ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་སྤྲེལ་རྫོང་ཚུལ་ཁྲིམས་འོད་ཟེར་ཚང་གི་རྣམ་ཐར་མདོར་བསྡུས་ཙམ་ཞིག་བརྗོད་པ།(图文)

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-27 19:51:23     རྩོམ་པ་པོ།   ཡོན་ཏན་ལྷུན་འགྲུབ།    ཀློག་ཐེངས།  

 

微信图片_20180527195414.jpg

        ༄༅༎དགེ་བའི་བཤེས་གཉེན་ཆེན་མོ་སྤྲེལ་རྫོང་བསྐལ་བཟང་ཚུལ་ཁྲིམས་འོད་ཟེར་ཚང་ནི་ཡབ་དཀོན་མཆོག་སྐྱབས་དང་ཡུམ་རིན་ཆེན་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔའི་མེ་འབྲུག་༼ སྤྱི་ལོ་1916 ༽ལོར་སྤྲེལ་རྫོང་དགོན་གྱི་ཉེ་འཁོར་བིས་མདོ་ནགས་རྒན་སྡེ་བར་མཚན་དཔེའི་མེ་ཏོག་བཞད།

ཆུང་དུས་ནས་ངེས་འབྱུང་ཤུགས་དྲག་པས་རྒྱུད་སྐུལ་ནས། དགུང་ལོ་བཅུའི་སྟེང་སྐྱབས་རྗེ་ཨ་རོལ་༧བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་ལས་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་འོད་ཟེར་ཞེས་མཚན་གསོལ་ཏེ་ཆོས་སྡེ་ཆེན་མོ་བྲག་དཀར་སྤྲེལ་རྫོང་དགོན་རྨད་བྱུང་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་དུ་ཆོས་སྒོར་ཞུགས། ཆོས་སྡེ་ཆེན་པོ་དེ་ཉིད་ཀྱི་ཆོ་ག་ཆོས་སྤྱོད་འདོན་རྟ་དབྱངས་གསུམ་མཐའ་དག་ཐུགས་ལ་བྱང་བར་བཟུང་།

བསྟན་པའི་སྒོར་ཞུགས་ནས་འདོན་ཆོག་བྱང་བ་ཙམ་གྱིས་བསྟན་པ་ལ་བྱ་བ་བྱེད་མི་ནུས་པར་དགོངས་ཏེ། དགུང་ལོ་བཅུ་བདུན་ཏེ་སྤྱི་ལོ་1932་ལོར་ལུང་རིགས་དབྱངས་སྙན་སྒྲོག་མཁས་བསྟན་འཛིན་བྱེ་བའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས། རབ་འབྱམས་གཞུང་བརྒྱའི་མངའ་བདག་རྡོ་རམས་པ་ལྷ་མོ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་སོགས་དགེ་བའི་བཤེས་གཉེན་དུ་མ་བསམ་སྦྱོར་གཉིས་ཀྱི་སྒོ་ནས་བསྟེན་ཏེ། ཚད་མའི་སྒོ་འབྱེད་བསྡུས་གྲྭ་ནས་བཟུང་མདོ་སྔགས་རིག་གནས་དང་བཅས་པ་ལ་སྦྱངས་པ་རྡོ་རུས་ཐུག་པ་ལྟ་བུ་གནང་བས་སྤྲེལ་རྫོང་འོད་ཟེར་ཚང་ཞེས་མཁས་པའི་གྲགས་པ་འབར། རིམ་བཞིན་ཕར་ཕྱིན་དམ་བཅའ་དང་རབ་འབྱམས་དམ་བཅའ་གནང་། རྡོ་རམས་པའི་མཚན་བཏགས་ཀྱང་བཞེས།

༧གོང་ས་རྒྱལ་མཆོག་བཅུ་བཞི་བ་ཆེན་མོ་སྤྱི་ལོ་1953ལོར་བླ་བྲང་དུ་ཕེབས་སྐབས་ཁོང་ཚང་གིས་ཚོགས་གླེང་མཛད་དེ་མཁས་པ་མགུ་བའི་བགྲོ་གླེང་ཡུན་རིང་གནང་བས། ༧རྒྱལ་མཆོག་ཆེན་མོ་ཐུགས་དགྱེས་ཏེ་ལྷ་དར་དང་བཅས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར། རྡོ་རྗེ་འཆང་རྗེ་བླ་ཁོ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དང་། སྟག་གེ་ཚང་སོགས་བསྟེན་ཏེ། མི་ཏྲ་བརྒྱ་རྩ། རྡོ་རྗེ་འཕྲེང་བ། བ་རི་བརྒྱ་རྩ། སྣར་ཐང་བརྒྱ་རྩ། བདེ་མཆོག་རབ་འབྱམས། བདེ་གསང་འཇིགས་གསུམ་སོགས་ཀྱི་དབང་དང་རྗེས་གནང་། རྒྱལ་བའི་བཀའ་བོད་དུ་འགྱུར་རོ་ཅོག་དང་། བསྟན་འགྱུར་གྱི་ལུང་རྒྱུན་གང་བཞུགས། རྗེ་ཡབ་སྲས་གསུམ་གྱི་གསུམ་འབུམ་གྱི་ལུང་སོགས་མདོར་ན་བླ་བྲང་བཀྲ་ཤིས་འཁྱིལ་དུ་དབང་ལུང་རྗེས་གསུམ། ཁྲིད་མན་ངག་གི་ཆོས་རྒྱུན་བཞུགས་སོ་འཚལ་རྗེ་འདི་ཉིད་ཀྱིས་མ་གསན་པ་མེད་པ་ལྟ་བུར་སྣང་།

བཅོས་བསྒྱུར་སྐབས་འཁྲུངས་ཡུལ་བིས་མདོ་ནགས་རྒན་དུ་ཕེབས་ནས་ཉམས་བཞེས་མཛད་ཞོར་ལས་ཀར་ཞུགས། སྐྱབས་རྗེ་ཆུ་ཀྱཱ་རིན་པོ་ཆེས་དགོན་པ་སླར་གསོ་བྱེད་སྐབས་ནན་ཞུ་བྱས་པ་ལྟར་རང་དགོན་དང་ཕྱོགས་ཡས་མས་ནས་ཡོང་བའི་དད་ལྡན་མང་བོར་རབ་བྱུང་དང་དགེ་ཚུལ་བསྙེན་རྫོགས་སོགས་བསྒྲུབ་བྱ་སྟོང་ཕྲག་དུ་མ་བསླབ་པའི་གཞི་ལ་བཀོད། རང་དགོན་དང་། ཀླུ་ཚང་དགོན་པ་སོགས་དགོན་སྡེ་དུ་མར་ཕེབས་ནས་དཔེ་ཁྲིད་དང་ལུང་གང་ལ་གང་འདོད་དང་ཅི་ལ་ཅི་འདོད་ཀྱིས་དམ་པའི་ཆོས་ཀྱིས་གྲུ་ཆར་བར་མེད་དུ་ཕབ།

གསུང་ལས་སྐྱེས་པའི་བུ་སློབ་མང་བོ་བྱུང་སྟེ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་མོ་བཀའ་དྲིན་མཚུངས་མེད་ཡབ་རྗེ་བླ་མ་དམ་པ་རིགས་པའི་དབང་ཕྱུག་གཉིས་པ་རྔ་བའི་ཨ་ཁུ་གྲགས་པ་རྒྱ་མཚོ་ཚང་། མཁས་དང་གྲུབ་པའི་དབང་ཕྱུག་མདོ་རྒྱུད་རྒྱ་མཚོའི་མངའ་བདག་ཨ་ཁུ་བློ་བཟང་རྒྱ་མཚོ་ཚང་། རྩིས་རམས་པ་ཆེན་མོ་བསམ་གྲུབ་རྒྱ་མཚོ་ཚང་ཆེད་གཉེར་གྱིས་སྤྲེལ་རྫོང་དུ་ཕེབས་ནས་མཛོད་རྩ་སྡོམ་གྱི་ཁྲིད་སོགས་མང་དུ་གསན། རང་དགོན་དུ་སྐྱབས་རྗེ་ཨ་རོལ་སྐུ་འཕྲེང་བཞི་བ་བསྟན་འཛིན་དགེ་ལེགས་དཔང་བོ་ཚང་ཨ་མདོའི་ཕུར་ཚྭ་ཚང་ཨ་ལགས་བྲག་དཀར་ཚང་ཨ་ལགས་ཁ་ཀྱཱ་ཚང་ཨ་ལགས་ཁོ་ནག་ཚང་དགེ་བཤེས་ངག་དབང་ཆོས་དར། དགེ་བཤེས་འཇིགས་མེད་བློ་གྲོས་ཚང་། འབྲས་སྒོ་ལྷ་རམས་པ་ཚུལ་ཁྲིམས་ཉི་མ། ལྷ་རམས་པ་དགེ་འདུན་རབ་རྒྱས། དགེ་བཤེས་ལྷུན་གྲུབ་རྒྱ་མཚོ་སོགས་སྤྲེལ་རྫོང་དགོན་པའི་བླ་གྲྭ་ཡོངས་དང་གསེར་ལག་དགོན་པའི་དགོན་བདག་རྒྱ་བཟའ་ཚང་ཐར་སྟོང་དགོན་པའི་དགོན་བདག་བསྟན་སྐྱོང་ཚང་མཐོ་ལས་དགོན་པའི་ཨ་ལགས་རྡོ་རམས་པ་ཚུལ་ཁྲིམས་བཟང་བོ་ཚང་། ས་སྣ་དགོན་པའི་དགོན་བདག་སྐུ་ཕྱོགས་གུང་ཡུ་ཚང་གཙོས་བླ་མ་དགེ་བའི་བཤེས་གཉེན་སོགས་སྐབས་དེའི་བླ་སྤྲུལ་སྐྱ་སེར་དྲག་ཞན་གང་ཡིན་ཐམས་ཅད་ཀྱིས་ཞབས་ལ་མ་གཏུགས་པ་མེད་པ་ལྟ་བུར་སྣང་། རང་དགོན་གྱི་ཆོས་མཚམས་རིང་བོ་རྣམས་སློབ་གཉེར་བྱེད་པར་གེགས་རེད་གསུངས་ནས་སློབ་གཉེར་བ་ལོགས་སུ་བཀར་ནས་ཆོས་གྲྭ་ཟུར་བ་བཙུགས།

ཛཁོང་དགུང་ལོ་དོན་བརྒྱད་བཞེས་སྐབས་ད་ནི་བདག་ལོ་ན་རྒས་སོང་བས་དཔེ་ཁྲིད་བྱེད་མི་ནུས། བླ་བྲང་ནས་དགེ་རྒན་ཞུ་དགོས་ཞེས་བཀའ་གནང་བ་ལྟར། དེ་ནས་དགེ་རྒན་ཞུས།

མདོར་ན་སྐུ་ཚེ་གང་བོར་བསྟན་པ་དང་འགྲོ་བའི་ཆེད་དུ་གཞན་དོན་འབའ་ཞིག་ལ་གཞོལ་མཐར་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་དགུང་གྲངས་དོན་དགུ་བཞེས་པ་སྤྱི་ལོ་1994སྟེ༼ རབ་བྱུང་བཅུ་བདུན་པའི་ཤིང་ཁྱི་ལོའི་ཧོར་ཟླ་གསུམ་པའི་ཚེས་ཉེར་ལྔའི་ཉིན་༽ མྱ་ངན་ལས་འདས་པའི་མཛད་པ་བསྟན་ཏོ།།

མཁོ་སྤྲོད་པ་ སྤྲེལ་རྫོང་ཡོན་ཏན་ལྷུན་གྲུབ།

༢༠༡༨:༥:༢༡ཉིན

                               རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn    


བརྒྱུད་འགོད།