ལྔ་རིག་སྨྲ་བའི་དབང་བོ་བླ་བྲང་དུས་འཁོར་བ་སྨད་སོག་བཛྲ་མཆོག་གི་མཛད་རྣམ་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-10 21:43:10     རྩོམ་པ་པོ།   བཛྲ་ཚུལ་ཁྲིམས་རྒྱ་མཚོ།    ཀློག་ཐེངས།  

 

微信图片_20170810214733.jpg

 དང་བོ། གང་དུ་སྐུ་འཁྲུངས་པ་དང་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་བའི་ཚུལ།

      བླ་བྲང་དུས་འཁོར་བ་རྗེ་སྨད་སོག་བཛྲ་མཆོག་ནི། གཅམ་བསྟོད་ཙམ་མ་ཡིན་པར་ངེས་དོན་གྱི་མཁས་པའི་དབང་བོ་ཞིག་སྟེ། གཟུར་གནས་མཁས་པ་མང་བོས་སྤྱི་མཐུན་གྱི་བསྟོད་བསྔགས་བྱེད་སའི་གནས་ཞིག་ཡིན་པར་མ་ཟད། བདག་གི་གནས་ཀྱི་བླ་མ་སྟེ། བླ་བྲང་ས་ཕྱོགས་ཀྱི་ཁ་སྐད་དང་བསྟུན་ན་ངའི་ཨ་ཁུ་དང་། ང་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་ཞིག་ཡིན་པས་ང་ཁོང་ལ་ཆ་རྒྱུས་ཧ་ཅང་ཆེ།  ཁོང་གི་མཚན་དངོས་ལ་བློ་བཟང་སྦྱིན་པ་ཟེར་ཞིང་། ལེགས་སྦྱར་བརྡ་སྤྲོད་ཀུན་བྱེད་ཀྱི་མིང་ལ་ཚངས་སྲས་བཞད་པའི་བློ་གྲོས་སུ་འབོད།

   དེ་ཡང་ཁོང་ནི་བོད་ཀྱི་རབ་བྱུང་བཅོ་ལྔ་བའི་ས་རྟ་སྟེ་སྤྱི་ལོ་༡༩༡༨ལོར། ཆེན་པོ་ཧོར་གྱི་སའི་བྱང་ཤར་གྱི་ཆ་སྟེ་ཅཱ་རོད་ཐི་ཞེས་པའི་ས་ཆར། ཡབ་པ་ཐུར་དང་ཡུམ་ཕན་ལེས་ཞེས་པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྤྱིར་ཁོང་འཁྲུངས་སའི་མི་རྒྱུད་དེ་རིགས་རིས་མཐོན་པོ་ཞིག་ཡིན་པར་གྲགས་མོད། འོན་ཀྱང་ཁོང་དགུང་གྲངས་ཆུང་ངུའི་སྐབས་ནས་ཡབ་ཡུམ་གཉིས་སྔ་ཕྱིར་ཚེ་ལས་འདས་པས་ཆུང་དུས་འོ་བརྒྱལ་ཆེན་པོ་མྱོང་བར་ཐོས། དེའི་ཕྱིར་བདག་སྐྱོང་བྱེད་མཁན་གཞན་མེད་པས་ཁོང་གི་ཡབ་ཀྱི་སྤུན་ཆེ་བ་གྲྭ་བ་བྱས་ཡོད་པ་མཚན་ལ་རྣམ་རྒྱལ་དངོས་གྲུབ་ཟེར་བ་ཞིག་ཞིས་ལིན་གོལ་ཨི་ཆིམ་ཆི་གཡས་རུར་ཡོད་པ་དེས་རང་གི་རྩར་བླངས་ཞིང་གཟིགས་སྐྱོང་གནང་ནས་ནར་སོན་པ་ཡིན་པར་ཐོས།

           དེ་ནས་དགུང་ལོ་བདུན་གྱི་སྟེང་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ཨི་ཆིམ་ཆི་གཡས་རུའི་དགོན་གསང་སྔགས་དར་རྒྱས་གླིང་གི་ཆོས་སྒོར་ཞུགས། དེ་ཡང་ཁོང་ཆུང་ངུ་ནས་རང་བཞིན་གྱིས་རྣམ་དཔྱོད་ཆེ་ཞིང་སྔོན་སྦྱངས་ཀྱི་བག་ཆགས་ཟབ་མོའི་མཐུ་ཤིན་ཏུ་བརྟས་པ་ཞིག་ཡིན་ཚོད་གདའ་བས། བརྩོན་པ་ཆེར་མ་གནང་ཡང་བོད་ཡིག་གི་འབྲི་ཀློག་སོགས་དུས་ཡུན་ཐུང་ངུའི་ནང་བྱང་ཆུབ་པ་ཞིག་མཁྱེན་པར་མ་ཟད། དུས་འཁོར་དང་། ཀུན་རིག  རྣམ་སྣང་མངོན་བྱང་སོགས་དགོན་དེ་ཀའི་འདོན་ཆོག་དང་ཕྱག་ལེན་མཐའ་དག་ཀྱང་ཞིབ་རྒྱས་སུ་སྦྱངས་ཤིང་། ཁྱད་པར་དུ་བར་སྐབས་ཤིག་ལ་འདོན་ཆོག་གི་སྐོར་ཉིན་རེར་ཤོག་གུ་སྣ་རིང་བཅུ་རེ་ཡང་ཐུགས་འཛིན་གནང་མྱོང་ཞེས་བདག་ལ་ཁོང་གི་ཞལ་ནས་དངོས་སུ་གསུངས། དེ་ནས་ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་དགུ་བ་ཆེན་མོ་མཆོག་སྨད་སོག་ཏུ་ཕེབས་པ་དང་དངོས་སུ་མཇལ་ཞིང་། རིན་པོ་ཆེ་མཆོག་གི་ཞབས་དྲུང་བ་ཞིག་གི་མདུན་ནས་པྲ་སྟིའི་སུམ་འགྲེལ་གྱི་ཁྲིད་རྒྱུན་ཐོབ་མྱོང་གསུངས། བདག་གིས་ཨ་ཁུ་མཆོག་ལ། འོ་ན་ཞབས་དྲུང་བ་དེའི་མཚན་ཁྱེད་ཀྱི་ཐུགས་ལ་དྲན་ནམ་ཞེས་ཞུས་པར། ཁོང་གིས་རྭ་རྒྱའི་དགེ་བཤེས་ཞིག་ཡིན་པར་གྲགས་ཀྱང་མཚན་གསལ་བོ་ཤེས་མ་སོང་གསུངས། སྐབས་དེར་བོད་དུ་སློབ་གཉེར་གནང་སྟེ་ཕྱིར་རང་ཡུལ་ལ་ཕེབས་ནས་བསྟན་འགྲོའི་དོན་མཛད་བཞིན་པའི་རྩིས་རམས་པ་ཆེན་མོ་སྨད་སོག་ཟླ་བ་ཞེས་པ་ཞིག་ཡོད་པ་དེའི་མདུན་ནས་སྐར་རྩིས་དང་ནག་རྩིས། དབྱངས་འཆར་གྱི་སྐོར་སོགས་ཀྱི་ཁྲིད་རྒྱུན་ཟབ་ཅིང་ངོ་མཚར་བ་མང་བོ་ཐོབ་ཅེས་གསུངས་པ་ཁོ་བོས་དངོས་སུ་ཐོས།

      གཉིས་པ། བླ་བྲང་དུ་ཕེབས་ཤིང་མདོ་སྔགས་རིག་གནས་དང་བཅས་པ་ལ་སློབ་གཉེར་ཇི་ལྟར་མཛད་པའི་ཚུལ།

          དགུང་ལོ་ཉེར་གཅིག་པ་ས་སྟག་སྤྱི་ལོ་༡༩༣༨ལོར། རྗེ་བཙུན་བྱམས་མགོན་གྱི་སྤྲུལ་བར་གྲགས་ཤིང་། ངེས་དོན་འདུལ་འཛིན་དམ་པ། མཛོད་དགེ་རུ་སྟོད་མའི་དགོན་བདག བླ་བྲང་དུ་བླ་མ་ཕུན་ཚོགས་ཚང་ཞེས་འབོད་པ་སྟེ། རྗེ་བཙུན་སྐལ་བཟང་བྱམས་པ་རྒྱ་མཚོ་མཆོག་སོག་ཡུལ་དུ་ཕེབས་ཡོད་པ་དང་སྟབས་འགྲིག་སྟེ་དེ་ཉིད་ཀྱི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་ངུར་སྨྲིག་འཛིན་པའི་དགེ་སློང་དུ་གྱུར་ཏོ།།

         དེ་ཡང་རྒན་པ་རྣམས་ཀྱི་གསུང་རྒྱུན་ལ། རྗེ་བཙུན་འཇམ་དཔལ་དབྱངས་དངོས་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་མཆོག་གིས། གལ་ཏེ་ང་དང་དཔལ་རྡོ་རྗེ་འཇིགས་བྱེད་ལ་འབྲེལ་བ་དམ་པོ་ཡོད་པ་ཞིག་ཡིན་ན། རྒྱ་མཚོའི་ཕ་རོལ་ཏུ་ལྕགས་ཀྱི་སྒམ་ནང་དུ་བཅུག་ནས་བཞག་ཀྱང་ནམ་ཞིག་ངའི་དགོན་པ་འདིར་ཐོན་འོང་། གལ་ཏེ་ང་དང་རྡོ་རྗེ་འཇིགས་བྱེད་ལ་འབྲེལ་བ་མེད་པ་ཞིག་ཡིན་ན་ནི་འདི་ནས་དེ་ལྟར་བཞག་ཀྱང་ཤོར་ནས་བུད་འགྲོ་ཞེས་གསུངས་ཡོད་ཅེས་པ་བདེན་པར་མཆི་སྟེ། བདག་གི་ཨ་ཁུ་མཆོག་ཀྱང་སྐབས་དེ་དག་ཏུ་བླ་བྲང་ལ་སློབ་གཉེར་བྱེད་པར་འགྲོ་འདོད་ཀྱི་བསམ་པ་རྨི་ལམ་ཚུན་ཆད་དུ་ཡང་འགོག་མི་ཐུབ་པ་ཞིག་ཐུགས་ལ་འཁྲུངས་པར་གྱུར། དེ་ནས་དགུང་ལོ་ཉེར་གསུམ་པ་རབ་རྒྱལ་ལྕགས་འབྲུག་སྤྱི་ལོ་༡༩༤༠ལོའི་ཟླ་དགུ་བའི་ནང་དུ། ཕྱི་ནང་གི་འགལ་རྐྱེན་གང་གིས་ཀྱང་བཟློག་མ་ཐུབ་པར་བླ་མ་ཕུན་ཚོགས་ཚང་སྐུ་འཁོར་བཅུ་གཉིས་དང་ལྷན་ཅིག་ཆེན་པོ་ཧོར་གྱི་སའི་ཐིག་ལེ་ཨི་ཆིམ་ཆི་གཡས་རུ་ནས་དབུས་འགྱུར་ལྷ་ལྡན་གཉིས་པ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་རྒྱུའི་སེམས་ཐག་བཅད་དེ་ལམ་ལ་ཆས་པས། ལམ་བར་གྱི་ཟླ་བ་བཅུ་ལྷག་གི་ཡུན་གྱི་ངལ་དུབ་དང་། དགྲ་ཇག་ཆོམ་རྐུན། ཚ་གྲང་བཀྲེས་སྐོམ་སོགས་ཀྱི་འཇིགས་པ་ཡོངས་སུ་རྫོགས་པ་མ་ལུས་པ་ཁྱད་དུ་བསད་དེ་རྐང་ཐང་གིས་སོང་བས་ལམ་གྲོགས་འགའ་ཞིག་ལམ་བར་ནས་་ཚེ་ལས་འདས་ཀྱང་། ཁོང་དཔོན་གཡོག་ཕལ་མོ་ཆེ་ཕྱི་ལོའི་ཟླ་བཅུ་གཅིག་པར་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་འབྱོར་བས་དགའ་བ་དེ་ཇི་ལྟ་བ་བཞིན་མཚོན་བྱེད་ཀྱི་ངག་དང་ཡི་གེའི་སྦྱོར་བ་ཤིན་ཏུ་རྙེད་པར་དཀའ་བ་ལྟ་བུར་གྱུར་ཅེས་གསུངས་བ་ཐོས།  དེ་ནི་ལོས་ཡིན་ཏེ། སྐབས་དེར་ཁོང་རྣམ་པ་ཕེབས་སྤྱད་ནི་སྤྱིར་བཏང་གི་བཞོན་པ་ཙམ་ཡང་མེད་ན། རླངས་འཁོར་དང་མེ་འཁོར་སོགས་ནི་ག་ལ་ཡོད་ཅིང་། གནམ་གྲུ་ནི་དེ་བས་ཀྱང་ཡོད་མི་སྲིད་པས་དཀའ་བ་ཇི་འདྲ་ཞིག་བརྒྱུད་ནས་ཕེབས་དགོས་པ་མི་ཤེས་རྒྱུ་མེད་མོད། འོན་ཀྱང་ཇི་ལྟར་ཚ་བས་གདུངས་པའི་གླང་ཆེན་པད་མཚོར་བསྙེག་པའམ། བྱང་སེམས་རྟག་ངུས་ཆོས་འཕགས་འཚོལ་བའི་ཕྱིར་ཞུགས་པ་བཞིན་དཀའ་བ་བརྒྱ་སྟོང་དུ་མ་ཁྱད་དུ་བསད་དེ་དལ་འབྱོར་གྱི་རྟེན་ལ་སྙིང་བོ་བླང་བའི་ཕྱིར་རྒྱང་བསྐྱོད་ཀྱི་བསམ་དོན་འགྲུབ་པ་ལ་དགའ་བ་ཚད་མེད་པ་སྐྱེས་པ་ནི་ཤུགས་ཀྱིས་མ་བཤད་ཀྱང་ཡིད་ལ་གསལ་བོར་མི་འབབ་རྒྱུ་ཅི་ཞིག་ཡོད་སྙམ་མོ།།

          དེ་ནས་ལོ་དེའི་དགུན་ཆོས་ཆེན་མོའི་སྐབས། རིང་ནས་སྨོན་པའི་རེ་འདུན་བཞིན་མདོ་སྨད་བསྟན་པའི་འབྱུང་གནས། ལམ་ཞུགས་ཁྲི་ཕྲག་བརྒྱད་ཀྱི་གདན་ས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་དངོས་སུ་ཞུགས། སྤྱིར་ཁོང་ལ་རྨད་བྱུང་ཐོས་བསམ་གླིང་དུ་ཞུགས་ནས་གཞུང་བཀའ་པོཏ་ལྔ་ལ་ཐོས་བསམ་གཤིས་ཕྱིན་པ་ཞིག་བྱེད་འདོད་ཀྱི་འདུན་པ་ཤིན་ཏུ་ཆེ་ཡང་། དེའི་སྐབས་སུ་རང་གིས་བོད་སྐད་ཚིག་གཅིག་ཀྱང་མི་ཤེས་པས་གོ་བརྡ་མི་འཕྲོད་པ་དང་གཅིག   བླ་མ་ལས་སྣེ་ལ་ངོ་སྟོན་དུ་འཁྲིད་མཁན་ཁོ་རང་ཡང་དུས་འཁོར་བ་ཞིག་ཡིན་པ་དང་གཉིས། རང་ཉིད་སྔོན་ནས་དུས་འཁོར་གྲྭ་ཚང་ལ་ལས་འབྲེལ་ཟབ་མོ་ཡོད་པ་དང་གསུམ་སྟེ། རྒྱུ་རྐྱེན་རྟེན་འབྲེལ་སྣ་ཚོགས་ཀྱི་དབང་གིས་རང་ཉིད་ཀྱིས་ཤེས་ཚེ་དུས་འཁོར་གྲྭ་ཚང་ཨེ་ཝཾ་ཆོས་འཁོར་གླིང་དུ་ཞུགས་ཟིན་འདུག་ཅེས་བདག་ལ་དངོས་སུ་གསུངས།   དེ་ནས་ཆོས་ཐོག་བདུན་ཙམ་གྱི་རིང་ལ་གྲྭ་ཚང་དེའི་འདོན་རྒྱུགས་ཡོངས་རྫོགས་སྤྲད་ཚར་བར་བྱས་པ་ཡིན་པས། ཆོས་ཐུན་རེ་རེར་ཡང་འདོན་རྒྱུགས་མང་བོ་སྤྲད་དགོས་པར་བྱུང་བས་སློབ་གཉེར་ལ་དེ་ཙམ་མི་དགའ་བའི་སུན་སྣང་ཅན་འགའ་ཞིག་དང་ཕྲག་དོག་ཅན་རེ་ཟུང་གིས། ཡང་སྨད་སོག་འདིས་ཆོས་གྲྭ་གྲོལ་དུ་མ་བཅུག་ཐལ་ཞེས་མ་དགའ་བའི་ཚིག་སྨྲ་བ་དང་རྣམ་འགྱུར་མི་ལེགས་པ་རེ་བསྟན་འདུག་ཀྱང་། གཟུར་གནས་ཕལ་མོ་ཆེས་བསྟོད་བསྔགས་ཀྱི་མཐེ་བོང་ལན་བརྒྱར་བསྒྲེངས་ཞེས་ཐོས་སོ།།

            དེ་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་ཅོ་ནེ་དཀོན་མཆོག་རྒྱ་མཚོ་དང་། ཨོཾ་འཁྱིལ་བ་རྗེ་འཇམ་དབྱངས་ལེགས་བཤད་རྒྱ་མཚོ། ལྔ་རིགས་པཎ་ཆེན་རྗེ་ལྷ་མོའི་ཚུལ་ཁྲིམས་ཚང་སོགས་ངེས་དོན་མཁས་པའི་དབང་ཕྱུག་དུ་མ་བསམ་སྦྱོར་དག་པས་ཚུལ་བཞིན་དུ་བསྟེན་ཏེ། རྗེ་དབལ་མང་པཎྚིཏའི་སྔགས་ཀྱི་སྤྱི་དོན་གྱིས་མཚོན་མདོ་སྔགས་ཀྱི་གཞུང་སྤྱི་དང་། ཁྱད་པར་དུ་སུམ་རྟགས་དག་གསུམ། སྒྲ་སྙན་ངག་ རྩིས་དཀར་ནག་དང་རྒྱ་རྩིས། སྡེབ་སྦྱོར། དཀྱིལ་འཁོར་སྣ་ཚོགས་ཀྱི་ཐིག་རྩ་དང་བློས་བསླངས་སོགས་ལ་གཤིས་ཕྱིན་པར་སྦྱངས་པས་ཕྱིས་བསྟན་པ་ཡང་དར་གྱི་སྐབས་སུ་མདོ་སྨད་ཕྱོགས་སུ་དེ་དག་གི་ཁུངས་གཏུགས་ས་ལྟ་བུར་གྱུར་ཡོད་པ་གཟུར་གནས་ཀུན་ལ་ཐུན་གྲུབ་ཡིན། རྗེས་སུ་ཁོང་ལ་ཆོས་དང་རིག་གནས་སྐོར་ཞུ་མཁན་མི་གཅིག་ཙམ་བྱུང་ཡང་ངོ་གཏན་ནས་མི་བཟློག་པར་དེ་དག་གི་རྒྱུད་ལ་ཨེ་ཞོག་ཞོག་བལྟས་ནས་འབད་པས་ཁྲིད་པ་བདག་ལ་མངོན་སུམ་དུ་གྱུར་བས་འདི་ཙམ་གྱི་སྙིང་རྗེ་དང་ལྷག་བསམ་གྱི་ཡོན་ཏན་ཡང་སྤྱིར་བཏང་བ་ཞིག་གི་བློར་མི་ཤོང་བ་ཞིག་རེད་སྙམ་མོ།།གདམས་པ་མང་བོའི་གཏེར་མཛོད་བླ་མ་ཕུན་ཚོགས་ཚང་དང་། འཇམ་མགོན་བླ་མ་སླར་ཡང་བྱོན་པ་ལྟ་བུའི་བླ་ཁོ་རྡོ་རྗེ་འཆང་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ། མཁས་བའི་དབང་བོ་རྒྱ་ཞབས་དྲུང་རིན་པོ་ཆེ་སོགས་ལས་དབང་ལུང་མན་ངག་མཐའ་ཡས་པ་གསན་ཅིང་མདོ་སྔགས་རིག་གནས་ཀུན་ལ་ཤིན་ཏུ་མཁས་པར་གྱུར་བས། བོད་སྐད་གཅིག་ཀྱང་མི་ཤེས་པའི་སྨད་སོག་ཅིག་བོད་ལ་ཕེབས་ནས་བོད་ཀྱི་ཆོས་དང་རིག་གནས་ལ་སྦྱངས་པས་དེ་ལྟར་མཁས་པ་ཆེན་པོར་གྱུར་བའི་ཚུལ་ལ་བསྟོད་པའི་མཐེ་བོང་མི་བསྒྲེང་མཁན་གྱི་གཟུར་གནས་མཁས་པ་ཧ་ཅང་ཉུང་ཉུང་ཡིན། ལྔ་རིག་པཎ་ཆེན་རྗེ་དམུ་དགེ་བསམ་གཏན་ཚང་སོགས་སྐབས་དེའི་དགེ་བཤེས་མང་བོར་སྒྲ་རྩིས་ཀྱི་རི་མོ་འབྲི་རོགས་དང་འཕྲོས་པ་གནང་བས་ཀུན་ཀྱིས་ཁོང་གི་ཟླ་མེད་རྣམ་དཔྱོད་ལ་དོན་གནས་ཀྱི་བསྔགས་བརྗོད་ཡང་ཡང་གནང་བ་ཡིན་ཚུལ་སློབ་དཔོན་རིན་པོ་ཆེ་རྗེ་བཙུན་དམུ་དགེ་བསམ་གཏན་མཆོག་གིས་གསུངས་པ་བདག་གིས་དངོས་སུ་ཐོས།

          རྗེ་ལྷ་མོའི་ཚུལ་ཁྲིམས་ཚང་གིས་དུས་འཁོར་དབང་ཆེན་གནང་སྐབས་ཁོང་གིས་ཆོ་ག་གསུང་རོགས་དང་མཆོད་དཔོན་བྱས་པས་ཐུགས་ཟིན་གྱི་སློབ་མར་གྱུར། རྗེ་དེ་ཉིད་ཀྱིས་ཁོང་ལ། ད་ལྟ་མི་མང་བོ་ཞིག་གིས་ཁྱོད་ལ་སྨད་སོག་སྨད་སོག་ཅེས་འབོད་ཀྱང་། མ་འོངས་པ་ན་ཨ་ཁུ་བཛྲ་ཚང་ཞེས་ཀུན་གྱིས་བརྩི་མཐོང་ཆེན་པོ་བྱེད་པའི་དུས་ཤིག་ནི་ངེས་པར་འབྱུང་བ་ཡིན་ནོ་ཞེས་གསུངས་ཞེས་ཁོང་གིས་ཞལ་ནས་གསུངས་པ་དངོས་སུ་ཐོས། མང་བོ་ཞིག་གིས་དེ་ནི་འབྱུང་འགྱུར་ལུང་བསྟན་གནང་བ་རེད་ཟེར། སྤྱིར་རྗེ་དེ་ཉིད་ནི་ས་ཆེན་པོ་ལ་ཞུགས་པའི་སྐྱེས་ཆེན་དམ་པ་ཞིག་ཡིན་ངེས་པས་འབྱུང་འགྱུར་མངོན་སུམ་དུ་གཟིགས་པའི་སྤྱན་མངའ་བ་ནི་གོར་མ་ཆག་པས་མ་འོངས་ལུང་བསྟན་དུ་སྦྱར་ན་ཅིས་མི་ཆོག་སྟེ་སྦྱར་ཆོག་ཆོག་ཡིན་མོད། འོན་ཀྱང་ངས་བལྟས་ན་ངེས་དོན་མཁས་པ་ཆེན་པོ་དེ་ཉིད་ཀྱིས་ཁོང་གི་ངོ་མཚར་བའི་རྣམ་དཔྱོད་དང་དོན་གཉེར་གྱི་འདུན་པ་དེ་མངོན་སུམ་དུ་གཟིགས་པར་མ་ཟད། རང་གི་བླ་མ་དང་དགེ་བའི་བའི་བཤེས་གཉེན་ལ་མི་ལྡོག་པའི་དད་པ་སོགས་ཀྱང་གསལ་བར་གཟིགས་པས་མི་ལྡོག་པའི་རྒྱུ་དེ་ལས་མ་འོངས་པར་འབྲས་བུ་ཅི་འདྲ་ཞིག་འབྱུང་རྒྱུ་ཡིན་པའང་དཔོག་ནུས་པས་ཡིན་ཏེ། ཇི་སྐད་དུ། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར།།ཞེས་གསུངས་པ་ལྟར་རྒྱུ་ལས་འབྲས་བུ་དཔོག་པའི་རྟགས་ཡང་དག་གིས་སྒྲུབ་པ་ཉིད་དུ་སེམས་སོ།།

          གསུམ་པ། ལཱ་མོའི་ཡོངས་འཛིན་རིན་པོ་ཆེ་མཆོག་དང་ཐུན་མིན་གྱི་འབྲེལ་བ་ཇི་ལྟར་བྱུང་ཚུལ།

         དགུང་ལོ་སོ་དྲུག་གི་སྟེང་ལཱ་མོའི་ཡོངས་འཛིན་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་མཁས་གྲུབ་རྒྱ་མཚོ་དཔལ་བཟང་བོས་དུས་འཁོར་དབང་ཆེན་ཐོག་མར་གནང་སྐབས། དགེ་བའི་བཤེས་གཉེན་ཆེན་པོ་ཨ་ཁུ་བྱམས་པ་འཕྲིན་ལས་ཚང་གིས་ནན་གྱིས་གདན་དྲངས་པ་ལྟར་ལཱ་མོའི་ཡོངས་འཛིན་ཆོས་ཀྱི་རྒྱལ་བོའི་དུས་འཁོར་དབང་ཆེན་གྱི་མཆོད་དཔོན་མཛད་པ་ནས་བཟུང་ཕན་ཚུན་བར་གྱི་དད་དམ་གཙང་མ་ལ་དྲི་མ་ཅུང་ཟད་ཀྱང་མ་ཞུགས་པར་མ་ཟད། ལོ་ངོ་མང་བོའི་རིང་ཁོང་རྣམ་པ་གཉིས་སྐྱིད་སྡུག་ཡོངས་རྫོགས་མཉམ་མྱོང་གི་ཚུལ་དུ་གྲྭ་ཤག་གཅིག་ནས་བཞུགས་ཤིང་།  ཕན་ཚུན་གཅིག་ལ་གཅིག་ཤིན་ཏུ་མཉེས་ཤིང་གཤིན་པའི་ཆོས་ཀྱི་མཛའ་གཅུགས་ལྟ་བུར་གྱུར་ཡོད་པའང་རྒྱུས་ཡོད་ཀུན་ལ་ཐུན་གྲུབ་ཡིན་ལ། རྗེས་སུ་བསྟན་པ་ཡང་དར་གྱི་སྐབས་སུ་ལཱ་ལོའི་ཡོངས་འཛིན་རྡོ་རྗེ་འཆང་ཉིད་མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་གྱིས་གདན་དྲངས་པ་ལྟར་བླ་བྲང་དུ་ཕེབས་ནས་དབང་ལུང་བཀའ་ཆོས་མང་བོ་གནང་། དེའི་སྐབས་སུའང་ལཱ་མོའི་ཡོངས་འཛིན་རིན་པོ་ཆེ་མཆོག་ངེད་ཚང་གི་གྲྭ་ཤག་ནས་ཁོང་རྣམ་གཉིས་ལྷན་དུ་བཞུགས་པ་ཡིན། དྲང་མོར་བཤད་ན་སྐབས་དེར་ངེད་ཚང་གི་གྲྭ་ཤག་ནི་ཤིན་ཏུ་སྐྱོ་བོ་ཡིན། གྲྭ་ཤག་སོགས་འཚོ་བའི་ཆ་རྐྱེན་ཧ་ཅང་བཟང་བའི་ཨ་ཁུ་རྒན་པ་ཞིག་གིས་ཁོང་རིན་པོ་ཆེ་ཁོའི་གྲྭ་ཤག་ནས་བཞུགས་དགོས་ཚུལ་ཞུས་ཤིང་ནན་གྱིས་གདན་དྲངས་ཀྱང་མ་ཕེབས་པ་ན། ཨ་ཁུ་དེས་ང་ལ། ཚུལ་ཁྲིམས་ཁྱོད་ཀྱིས་དངོས་གནས་རང་ཚོད་ཐུག་གི་མི་འདུག ཁྱོད་ཀྱི་ཁང་བ་ལ་ལྟོས་དང་། བྱིས་པའི་རྩེད་ཁང་ལྟ་བུ་ལས་མི་འདུག ཁོང་རིན་པོ་ཆེ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དབང་ལུང་མན་ངག་གི་བླ་མར་གདན་དྲངས་པ་རེད། འདི་ལྟ་བུའི་ཁང་ངན་ཞིག་གི་ནང་ནས་བཞུགས་སུ་བཅུག་ན་ཁོང་འོ་བརྒྱལ་མ་རེད་དམ། ཁྱོད་ལ་དངོས་གནས་སྐྲག་རྒྱུ་ཞིག་མི་འདུག་ཟེར། ངས་ཨ་ཁུ་དེ་ལ། རེད་ལགས། ཁྱེད་ཀྱིས་གསུངས་པ་ངོ་མ་རེད། ངེད་ཚང་གི་གྲྭ་ཤག་ངོ་མ་སྐྱོ་བོ་རེད། འོན་ཀྱང་ངས་ཁོང་རིན་པོ་ཆེ་ལ་ནན་གྱིས་ཞུས་ནས་འདིར་བཞུགས་སུ་བཅུག་པ་མིན། ཁོང་རིན་པོ་ཆེ་ངའི་ཨ་ཁུ་ལ་ཐུགས་བརྩེ་བས་མཉམ་དུ་བཞུགས་འདོད་ནས་བཞུགས་པ་རེད་ལགས་ཞེས་ཞུས། དེ་ནས་ཉིན་གུང་གསོལ་ཚིགས་སྐབས་ངས་ཁོང་ལ་ཨ་ཁུ་དེས་ང་ལ་གསུངས་པ་ཇི་བཞིན་ཞུས་ནས་ཁྱེད་འདིར་བཞུགས་ན་ང་ཚོའི་ཆ་རྐྱེན་མི་བཟང་བས་དངོས་གནས་འོ་བརྒྱལ་རེད་ལགས། ཁྱེད་ཨ་ཁུ་དེ་བ་ཚང་གི་ཤག་ནས་བཞུགས་ན་ཇི་འདྲ་འདུག་ལགས་ཞེས་ཞུས་པར། ཁོང་གིས་ང་ལ། ཨ་ཁུ་བློ་བཟང་སྦྱིན་པ་དང་ངེད་གཉིས་ནི་ལོ་མང་བོའི་རིང་ནང་གཅིག་ནས་སྐྱིད་སྡུག་མཉམ་མྱོང་བྱས་ནས་བསྡད་པ་ཡིན། དེའི་ཕྱིར་ངའི་སེམས་ནས་གྲྭ་ཤག་འདི་ཡང་ང་རང་གི་གྲྭ་ཤག་ལྟ་བུར་བཟུང་ཡོད། ཁྱོད་ཀྱང་ཨ་ཁུའི་དགེ་ཕྲུག་ཡིན་པས་ངའི་དགེ་ཕྲུག་ཀྱང་ཡིན་པར་བཟུང་ཡོད་མོད། ཁྱོད་ཀྱིས་ང་འདིར་སྡོད་དུ་མི་འཇུག་ཟེར་བ་མིན་ལས་ཆེ་གསུངས་བྱུང་བར། ངས་ཁོང་རིན་པོ་ཆེར། ཁྱེད་འདི་ནས་བཞུགས་ན་ང་ནི་སྙིང་ནས་དགའ་ཡང་ཆ་རྐྱེན་མི་བཟང་བས་འོ་བརྒྱལ་རེད་བསམ་པ་ཡིན་ལགས་ཞུས་པ་ན། ཁོང་གིས་ང་འདི་ནས་ཨ་ཁུ་དང་མཉམ་དུ་བསྡད་ན་སྐྱིད་པོ་འདུག གཞན་གྱིས་ཅི་ཟེར་ལ་ཉན་དགོས་དོན་མི་འདུག་གསུངས། འདི་ཙམ་གྱིས་ཀྱང་ཁོང་རིན་པོ་ཆེས་ངའི་ཨ་ཁུ་ལ་གདེང་འཇོག་ཇི་འདྲ་ཞིག་གནང་གི་ཡོད་པ་གསལ་བོར་མཚོན་ནུས་སྙམ་མོ།།

           དེ་ནི་ལོས་ཡིན་ཏེ། ལཱ་མོའི་ཡོངས་འཛིན་རྡོ་རྗེ་འཆང་མཆོག་གིས་ཐར་ཤུལ་དགོན་པ་གསར་དུ་ཕྱག་འདེབས་གནང་སྟེ་ཆ་རྐྱེན་སོགས་གང་ཅིའི་ཐད་ནས་ཧ་ཅང་ཉག་ཕྲ་བའི་སྐབས་སུ། རྗེ་འདི་ཉིད་ཀྱིས་དགོན་དེའི་ས་ཆོག་ཐིག་རྩ། མགོན་ཆོས་སོགས་འདོན་ཆོག་མང་བོ་ཞིག་གི་དབྱངས་བར་རྟ་དང་ཕྱག་ལེན་ཐམས་ཅད་སྦ་གསང་མེད་པར་ཞིབ་རྒྱས་སུ་ཁྲིད་པ་མ་ཟད། ཐ་སྙད་རིག་གནས་ཀྱི་སྐོར་ཡང་མང་བོ་ཁྲིད་ནས་བྱིས་པ་འགྲོ་ཐུབ་ལ་མ་ཐུབ་པ་ལྟ་བུར་ཡོད་པའི་དགོན་གསར་དེ་འདོན་ཆོག་དང་རིག་གནས་སོགས་རྐང་ཚུགས་སུ་བཅུག་ནས་རྒྱུག་ཐུབ་པ་ལྟ་བུར་བཏང་བ་ཡིན་པས་སོ།།སྤྱིར་བཏང་གི་མི་ཁྲེལ་ཡོད་པ་ཞིག་ཡིན་ནའང་ནད་པ་དྲག་དུས་སྨན་པ་བརྗེད་དུ་མི་འཇུག་པ་ཡིན་ན། ཁོང་ལྟ་བུའི་སྐྱེས་ཆེན་དམ་པ་ཞིག་གིས་ཉམ་ཆུང་དུས་ཀྱི་དྲིན་ཆེན་པོ་དེ་རང་ཉིད་མཐོན་པོར་སོན་ཚེ་བརྗེད་དུ་འཇུག་ག་ལ་སྲིད་སྙམ་མོ།།

         བཞི་བ། འཇིགས་རུང་གི་བཙོན་ཁང་དགེ་སྦྱོར་གྱི་གནས་སུ་བསྒྱུར་བའི་དམ་པའི་རང་མདངས།

        དེ་ནས་རབ་རྒྱལ་ས་ཁྱིའི་ལོ་སྟེ་རྗེ་འདི་ཉིད་དགུང་གྲངས་ཞེ་གཅིག་གི་སྐབས་སུ། སྤྱིར་ཀྲུང་གོ་རྒྱལ་ཁབ་ཡོངས་དང་། ལྷག་པར་ཡང་བོད་མདོ་དབུས་ཁམས་གསུམ་མ་ལུས་པ་བཟློག་མེད་ཀྱི་དུས་འགྱུར་རླུང་ནག་འཚུབ་མ་དྲག་པོའི་འཇིགས་པས་གཙེ་བ་དང་ཆབས་ཅིག ལྟོ་སྐྱ་གོས་ཧྲུལ་དང་འདོད་ཆུང་ཆོག་ཤེས་ཀྱི་འཚོ་བར་རོལ་ཞིང་། གཞན་ཕན་གྱི་བྱ་གཞག་ཁོ་ནར་བརྩོན་པའི་གྲྭ་རྐྱང་དཀྱུས་མ་ཁོང་ཡང་ཐར་ཤུལ་དགོན་པའི་དགེ་རྒན་ཡིན་པ་ཙམ་རྒྱུ་མཚན་དུ་བྱས་ནས་མུན་ནག་གི་བཙོན་དུ་བཅུག་སྟེ་བཟོད་དཀའ་བའི་ལྟོགས་སྐོམ་དང་མནར་གཅོད། ལུས་ཀྱིས་ཐེག་དཀའ་བའི་ངལ་རྩོལ་དང་། སེམས་ཀྱིས་བཟོད་དཀའ་བའི་ཉེས་མེད་ཉེས་འགེལ་གྱི་སྲོག་ཁྲིམས་བཅད་པ་སོགས་ལུགས་མེད་ཀྱི་དཀའ་སྡུག་ཅི་ཙམ་མྱོང་དུ་ཆུག་ཀྱང་། བླ་མ་དཀོན་མཆོག་ལ་བཅོས་མིན་གྱི་དད་པ་ནམ་ཡང་འགྱུར་མ་མྱོང་ཞིང་། རང་ཉིད་བསྟན་པ་ལ་རབ་ཏུ་བྱུང་བའི་གྲྭ་བ་ཞིག་ཡིན་པ་ནམ་ཡང་བརྗེད་མ་མྱོང་ལ། ཞི་དུལ་བག་ཡོད་ཀྱི་སྤྱོད་པ་གཏན་ནས་ཉམས་མ་མྱོང་བར་བདག་གིས་དངོས་སུ་ཐོས། ཁ་འགུལ་ན་ཆོས་འདོན་བཞིན་ཡོད་ཅེས་བསྙོན་འཛུགས་པ་དང་། ཆོས་བཏོན་ན་གསར་བརྗེས་ངོ་ལོག་པའི་ཞྭ་མོ་བསྐོན་པ་དང་། གསར་བརྗེས་ངོ་ལོག་པ་ཡིན་ན་སྲོག་ཆད་ཕོག་པའི་དུས་སྐབས་དེའི་བཙོན་ཁང་དུ་སྲོག་ཁྲིམས་ཀྱིས་འཇིགས་པས་མནར་བཞིན་པའི་ངང་ནས་ཀྱང་མངོན་ལྐོག་ཅི་རིགས་ནས་དུས་འཁོར་བདག་འཇུག་ཚར་སྟོང་ཕྲག་ལྷག་དང་། དུས་འཁོར་རྩ་སྔགས་འབུམ་ཕྲག་བཅུ་ལྷག  སྐྱབས་འགྲོ་དང་མཎྜལ། ཕྱག་དང་མཆོད་པ་བཅས་འབུམ་རེ། འཇམ་དཔལ་མཚན་བརྗོད་སྟོང་ཕྲག་ཁ་ཤས་སོགས་དགེ་སྦྱོར་ལ་གཅིག་ཏུ་བརྩོན་པར་མཛད་པས་འཇིགས་རུང་གི་བཙོན་ཁང་ཡང་ཁོང་ལ་མཚོན་ན་དགེ་སྒྲུབ་ཀྱི་མཚམས་ཁང་ལྟ་བུར་གྱུར་བ་སོགས་ནི་བདག་གིས་ཁོང་ལས་དངོས་སུ་ཐོས་པ་ཡིན། དམ་པ་ཁོང་གིས་ཆོས་བསྒྲུབ་ན་སྲོག་ཆད་ཀྱི་ཉེན་ཁ་ཡོད་པའི་བཙན་པོ་སྟག་གི་མཆེ་བར་ནས་དེ་ལྟར་དགེ་སྦྱོར་ལ་བརྩོན་པ་ནི། ཚེ་འདི་བ་ཙམ་གྱི་བདེ་སྐྱིད་སྙན་གསུམ་ལ་ཆགས་པ་ག་ལ་ཡིན་ཏེ་གཏན་ནས་མིན་མོད། འོན་ཀྱང་སྙིང་ནས་ཚེ་ཕྱི་མ་ཕན་ཆད་ཀྱི་དོན་བསྒྲུབ་ནུས་ན་ཚེ་འདིའི་དོན་ཞར་ལ་འགྲུབ་པ་དང་། སེམས་གཏིང་ནས་གཞན་དོན་བསྒྲུབ་ཐུབ་ན་རང་དོན་ཞར་བྱུང་ཡིན་པ་ནི་ཇི་འདྲའི་བདེན་པ་ལ་ཨང་། དོན་ལ་མི་འབབ་པའི་སྲོག་ཁྲིམས་བཅད་པ་དེ་ཡང་ལོ་གཉིས་སུ་ཕྱིར་འཐེན་བྱས་ནས་ལག་བསྟར་བྱེད་རྒྱུ་བྱས་ཡོད་པ་དེ་ཡང་མཐར་སྲིད་ཇུས་ཀྱི་འགྱུར་ལྡོག་གི་དབང་གིས་ནམ་མཁའི་སྤྲིན་དང་། ས་གཞིའི་རྡུལ་དག་པ་ལྟར་རང་ཡལ་དུ་བུད་སོང་།

      ལྔ་བ། སླར་ཡང་བླ་བྲང་དུ་ཕེབས་ནས་བསྟན་འགྲོའི་དོན་རྒྱ་ཆེན་པོ་ཇི་ལྟར་མཛད་པའི་ཚུལ།

       དེ་ལྟར་བགྲང་བྱ་ཉེར་གཉིས་ཀྱི་རིང་ལ་བཙོན་ཁང་ནས་འོ་བརྒྱལ་དཔག་མེད་མྱོང་ནས་བཞུགས་རྗེས། གཞི་ནས་ཉེས་མེད་ཀྱི་དཀར་འདོན་བྱས་ཏེ་བཙོན་གྲོལ་བཏང་བས། ༡༩༧༢ལོ་སྟེ། ཁོང་དགུང་གྲངས་དྲུག་ཅུ་རེ་གཉིས་ལ་སོན་སྐབས་ཕྱིར་བླ་བྲང་དུ་ཕེབས་ཐུབ་པ་བྱུང་། འོན་ཀྱང་ད་དུང་རིག་གསར་གྱི་རླུང་འཚུབ་དེ་རྨང་ནས་དྭངས་སངས་སུ་སོང་མེད་སྟབས་དགོན་པའི་ནང་དུ་བཞུགས་ནས་ཆོས་སྦྱོར་ལ་བརྩོན་ས་མེད་པས་ཁོང་ཡང་དེའི་སྐབས་ཀྱི་བླ་མ་གྲྭ་བ་བྱིངས་དང་འདྲ་བར་གྲོང་ནས་བཞུགས་དགོས་པས་རེ་ཞིག་མཐའ་བ་གོང་མ་ནས་བཞུགས་ཤིང་། དེ་ནས་ས་དཀར་སྡེ་བར་བཞུགས་པ་རེད། སྐབས་དེ་དག་ཏུ་སྲིད་ཇུས་ཀྱི་དབང་གིས་ཀུན་ལ་མངོན་པར་བྱས་ཏེ་གསོ་སྦྱོང་སོགས་ཚོགས་མི་ཆོག་ཀྱང་། ས་གནས་གཅིག་ན་བླ་གྲྭ་མང་བོ་འདུས་ཡོད་པས་ཅུང་མི་མངོན་པའི་ཚུལ་གྱིས་ཐོ་རེངས་སྐབས་ལྟ་བུར་གསང་སྟབས་ཀྱིས་གསོ་སྦྱོང་ཚོགས་པར་ཐོས། ཁོང་ཡང་ནམ་མ་ལོངས་གོང་གསོ་སྦྱོང་གི་ཆེད་ས་དཀར་ནས་དགོན་པར་ཕེབས་པའི་ལམ་བར་དུ། སྟབས་མ་ལེགས་པར་དར་ཐོག་ནས་ཤིད་དེ་བརླ་གཡས་པར་ཆག་སྐྱོན་ཤོར་བས་རྗེས་སུ་ཡང་ཞབས་གཡས་པ་དྲང་བོར་སྤོ་མི་ཐུབ། ཁོང་ནི་རྒྱང་རིང་སྨད་སོག་ནས་བོད་དུ་ཆོས་ཀྱི་ཕྱིར་ཕེབས་པ་ཡིན་པས་བླ་བྲང་ན་གཉེན་ཉེ་གང་ཡང་མེད། འོན་ཀྱང་སྐབས་དེར་མཛོད་དགེ་སྒར་སར་གྱི་ཨ་ཁུ་བཟང་བོ་ཞེས་པ་ཞིག་ཡོད་པ་དེ་ཁོང་ལ་སྐར་རྩིས་ཀྱི་དཔེ་ཁྲིད་ཞུ་བའི་ཕྱིར་ཁོང་གི་གམ་དུ་སླེབས། དེ་ནི་ཁོང་གི་གཉེན་ཉེ་མིན་ཡང་ཡོན་ཏན་གྱིས་ཉེ་བར་བཀུག་པའི་སློབ་མ་རྣམ་དག་ཡིན་པས་ཚུར་ལ་ཞབས་ཞུ་ལེགས་པར་བསྒྲུབས། ཕར་ལ་ཤེས་རིག་མངོན་པར་བསྩལ་ཞིང་ནང་གཅིག་ནས་བཞུགས། དེ་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་བ་མཆོག་གི་ཐུགས་རྗེ་དང་བཀའ་དྲིན་ལ་བརྟེན་ནས་རིམ་པར་ཆོས་སྒོ་ཕྱེ་ཞིང་ཚོགས་འཚོགས་ཆོག་པར་བྱུང་། སྐབས་དེ་ཙམ་ལ་བདག་ཀྱང་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་སྟེ་བླ་བྲང་དུ་ཐོན་ཡོད་ཀྱང་གནས་ཀྱི་བླ་མ་དང་གཏན་དུ་སྡོད་ཆོག་པའི་གྲྭ་ཤག་སོགས་མ་རྙེད་པར་ལུས་ཡོད། གོང་དུ་བཤད་པའི་ཨ་ཁུ་བཟང་བོ་ནི་ཆུང་དུས་ནས་ངའི་ཨ་ཕའི་གྲོགས་པོ་ཡིན་པས་ང་ལ་ཆ་རྒྱུས་ཡོད། ཉིན་ཞིག་ཨ་ཕ་དང་ངེད་གཉིས་ཀྱི་རྩར་ཕེབས་ཏེ་ཁོང་གི་དགེ་རྒན་ཤིན་ཏུ་མཁས་པ་ཞིག་སྟེ་དུས་འཁོར་བ་ཨ་ཁུ་སྨད་སོག་བཛྲ་ཚང་ཡིན་ཚུལ་དང་། ཉེ་ཆར་ཞབས་ལ་ཆག་སྐྱོན་ཤོར་བས་འཚོ་བ་དེ་ཙམ་སྟབས་མི་བདེ་ཚུལ་དང་། ཨ་ཁུ་བཟང་བོ་ཁོ་རང་གིས་ཁོང་ལས་རིག་གནས་ཁྲིད་ཞོར་དང་ཁོང་གི་ཞབས་ཞུ་སྒྲུབ་ཞོར་བྱས་ནས་ཡོད་ཚུལ་སོགས་ཞིབ་པར་གསུངས་ཏེ། བྱ་བ་ཞིག་གི་དབང་གིས་རེ་ཞིག་ཁོ་རང་ཕ་ཡུལ་ལ་འགྲོ་དགོས་པས་ཁོང་ལ་ཞབས་ཞུ་ཞིག་དགོས་པས་གནས་སྐབས་ཁྱོད་དེར་ཤོག་གསུངས། དེ་ནས་ཉིན་ཞིག་ངའི་ཨ་ཕ་དང་ངེད་གཉིས་ས་དཀར་སྡེ་བར་ཡོད་པའི་ཨ་ཁུ་ཁོང་བཞུགས་ས་དེར་སོང་སྟེ་ཁོང་དང་ཐོག་མར་མཇལ་ཞིང་ངས་ཁོང་ལ་ཇ་བསྐོལ་བ་དང་ཆུ་ལེན་པ་སོགས་ཀྱི་ཞབས་ཞུ་བསྒྲུབས་ནས་རེ་ཞིག་བསྡད་པ་ཡིན། དེ་ལྟར་དགུན་གཅིག་སོང་མཚམས་ཞིག་ལ་ཁོང་གིས་ང་ལ་གལ་ཏེ་མི་འཐད་རྒྱུ་མེད་ན་ངའི་དགེ་ཕྲུག་བྱས་ནས་འདིར་བསྡད་ཆོག་གསུངས། ངས་ཁོང་ལ་ང་ཁྱེད་ཀྱི་དགེ་ཕྲུག་བྱེད་པར་ཤིན་ཏུ་འཐད་མོད། འོན་ཀྱང་ངས་གཞུང་བཀའ་པོཏ་ལ་ཐོས་བསམ་ཅུང་བྱེད་འདོད་པས་ཁྱེད་ཚང་གི་གྲྭ་རྒྱུན་བྱས་ནས་དུས་འཁོར་གྲྭ་ཚང་ལ་ཞུགས་མི་ཐུབ་ཅེས་ཞུས་པར། ཁོང་གིས་ང་ལ་ཁྱོད་མཚན་ཉིད་ལ་ལྟ་འདོད་ཡོད་ན་དེ་ཧ་ཅང་ལེགས་པོ་ཡིན། དུས་འཁོར་ལ་མ་ཞུགས་ཀྱང་སྐྱོན་མེད་གསུངས་པ་དེ་ནས་བཟུང་ངེད་གཉིས་བླ་སློབ་ཏུ་གྱུར་ཅིང་། ཕ་བུ་ལྟར་ཕན་ཚུན་བརྩེ་བའི་བསམ་པ་ཡལ་མ་མྱོང་བར་མ་ཟད། ང་ལ་བཀའ་དྲིན་རི་ལས་ལྕི་བས་ངས་ཁོང་གི་བཀའ་དྲིན་དྲན་ཐེངས་རེ་དང་མིག་ནས་མཆི་མ་དབང་མེད་དུ་ཤོར་བ་གཉིས་ཕལ་ཆེར་མཉམ་མཉམ་ལྟ་བུར་སོང་བ་ལན་གཅིག་མིན། རྗེས་སུ་ཁོང་གིས་ངའི་ཨ་ཕར་ཁྱོད་ལ་བུ་མང་བོ་ཡོད་པས་ད་དུང་ངའི་གྲྭ་རྒྱུན་གྱི་སྐལ་ཞིག་ཀྱང་སྟེར་དགོས་ཞེས་གསུངས་པ་ལྟར་ངའི་སྤུན་ཆུང་བཛྲ་འཕྲིན་ལས་རྒྱ་མཚོ་རབ་ཏུ་བྱུང་སྟེ་དུས་འཁོར་གྲྭ་ཚང་ལ་ཞུགས་པ་མ་ཟད། ངའི་ཚ་བོ་སྦྱིན་པ་རྒྱ་མཚོ་དང་དཀོན་མཆོག་རྒྱ་མཚོ་སངས་རྒྱས་རྒྱ་མཚོ་རྣམས་ཀྱང་ཁོང་གི་གྲྭ་རྒྱུན་ལ་ཕུལ་ནས་དུས་འཁོར་གྲྭ་ཚང་དུ་ཞུགས།

           བསྟན་པ་ཡང་དར་གྱི་ཆོས་སྒོ་ཕྱེ་བ་ནས་བཟུང་བླ་བྲང་དུ་བཞུགས་ནས་དུས་འཁོར་གྲྭ་ཚང་གི་འདོན་རྟ་དབྱངས་གསུམ་སོགས་སྔོན་གྱི་ཕྱག་ལེན་དྲི་མ་མེད་པ་མང་བོ་སླར་ཡང་རྨང་ནས་གསོས་ཤིང་རྒྱས་པར་མཛད། སྒྲ་དང་སྐར་རྩིས་སོགས་རིག་གནས་ཆེ་ཆུང་གི་དོན་གཉེར་བ་མང་བོར་རང་རང་གི་འདོད་པ་བཞིན་ཞིབ་རྒྱས་སུ་ཁྲིད་ཅིང་ཚིམ་པར་མཛད།   ༡༩༨༡ལོར་ལྷ་ས་ནས་གནམ་རིག་སྐར་རྩིས་ཐེངས་གཉིས་པའི་ཚོགས་འདུ་ལ་ཕེབས་དགོས་ཞེས་གདན་འདྲེན་ཞུས་ཤིང་ལམ་ནས་རྒྱའི་གྲོང་ཁྱེར་འགའ་བརྒྱུད་དགོས་པས་རྒྱ་ཡིག་རྒྱ་སྐད་སོགས་ཤེས་པའི་ཞབས་ཞུ་ཞིག་ཀྱང་ཁྲིད་ཆོག་པར་བཤད་པ་ལྟར། སྐབས་དེར་རང་ལོ་བཅོ་བརྒྱད་ལ་སོན་པའི་ང་ཁོང་གི་ཞབས་ཞུར་ཁྲིད་པས་གནམ་གྲུའི་འཛིན་བྱང་ཉོ་བ་སོགས་ལམ་གྱི་འགན་འཁུར་ཡོངས་རྫོགས་ངས་ཁུར་ཁུལ་བྱས་ནས་ཐེངས་དང་བོར་དམ་པ་ལྷ་ཆོས་ཀྱི་འབྱུང་གནས་སྟོད་ཉི་མ་ལྷ་སར་མཇལ་རྒྱུའི་སྐལ་བ་བྱུང་། ཚོགས་འདུ་དེ་ལ་ངེས་དོན་མཁས་པའི་དབང་བོ་རྗེ་དམུ་དགེ་བསམ་གཏན་ཚང་དང་། མཁན་པོ་ཁྲོ་རུ་ཚེ་རྣམ་ཚང་། སྨན་རམས་པ་ཆེན་པོ་བྱམས་པ་འཕྲིན་ལས་སོགས་སོགས་མདོ་དབུས་ཁམས་གསུམ་གྱི་མཁས་པ་མང་བོ་ཕེབས་འདུག་པས། ཁོང་རྣམ་པས་ལྷན་ཅིག་ཏུ་དཔྱད་བསྡུར་གང་མང་གནང་བའི་མཐར། རྗེ་དམུ་དགེ་བསམ་གཏན་ཚང་དང་ངའི་ཨ་ཁུ་མཆོག་གཙོ་མཛད་ནས་དུས་འཁོར་ལུགས་ཀྱི་གོ་ལ་ལྕགས་སྒྲོག་མ་ཐོག་མར་གཏན་ལ་ཕབ་སྟེ་བཞེངས་པ་ཡིན། སྐབས་དེར་ངའི་ཨ་ཁུ་ཚང་གདན་འདྲེན་ཞུ་ཡིག་གི་རྒྱ་ཡིག་ངོས་ལ་སྨད་སོག་བཛྲ་ཞེས་པའི་སྒྲ་ཇི་བཞིན་མ་ཐོན་པར་མན་སོ་པཎ་ཁྲེན་(满索班禅)ཞེས་བྲིས་འདུག ངས་སློབ་དཔོན་རིན་པོ་ཆེ་རྗེ་དམུ་དགེ་བསམ་གཏན་ཚང་ལ་རྒྱ་ཡིག་འདི་ལྟར་བྲིས་འདུག་ཅེས་གཟིགས་སུ་ཕུལ་བར། ཁོང་གིས་ཡི་གེ་འདི་པཎ་ཆེན་རིན་པོ་ཆེའི་མཚན་མཚོན་བྱེད་དུ་བཀོལ་བའི་ཡི་གེ་དེ་མ་ཡིན་ནམ་གསུངས་པར། བདག་གིས་རེད་ལགས་ཞེས་ཞུས་པར། ང་ཚོས་ལྷན་ཅིག་གསོལ་ཚིགས་ལ་རོལ་སྐབས་ཁོང་གིས་ངའི་ཨ་ཁུ་ཚང་ལ་རྩེད་མཚར་གྱི་ཚུལ་དུ། ལྷ་ས་བ་རྣམས་ཀྱིས་ཁྱེད་ཚང་ལ་པཎ་ཆེན་ཞེས་བྲིས་འདུག འདི་ནི་རྟེན་འབྲེལ་ལེགས་ཤིང་དོན་དངོས་དང་ཡང་མཐུན་པ་ཞིག་རེད། འོན་ཀྱང་བོད་ཀྱི་པཎ་ཆེན་ནི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཁོང་ཡིན་ལ། ཁྱེད་ལ་འདིར་སྨད་སོག་པཎ་ཆེན་ཞེས་བྲིས་འདུག་པས་ཁྱེད་ནི་སྨད་སོག་གི་པཎ་ཆེན་རེད་གསུངས་ཤིང་། ངས་ཁྱེད་ལ་གསོལ་འདེབས་ཤིག་ཀྱང་རྩོམ་པར་འདོད་དོ་ཞེས་གསུངས་ཏེ་ངག་ཐོག་ནས་གསུངས་པ་ངས་བརྗེད་དུ་མ་བཅུག་པར་རྗེས་སུ་ཡི་གེར་བཀོད་པ་ནི་འདི་ལྟར། ཕྱག་གཡོན་སྨྱུ་གུས་འཁོར་འདས་གཏན་ལ་འབེབས།།ཞབས་གཡས་གར་སྟབས་ཚུལ་གྱིས་འགྲོ་བར་བྱེད།།ཕྱི་ནང་གཞན་གསུམ་དུས་འཁོར་ཐུགས་སུ་ཆུད།།སྨད་སོག་པཎ་ཆེན་ཞབས་ལ་གསོལ་བ་འདེབས།།འདི་ནི་རྩེད་མཚར་གྱིས་དོན་དངོས་མཚོན་པའི་བསྔགས་བརྗོད་ཅིག་ཀྱང་ཅིས་མ་ཡིན་སྙམ་མོ།།

     དེ་ནས་ཡང་ཕྱིར་རང་དགོན་དུ་ཕེབས་ཏེ་ཕྱོགས་ལ་ལུང་གི་དོན་གཉེར་ཅན་གྱི་སློབ་མ་བརྒྱ་སྟོང་དུ་མ་ལ་མདོ་རྒྱུད་རིག་གནས་ཀྱིས་བསྡུས་པའི་གཞུང་ལུགས་རབ་འབྱམས་ཀྱི་དཔེ་ཁྲིད་གནང་ཞིང་།  དབྱངས་ཅན་སྒྲ་ཊཱིཀ་ཆེན་མོ་གཅིག་བུ་ཡང་ཚར་ལྔ་བཅུ་ལྷག་ཞིབ་ཁྲིད་གནང་།   ཁྱད་པར་དུ་མདོ་སྨད་ཕྱོགས་སུ་དུས་འཁོར་བློས་བསླངས་ཇི་ལྟར་བཞེངས་ཚུལ་ཁུངས་ཐུབ་ཅིག་དཀའ་བར་བྱུང་སྟེ་རྒྱུན་ཆད་པའི་ཉེན་ཁར་ཐུག་པ་ན་ཀུན་མཁྱེན་རིན་པོ་ཆེ་མཆོག་གིས་ཅིས་ཀྱང་ཉམས་པ་སླར་གསོ་གྱིས་ཤིག་ཅེས་བཀས་བསྐུལ་བ་དང་ཁོང་ཉིད་ཀྱང་ཐུགས་ཀྱིས་མ་བཟོད་པར་དེའི་སྐོར་གྱི་གཞུང་ལུགས་མང་བོར་གཟིགས་རྟོག་མཐའ་ཆོད་པར་གནང་སྟེ་གཏན་ལ་ཕབ་ཅིང་། དོན་གཉེར་ཅན་གྱི་སློབ་བུ་མང་བོར་དམར་ཁྲིད་མཛད།  དེ་ནས་ཀུན་མཁྱེན་རིན་པོ་ཆེ་མཆོག་གི་བཀའ་བཀོད་ལྟར་འགན་ཡོངས་རྫོགས་རྗེ་འདི་ཉིད་ཀྱིས་བླང་སྟེ་སྔ་ཕྱིར་བླ་བྲང་ནས་ཚོགས་ཆེན་བཙུགས་ཤིང་དང་དུས་འཁོར་གྲྭ་ཚང་། སྐུ་འབུམ་བྱམས་པ་གླིང་། རྨ་ཆུའི་དངུལ་རྭའི་དགོན། མཚོ་སྔོན་པོའི་མདའ་བཞིའི་ཞབས་དྲུང་སྒར་ཐོག་སོགས་སུ་དུས་འཁོར་བློས་བསླངས་དང་། མང་རའི་ཐར་ཤུལ་དགོན་དུ་འཇིགས་བྱེད་བློས་བསླངས། བླ་བྲང་དུའ་འཁོར་སྤྱི་ཁང་དུ་ཀུན་རིག་བློས་བསླངས་བཅས་ཚད་ལྡན་དམ་པའི་ཕྱག་བཞེས་བཞིན་གསར་དུ་བཞེངས་ཤིང་། རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་ཆོས་སྡེ་ཆེན་མོ་རོང་བོ་དགོན་ཆེན་ནས་དུའ་འཁོར་བློས་བསླངས་ཀྱི་ཁྲིད་ཞིབ་རྒྱས་གནང་བ་དང་། རེབ་གོང་སྒོ་དམར་མཆོད་རྟེན་གསར་བཞེངས་ཀྱི་ཐིག་རྩ་སོགས་ཡོངས་རྫོགས་ཁོང་གི་ཐུགས་བཀོད་ལྟར་བཞེངས་པ་དང་། གཞན་ཡང་བྱ་མདོའི་མཚམས་ཁང་དགོན་པར་རྣམ་སྣང་མངོན་བྱང་གི་དཀྱིལ་ཆོག་ཕྱག་ལེན་དང་བཅས་པ་གསར་དུ་བཙུགས། ཞབས་དྲུང་སྒར་ཐོག་ལ་རྣམ་སྣང་མངོན་བྱང་དང་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་ཆོག་གར་འཆམ་བཅས་དང་། དམ་ཅན་ཆོས་ཀྱི་རྒྱལ་བོའི་གློ་བུར་ལས་བཅོལ་གྱི་གཏོར་རྒྱག་སོགས་ཀྱང་གསར་དུ་བཙུགས་པས། ཡོངས་འཛིན་ཆོས་ཀྱི་རྒྱལ་བོས། རྨ་ཆུའི་བྱང་རྒྱུད་ན་མངོན་བྱང་དང་དུས་འཁོར་གྱི་སྒྲུབ་མཆོད་འདི་འདྲའི་ཆ་ཚང་བ་ཞིག་སྒར་ཐོག་ན་མ་གཏོགས་མེད་པ་འདི་ཨ་ཁུ་སྨད་སོག་ཚང་གི་བཀའ་དྲིན་ཡིན་པས་ངས་ཁོང་ལ་བཀའ་དྲིན་ཆེ་ཞུ་བ་ཡིན་ཞེས་དོན་གནས་ཀྱི་བསྔགས་བརྗོད་གནང་ལྟ་བུ་ཡིན་ལ།  དེ་ལྟར་བསྟན་འགྲོའི་དོན་འབའ་ཞིག་གིས་ཉིན་མཚན་འདའ་བར་མཛད་པ་ནི་རྒྱུས་ཡོད་གཟུར་གནས་ཀུན་ལ་ཐུན་སྣང་དུ་གྲུབ་པ་ཡིན་ནོ།།

       དེང་སང་གི་བླ་གྲྭ་ཕྱུག་པོ་རྣམས་དང་བསྡུར་ན་ཁོང་ལ་རྒྱུ་ནོར་མང་བོ་མེད་མོད། འོན་ཀྱང་དེའི་སྐབས་ཀྱི་གྲྭ་བ་བྱིངས་དང་བསྡུར་ན་ཁོང་ཉིད་ཀྱང་ཕྱག་ཡོང་མང་བོ་ཅན་གྱི་གྲས་སུ་གཏོགས། ཡིན་ན་ཡང་རྒྱུན་གྱི་འཚོ་བ་གཏན་ནས་གཟབ་རྒྱས་མི་མཛད་ཅིང་། དུས་རྒྱུན་དུ་ངེད་ཅག་གམ་བཅར་བ་རྣམས་ལ་སྒོར་མོ་སོགས་གྲོན་ཆུང་བྱེད་དགོས་ཚུལ་གསུངས་ཤིང་། ཐ་ན་འབར་ཁའི་(མེ་ཁ་གསོ་བྱེད་ཀྱི་མིང་)ཆེ་ཆུང་ཙམ་ལའང་དོ་སྣང་ཆེན་པོ་གནང་། དེ་ནི་རྒྱུ་ནོར་ལ་སེར་སྣ་སྐྱེས་པ་ནི་གཏན་མིན་ཏེ། ངེད་ཅག་ཕྱི་རབས་པ་རྣམས་ལ་གཞན་གྱི་དད་ཟས་གཤིན་ཟས་ལ་བག་མེད་དུ་སྤྱོད་མི་རུང་ཚུལ་ཤེས་སུ་བཅུག་ནས་བསླབ་བྱ་གནང་བ་ཡིན། འགའ་ཞིག་གི་བསམ་པར་འདི་ལྟ་བུ་ནི་གླེང་རིན་མེད་པའོ་སྙམ་པ་འཆར་སྲིད་ཀྱང་། ཞིབ་ཏུ་བསམས་ན་དེ་ཡང་ལས་འབྲས་མི་བསླུ་བའི་ཚུལ་ལ་ངེས་པ་རྙེད་པའི་དན་རྟགས་སུ་འདུག་གོ།རྒྱུ་མཚན་ནི་རྣམ་དཀར་དགེ་བའི་ལས་སམ་དོན་ལྡན་གྱི་བྱ་བ་ཞིག་གི་ཆེད་དུ་གཏོང་དགོས་པ་བྱུང་ན་ཡོད་ཚད་གཏོང་ཐུབ་པ་ཞིག་ཡིན་པས་སོ།།དཔེར་ན་དུས་འཁོར་གྲྭ་ཚང་གི་སྤྱི་འཇོག་ལ་སྔ་ཕྱིར་སྒོར་འབུམ་ཕྲག་ལྷག་ཕུལ་བ་དང་། ༡༩༩༤ལོར་ཁོང་དང་དུས་འཁོར་བ་ཨ་ཁུ་འཇིགས་མེད་བློ་གྲོས་ཚང་རྣམ་གཉིས་ནས་རྗེ་གུང་ཐང་བསྟན་པའི་དབང་ཕྱུག་མཆོག་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུས་ཤིང་ཤོག་སྒོར་ཁྲི་བཅུ་ལྷག་བཀའ་དྲིན་ཞུ་བའི་ཡོན་དུ་ཕུལ་བ་ལྟ་བུ་དང་། ༡༩༩༩ལོར་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གིས་གདན་འདྲེན་ཞུས་པ་ལྟར་རྭ་རྒྱར་ཕེབས་ཏེ་སྐབས་དང་བོ་མཐར་ཕྱིན་འཛིན་གྲྭ་ལ་བདག་གིས་དབྱངས་ཅན་སྒྲ་ཊཱིཀ་ཆེན་མོ་ཁྲིད་ཁུལ་་བྱས་ནས་བྱིངས་ཀྱི་དབུར་སླེབས་པ་དང་འཁེལ་བས་བྱིངས་ཡོངས་རྫོགས་ཀྱི་དཔེ་ཁྲིད་ཁོང་གིས་གནང་ཞིང་སྒོར་མོ་ཡང་མི་ཉུང་བ་ཞིག་གནང་བ་ཡིན་མོད། གྲངས་ཅི་ཙམ་གནང་བ་ནི་བརྗེད་ངས་རྐུན་པོས་བརྐུས་ཟིན་པས་ད་ལྟ་བདག་གི་ཡིད་ལ་མི་དྲན། ད་ལྟ་སྒོར་མོ་ཁྲི་བརྒྱ་ཕྲག་སྟོང་ཕྲག་གི་སྐད་ཆ་མ་གཏོགས་མི་བཤད་མཁན་ཚོས་བལྟས་ན། ཁོང་གིས་བླ་མ་གྲྭ་ཚང་དང་དོན་ལྡན་རྣམ་དཀར་གྱི་ལས་ལ་བཏང་བའི་སྒོར་ཁྲི་ཉི་ཤུ་སུམ་ཅུ་ཙམ་ནི་གླེང་རིན་མེད་པ་ལྟ་བུ་ཡིན་སྲིད་མོད། འོན་ཀྱང་ཕྱག་ཡོང་དེ་ཙམ་མེད་པའི་གྲྭ་རྐྱང་དཀྱུས་མ་ཞིག་གི་འཚོ་བ་གནང་བཞིན་པའི་ཁོང་ལྟ་བུས་དུས་སྐབས་དེར་སྒོར་དེ་འདྲ་ཞིག་བཏང་བ་ནི་ངེས་པར་ངོ་མཚར་དགོས་པའི་གནས་ཤིག་སྟེ། ཁོང་ལ་མངའ་བའི་རྒྱུ་ནོར་གྱི་བརྒྱ་ཆའི་དགུ་བཅུ་གོ་བརྒྱད་ལྟ་བུ་སེར་སྣ་མེད་པར་བཏང་བ་ཡིན་པས་སོ།།

                    དྲུག་པ། ཇི་ལྟར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ།

       དེ་ལྟར་སྐུ་ཚེ་ཧྲིལ་བོ་བསྟན་པ་དང་འགྲོ་བའི་དོན་འབའ་ཞིག་ལ་བཏང་ཞིང་། དགུང་ལོ་བརྒྱད་ཅུ་ལྷག་ལ་སོན་སྐབས་ཀྱང་ཉིན་མཚན་ཁོར་མོ་ཡུག་ཏུ་དཔེ་གཟིགས་དང་དོན་གཉེར་ཅན་མང་བོ་ལ་དཔེ་ཁྲིད་དང་ཞལ་འདོན་གནང་ནས་བཞུགས་པ་མ་གཏོགས་རྣམ་གཡེང་དང་ལེ་ལོའི་ངང་དུ་ལུས་པ་ཞིག་གཏན་ནས་མཐོང་མི་སྲིད་དོ།།

         སྤྱིར་ང་ནི་ཁོང་གི་གམ་བཅར་དགེ་ཕྲུག་གི་ཁུལ་ཡིན་པས་ཁོང་དགུང་ལོ་མཐོན་པོར་སོན་པ་ན་ཁོང་གི་འཁྲིས་ནས་བསྡད་དེ་ཞབས་ཞུ་རྣལ་མ་ཞིག་བསྒྲུབ་དགོས་པ་ཡིན་མོད། འོན་ཀྱང་ང་སྐབས་དེ་དག་ཏུ་རྭ་རྒྱ་ཤེས་རིག་ནོར་བུའི་གླིང་ལ་སློབ་ཁྲིད་བྱེད་ཁུལ་བྱེད་དུ་འགྲོ་དགོས་པས་ཁོང་གི་གམ་ནས་དུས་རྒྱུན་དུ་འདུག་མི་ཐུབ། དེའི་ཕྱིར་དུས་རྒྱུན་དུ་ལུས་དང་གྲིབ་མ་བཞིན་འགྲོགས་ནས་ཁོང་ལ་ཞབས་ཞུ་ལེགས་པར་སྒྲུབ་མཁན་ནི་ངའི་སྤུན་ཆུང་བཛྲ་འོད་ཟེར་ཡིན། ངའི་ཨ་ཅེ་ཇོ་མོ་བྱས་ཡོད་པ་ཨ་ནེ་གྲགས་པ་མཚོ་ཞེས་པས་ཀྱང་ཁོང་ལ་བཞེས་པ་བཟོ་བ་སོགས་ཞབས་ཞུ་གང་ལེགས་བྱས་པ་རེད། སྤྱི་ལོ་༢༠༠༥ལོའི་ཟླ་༡༡པའི་ཚེས་མགོར་ངའི་སྤུན་ཆུང་བཛྲ་འོད་ཟེར་གྱིས་ང་ལ་ཁ་པར་བརྒྱུད་ནས་ཨ་ཁུའི་སྐུ་ཅུང་མི་བདེ་བར་འདུག་པས་ཁྱོད་འོངས་ན་འགྲིག་ཟེར། དེ་ནས་བདག་ཀྱང་གང་མྱུར་གྱིས་འོངས་ཏེ་བླ་བྲང་དུ་ཐོན་པ་ན་ཁོང་ཡང་་དགྱེས་ཉམས་ཆེན་པོ་གནང་། འོན་ཀྱང་ཁོང་གིས་ང་ལ་ཁྱོད་འོངས་པ་ཤིན་ཏུ་ལེགས། ད་ཐེངས་ཕལ་ཆེར་ང་འགྲོ་དགོས་རྒྱུ་རེད་གསུངས་བྱུང་བས་བདག་གི་སེམས་ཤིན་ཏུ་སྐྱོ་བ་ཞིག་བྱུང་། དེ་ནས་ཁོང་གི་སློབ་མ་དུས་འཁོར་བ་མང་བོ་དང་ཐར་ཤུལ་དགོན་པའི་གྲྭ་བ་རེ་གཉིས་དང་ང་ཚོ་ནང་སྐོར་གྱི་དགེ་ཕྲུག་ཚང་མ་འདུས་ནས་སྨན་པ་སོགས་བཙལ་ནས་ཉིན་འགའ་ལ་སྨན་བཅོས་ཅུང་ཟད་བྱས་མོད། ཁོང་གིས་ད་ཐེངས་ང་ལ་ཁབ་རྒྱག་པ་སོགས་སྨན་བཅོས་གང་ཡང་བྱེད་མི་དགོས་གསུངས་པ་ལྟར་སྨན་བཅོས་ཆེར་མ་བྱས། དུས་རྒྱུན་དུ་དུས་འཁོར་ཉམས་ལེན་གྱི་མཐིལ་དུ་གནང་ཡང་། སྐབས་དེར་དུས་འཁོར་གྲྭ་ཚང་དུ་རྣམ་སྣང་མངོན་བྱང་གི་བློས་བསླངས་ཤིག་བཞེངས་བཞིན་ཡོད་པ་ད་དུང་འགྲུབ་མེད་པས་དེ་ལ་ཐུགས་ཁུར་གནང་བས་ཡིན་ནམ་ཅི་ཡིན་གསལ་བོ་མི་ཤེས་ཀྱང་། སྐབས་དེ་དག་ཏུ་ཉིན་བཞིན་མངོན་བྱང་གི་བདག་འཇུག་རྐྱང་རྐྱང་གསུངས་ནས་བཞུགས་ཤིང་། ཉིན་ཞིག་ཁོང་གི་སློབ་མ་བློས་བསླངས་བཞེངས་པའི་འགན་འཁུར་མཁན་ཁཱ་གྱ་གྲགས་པ་ཞེས་པ་དེ་བོས་ནས་བཞེངས་ཚུལ་ཇི་བཞིན་ཤེས་ཡོད་མེད་རྒྱུགས་བླངས། ཅུང་མི་གསལ་བའི་སྐོར་རྣམས་ལ་འདི་དང་འདི་གྱིས་ཞེས་གསུངས་བཀོད་གསལ་བར་གནང་ཟིན་པ་ན་གཞི་ནས་ཐུགས་བདེ་བ་ལྟ་བུར་སོང་སྟེ་སླར་ཡང་དུས་འཁོར་བདག་འཇུག་གསུངས་བཞིན་བཞུགས། དེ་ནས་ཁོང་གིས་འོད་ཟེར་དང་ངེད་གཉིས་ལ་ང་ཤི་རྗེས་སྣ་ནང་ནས་རྟགས་ཤིག་མ་ཐོན་ན་ཉིན་བདུན་གྱི་བར་ངའི་པུར་ཞོག་གསུངས། དེ་ནས་ཟླ་དེའི་ཚེས་ལྔའི་ཉིན་གྱི་ཞོག་པར་ངེད་ཅག་ནང་སྐོར་གྱི་དགེ་ཕྲུག་རྣམས་ལ་གསུང་གླེང་ཅུང་ཙམ་གནང་ཞིང་། འོད་ཟེར་གྱི་ལག་མགོ་ནས་བཟུང་སྟེ་ཁྱོད་ཀྱིས་ང་ལོ་ལོན་པའི་སྐབས་འདིར་བདག་སྐྱོང་ཡག་ཐག་ཆོད་བྱས་སོང་། ཤིན་ཏུ་བཀའ་དྲིན་ཆེ་གསུངས་ནས་ཐུགས་མཉེས་མཉེས་མཛད། དེ་ནས་དེའི་མཚན་མོར་ཁོང་གི་སློབ་མ་དུས་འཁོར་བ་རྣམས་དང་ཐར་ཤུལ་དགོན་པའི་གྲྭ་བ་རེ་གཉིས་ཡོད་པ་རྣམས་དང་ངེད་ཅག་ནང་སྐོར་དགེ་ཕྲུག་འོད་ཟེར་དང་བཀྲ་ཤིས་རྒྱ་མཚོ། དཀོན་མཆོག་རྒྱ་མཚོ་དང་སྦྱིན་པ་རྒྱ་མཚོ། སངས་རྒྱས་རྒྱ་མཚོ་དང་བཅས་པ་མདུན་དུ་བོས་ནས་ཀུན་རིག་རྩ་སྔགས་མང་ཙམ་ཐོན་གསུངས་པ་ལྟར་ངེད་ཅག་གིས་འུར་འདོན་བྱས་ཤིང་ཅུང་འགོར་བ་ན་ང་ཚོས་ལྷན་ཅིག་ཏུ་སྨོན་ལམ་རྒྱག་གསུངས་ཏེ་ཐུགས་སྨོན་ལེགས་པར་གནང་། ཚེས་དྲུག་གི་སྔ་དྲོར་སྐད་ཆ་ཧ་ཅང་གསལ་བོ་རང་གསུངས་མི་ཐུབ་ཀྱང་ཐུགས་ཤིན་ཏུ་གསལ་བོར་ཡོད། དངོས་པོ་གང་ཞིག་འཁྱེར་ཤོག་ཅེས་སུང་གིན་འདུག་ཀྱང་འབྲུ་མི་གསལ་བས་ཅི་ཞིག་འཁྱེར་ཡོང་དགོས་པ་མ་ཤེས་པར་ལུས་པ་ན། འཁྱེར་ཡོང་དགོས་པའི་དངོས་པོ་དེ་ལ་གཉིས་ཡོད་པའི་ཕྱག་བརྡ་མཛད་པ་་དང་འོད་ཟེར་གྱིས་རྟ་མགྲིན་ཆོས་སྐོར་པོཏ་གཉིས་ཡོད་པ་དེ་འཁྱེར་འོངས་ཏེ་འདི་ཨེ་ཡིན་ཞུས་པར་རེད་གསུངས། དེ་ནས་ཁོང་ཉིད་ཀྱིས་དཔེ་ཆ་པོ་ཏི་དེ་ཞལ་ཕྱེ་ནས་ཅི་ཞིག་འཚོལ་བཞིན་འདུག  དེ་ཡང་དཔེ་ཆའི་སྲིབ་རྐྱང་རྐྱང་དང་ཐིག་འཕྲེང་ཡང་མཐའ་མ་རྐྱང་རྐྱང་ལ་གཟིགས་ནས་བཙལ་མཐར་འཆི་ཁ་མའི་སེམས་ཅན་གྱི་སེམས་འཛིན་ཚུལ་གྱི་གདམས་ངག་ཅིག་ཡོད་པ་དེ་རྙེད་ཅིང་དེར་གཟིགས། འོན་ཀྱང་སྤྱན་གྱིས་གསལ་བོ་ཞིག་གཟིགས་ཐུབ་ཀྱིན་མེད་པ་ལྟ་བུར་སྣང་བས་འོད་ཟེར་གྱིས་ངས་བཀླག་པར་བྱ་ཡི་ཁྱེད་ཀྱིས་གསན་མཛོད་ཅེས་ཞུས་པར་ཡ་གསུངས་ནས་འོད་ཟེར་ལ་དལ་བུར་བཀླག་ཏུ་བཅུག   ཁོང་གིས་སྤྱན་བཙུམས་ནས་ཚིག་རིས་བཞིན་གསན་ནས་བཞུགས་ཤིང་། གལ་ཏེ་འོད་ཟེར་གྱི་ཚིག་བཏོན་པ་ཅུང་མགྱོགས་སོང་ན་དམིགས་པ་དང་ཐོ་མ་ཐུག་པས་་ཕྱག་གིས་བརྡ་བཏང་སྟེ་ཡང་བསྐྱར་ཀློག་ཏུ་བཅུག  ཀུན་མཁྱེན་སྐུ་འཕྲེང་རིམ་བྱོན་གྱི་སྐུ་བསྟོད་རྫོགས་ནས་མར་བཏོན་པ་ན།  ཚིག་བཞི་ཞིག་ཆད་སོང་བ་ལྟ་བུའིབརྡ་གནང་གིན་འདུག་ཀྱང་དཔེ་ཆའི་ངོས་ན་མེད་པས་འོད་ཟེར་གྱིས་ཅི་ཞིག་ཆད་འདུག་པ་མ་ཤེས་པར་ལུས་པ་ན། ངའི་ཚ་བོ་སྦྱིན་པ་རྒྱ་མཚོས་ང་ཚོའི་གྲྭ་ཚང་གིས་མཚམས་འདིར།  དཀོན་མཆོག་རྒྱལ་བའི་ཆོས་ཀྱི་སྙིང་བོ་ཀུན།།གཅིག་བསྡུས་བློ་བཟང་བསྟན་པའི་ས་ཆེན་ཁྱོན།།ལེགས་བཤད་ཉི་ཟླའི་སྒྲོན་མེས་གསལ་མཛད་པ།།རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས།།ཞེས་པའི་གུང་ཐང་བསྟན་པའི་སྒྲོན་མེ་ཚང་གི་སྐུ་བསྟོད་དེ་བཅུག་ནས་འདོན་སྲོལ་ཡོད་པས་དེ་འདོན་དགོས་མིན་ནམ་ཞེས་ཟེར་བ་ལྟར་ཞུས་པས་རེད་གསུངས།  དེ་ནས་གང་འཚམ་ཞིག་སོང་ཚེ་མཚམས་བྱེད་དུ་བཅུག  དེ་ནས་ཉིན་གུང་གི་དུས་ཚོད་གཉིས་དང་སྐར་མ་བཞི་བཅུ་ཡས་མས་ཙམ་ལ་དབུགས་འབྱུང་རྔུབ་ཅུང་རྒྱུན་ལྡན་མ་ཡིན་པ་ལྟ་བུར་སྣང་བས། བདག་གིས་ཁོང་གི་དབུ་ནས་ཅུང་སྐྱོར་ཙམ་བྱས་པ་ན་ཞལ་ཇེ་དྭངས་ལ་སོང་སྟེ་ཅུང་འཛུམ་པའི་ཉམས་དང་བཅས་གཟུགས་སྐུའི་བཀོད་པ་བསྡུས་ཚུལ་བསྟན་པར་གྱུར་བ་ན། ང་ཚོ་དེར་ཡོད་ཀུན་གྱི་བསམ་ངོར་ཆོས་རྣལ་མ་སྒྲུབ་མཁན་ཞིག་གི་སྐུ་ཚེ་ནི་མཐའ་མཇུག་ལ་ཡང་ཇི་འདྲའི་ཡ་མཚན་པ་ཞིག་རེད་ཨང་སྙམ་ནས་ཆོས་ལ་སྔར་ལས་ལྷག་པའི་ཡིད་ཆེས་དང་ཁོང་ལ་སྔར་ལས་ལྷག་པའི་དད་པ་སྐྱེས་སུ་བཅུག་གོ།

              བདུན་པ། བསྟན་འགྲོའི་ཕན་བདེའི་ཆེད་དུ་བཞག་པའི་བརྩམས་ཆོས་ཀྱི་སྐོར།

     ༼༡༽བརྡ་སྤྲོད་པ་དབྱངས་ཅན་གྱི་མདོའི་རྒྱས་འགྲེལ་དཔྱོད་ལྡན་ཡིད་ཀྱི་མུན་སེལ། ༼༢༽དཔལ་དུས་ཀྱི་འཁོར་ལོའི་བློས་བསླངས་ཀྱི་རྣམ་བཞག་འཇམ་དཔལ་ཞལ་ལུང་གི་དགོངས་དོན་རབ་གསལ་འཇམ་དཔལ་དགྱེས་པའི་མཆོད་སྤྲིན། ༼༣༽རྀ་ཐུ་སྦྱོར་བ་ལ་ཉེ་བར་མཁོ་བའི་ཆར་རྩིས་དང་རྟེན་འབྲེལ། ༼༤༽རྒྱ་རྩིས་ཀྱི་སྐོར་རྒྱས་པ། ༼༥༽སྟོང་འཇུག་གི་རི་མོ་ཕུག་ལུགས་སུ་བཀོད་པའི་གཞུང་གི་སྒྲུབ་ཚུལ་ཤིན་ཏུ་གབ་ཡོད་པ་མྱོང་བྱང་ལྟ་བུ་ཇེ་གསལ་དུ་བཏང་བ་ཡིད་ཀྱི་མུན་སེལ། ༼༦༽ཀུན་རིག་གི་བློས་བསླངས་བཞེངས་ཚུལ་ལག་ལེན་བསྡུས་པ། ༼༧༽ཕུག་ལུགས་རྩིས་ཀྱི་བསྟན་བཅོས་ལེགས་པར་བཤད་པ་རིགས་ལྡན་ཞལ་ལུང་བྱིས་པའི་མིག་འབྱེད། ༼༨༽རིགས་ལྡན་ཞལ་ལུང་གི་ཟུར་རྒྱན་གསེར་གྱི་ལྡེ་མིག་ལས་རེའུ་མིག་ཀ་ནས་ནའི་བར། ༼༩༽སྡེབ་སྦྱོར་ལ་ཉེ་བར་མཁོ་བའི་རྐྱེན་སྣ་ཚོགས་དང་སྡེབ་སྦྱོར་གྱི་དཔེ་བརྗོད་ཆ་ཚང་སོགས་ངོ་མཚར་བའི་བརྩམས་ཆོས་མང་བོ་བསྟན་འགྲོའི་ཕན་བདེའི་གསོས་སུ་བཞག་པ་ལས་ཐོབ་ཐང་དང་དཔང་ཡིག་སོགས་ཀྱི་ཆེད་དུ་མ་ཡིན་པའི་མཛད་པ་འདི་ལྟ་བུ་ཡང་གཟུར་གནས་དཔྱོད་ལྡན་དག་གི་མིག་དཔེར་བཀུར་རུང་བ་ཉིད་དོ།།

    ཞེས་ལྔ་རིག་སྨྲ་བའི་དབང་བོ་བླ་བྲང་དུས་འཁོར་བ་སྨད་སོག་བཛྲ་མཆོག་གི་མཛད་རྣམ་མདོར་བསྡུས་འདི་ནི། ཡུན་རིང་བོའི་བར་ཁོང་གི་ཉེ་གནས་དགེ་ཕྲུག་གི་ཁུལ་བྱེད་པའི་སྐལ་བཟང་ཐོབ་པ། དགེ་སྦྱོང་གྱི་ན་བ་བཛྲ་ཚུལ་ཁྲིམས་རྒྱ་མཚོར་འབོད་པས་སྒྲོ་སྐུར་དང་རབ་བཏགས་སོགས་ཀྱིས་ཅུང་ཟད་ཀྱང་མ་ལྷད་པར་དོན་དངོས་ཇི་ལྟ་བ་བཞིན་བཀོད་པའོ།།

       རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།