཕན་བདེའི་ལམ་བཟང་གསལ་བའི་སྒྲོན་མེ་ཞེས་བྱ་བ་》དང་《འཇམ་མགོན་བསྟན་པའི་གསལ་བྱེད་དམ་པ་ལ་མོའི་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཆོ་མཆོག་གི་རྣམ་པར་ཐར་བའི་ཁ་སྐོང་དད་གསུམ་རིན་ཆེན་འདྲེན་པའི་ཤིང་རྟ་ཞེས་བྱ་བ་དང་།དེ་མིན་བསྟོད་ཚོགས་དང་མྱུར་འབྱོན་གསོལ་འདེབས།གོང་ས་སྐྱབས་མགོན་མཆོག་གི་ཐུགས་བཞེད་འགྲུབ་པའི་སྨོན་ཚིག་སོགས་བཀའ་རྩོམ་མང༌།མདོར་ན་དམ་པ་གང་གིས་བསྟན་འགྲོའི་དོན་ལ་མཛད་རྗེས་རླབས་ཆེན་བསྐྲུན་པའི་ཚུལ་ནི།ལོ་ཟླའི་འཁོར་འགྲོས་ཀྱི་དུས་དང་མཐུན་པར་དབྱར་དགུན་སྟོན་དཔྱིད་མེད་པར་བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་དོན་གཉེར་ཅན་མང་བོར་དཔེ་ཁྲིད་དང་།ཁྲིད་བཤད་ལུང་མན་ངག་དབང་རྗེས་གནང་སོགས་དབྱར་དུས་ཀྱི་ཆུ་གཏེར་ཆེན་པོའི་དཔལ་ལ་འགྲན་པ་བཞིན་དུ་སྤེལ་བས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁོང་གི་སློབ་བུས་མ་ཁྱབ་པའི་ས་ཁུལ་མེད་པ་ལྟ་བུའི་ཚོད་ཀྱིས་བསྟན་འགྲོའི་དོན་དུ་ཕན་བདེ་བླ་ལྷག་ཏུ་སྤེལ་བའི་ཚུལ་ནི་ཉི་ཟླའི་འོད་སྣང་བཞིན་དུ་ཀུན་ལ་གསལ་བ་འདི་ལྟར་ལགས་སོ། ། ལར་གདན་ས་ཆེན་པོ་གཙང་བཀྲ་ཤིས་ལྷུན་པོ་དང༌།མདོ་སྨད་བསྟན་པའི་འབྱུང་གནས་དཔལ་ལྡན་བཀྲ་ཤིས་འཁྱིལ་སོགས་བོད་ཡུལ་དང་ནང་ལོག་ས་ཁུལ་སོགས་ཀྱི་དགོན་སྡེ་ཡུལ་གྲུ་ཁག་མང་པོར་ཕེབས་ནས་མི་ཏྲ་རྡོར་འཕྲེང་དང༌།སྒྲུབ་ཐབས་རིན་འབྱུང་།དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སོགས་རྒྱུད་སྡེ་བཞིའི་དབང་དང་རྗེས་གནང༌།ཁྲིད་དང་བཤད་ལུང༌།གཞུང་ཆེན་བཀའ་པོད་ལྔ་སྔགས་དང་བཅས་པའི་དཔེ་ཁྲིད་སོགས་སྐལ་བ་དང་འཚམས་པའི་ཆོས་ཀྱི་བདུད་རྩིས་སྐལ་ལྡན་གྱི་གདུལ་བྱ་མཐའ་དག་ཚིམས་པར་མཛད་པ་ལགས་ལ།དེ་ལས་གཞན་དུ་ལོ་རེར་བོད་མདོ་དབུས་ཁམས་གསུམ་དང་རྒྱལ་ནང་ས་ཆ་སོ་སོ་ནས་ཕེབས་པའི་དད་ལྡན་མང་བོ་དགེ་བསྙེན་ལ་བཀོད་པ་དང་།རབ་བྱུང་དང་དགེ་ཚུལ།དགེ་སློང་གི་སྡོམ་པ་ལ་བཀོད་པ་སྟོང་ཕྲག་མང་བོ་བྱུང་བ་ལ་གང་འཚམས་ཀྱི་བསླབ་པ་བསྩལ་པའི་ཚུལ་རྣམས་བརྗོད་པའི་ཡུལ་ལས་འདས་པའོ།།

དེ་ལས་གཞན་དུ་བྱ་བ་ལས་ཀྱི་འཁོར་ལོའི་སྒོ་ནས་བླ་བྲང་དགོན་པའི་ཚོགས་ཆེན་འདུ་ཁང་དུ་བལ་ཕྲུག་ལས་བཟོས་པའི་གྲལ་གདན་སྤུས་ལེགས་ཆ་ཚང་དང་།རྒྱུ་ཆ་ཧ་སག་གིས་བཟོས་པའི་ཀ་ཐུམ་ཆ་ཚང་།རྒྱུ་ཆ་ཟངས་དམར་ལས་གྲུབ་པའི་ཚོགས་ཟངས་ཆེ་ལེགས།ཇ་གྲ་དང་ཐུག་ཟེའུ་སོགས་གྲྭ་ཚང་ལ་འཇོག་པ་གནངས་པ་དང་།དེ་མིན་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭ་གསར་བའི་འདུ་ཁང་ནང་དུ་རྩེ་ཞོད་བཀའ་འགྱུར་གླེགས་ཤིང་ལྡན་མ་ཆ་ཚང་དང་།མཆོད་རྫས་གྲལ་གདན་སོགས་དང་།བླ་བྲང་དགོན་པའི་ཇུན་དཀར་ཚང་གི་ཇོ་ཁང་ནང་དུ་སངས་རྒྱས་སྟོང་སྐུ།ཟམ་ཚའི་རྨོག་རུ་དགོན་གྱི་རྗེ་ཚེ་འཛིན་མའི་ལྷ་ཁང་དུ་རྗེ་ཚེ་འཛིན་མ་སྟོང་སྐུ།ཁ་གྱའི་སྒར་རྙིང་དགོན་གྱི་རྟ་མགྲིན་ལྷ་ཁང་དུ་འོད་དཔག་མེད་སྟོང་སྐུ་བཅས་བཞེངས་པའི་ཡོན་སྦྱར་བ་དང་།སྒོས་སུ་ཁོང་གིས་མཐུན་རྐྱེན་སྦྱར་ཏེ་ཁོ་ཚེ་དགོན་པའི་རིག་གནས་སློབ་གཉེར་ཁང་བཙུགས་པ་སོགས་བྱ་བ་ལས་ཀྱི་འཁོར་ལོ་དང་།སྤོང་བ་བསམ་གཏན།ཀློག་པ་ཐོས་བསམ་སོགས་ཀྱིས་སངས་རྒྱས་ཀྱི་བསྟན་པ་ལ་གཅིག་ཏུ་སྨན་པའི་མཛད་རྗེས་རླབས་ཆེན་བཞག་དང་འཇོག་མུས་སུ་ཞབས་ཟུང་གཡོ་མེད་གཞོམ་གཞིག་བྲལ་བ་གཡུང་དྲུང་གཤིས་སུ་བརྟན་ངོས་ནས་ཆོས་ཚུལ་ཆད་མེད་གཱངྒའི་རྒྱུན་གྱི་ངང་དུ་སྐུ་འཚོ་ཞིང་གཞེས་པར་བཞུགས་བཞིན་པ་འདི་བཞིན་ལགས་སོ།།

སྨྲས་པ།

འདི་ལྟར་བགྱིས་པའི་རྣམ་དཀར་འོ་མའི་རྒྱུན།།

བྱང་ཆུབ་ཆེན་པོའི་ཀློང་དུ་འཁྱིལ་བ་གང༌།།

བསགས་པའི་མཐུ་ལས་དམ་པའི་སྐུ་ཚེ་བརྟན།།

ཀུན་མཁྱེན་རྒྱལ་བའི་བསྟན་པ་འབར་གྱུར་ཅིག།

ཅེས་པ་འདི་ནི་ཁོང་ཨ་ཁུ་རིན་པོ་ཆེ་མཆོག་ལ་དགོངས་བསྟུན་དང་ཁོང་གི་ཉེ་གནས་བློ་བཟང་རྒྱ་མཚོ་ལ་འདྲི་རྟོག་བྱས་ཏེ་སྔར་གྱི་མཛད་རྣམ་ཉུང་བསྡུས་ལ་ཁ་གསབ་དང་བཅས་མགོན་པོ་གང་གི་ཐུགས་རྗེའི་གྲིབ་བསིལ་ལ་བརྟེན་ཅིང་འཚོ་བའི་སྔགས་རམས་པ་དགེ་འདུན་ཆོས་གྲགས་ཀྱིས་ཕྱི་ལོ༢༠༡༧ལོའི་ཧོར་ཟླ་༨པའི་ཚེས༨ཉིན་གུས་པས་ཕུལ་བ་དགེའོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།


བརྒྱུད་འགོད།