རྗེ་བཙུན་བློ་གསལ་རྒྱ་མཚོ་དཔལ་བཟང་བོའི་རྣམ་ཐར།(图文)

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།          སྤེལ་དུས།  2017-05-09 11:52:08     རྩོམ་པ་པོ།   བསེ་ཚང་བློ་བཟང་དཔལ་ལྡན།    ཀློག་ཐེངས།  

 

微信图片_20170509115924.jpg

༄༅།།རྗེ་འདི་ཉིད་མདོ་སྨད་གསེར་ལྗོངས་ཡུལ་གྱི་ནང་ཚན་སེང་གེ་ཁུགས་པའི་མཁར་ནང་སྡེ་བར།ཡུམ་བཀྲ་ཤིས་སྐྱིད་ཅེས་པའི་རྨི་ལྟས་སུ་བླ་ཆེན་ཞིག་གདན་འདྲེན་ཞུས་ནས་ཕེབས་པར་མོས་གདུགས་བཟུང་ནས་འདུ་ཁང་དུ་བསྐྱལ་བ་དང་།།མོ་མཆོད་རྟེན་སྟེང་དུ་བུད་པ་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུབལྟམས།སྐུ་ཆུང་ངུའི་དུས་ནས་ཆོས་འཆད་པ་སོགས་ཀྱི་མཛད་བཟང་ལས་ཕལ་བའི་བྱིས་སྤྱོད་གཏན་ནས་མི་མཛད་པས་ཀུན་གྱིས་ལས་འཕྲོ་བཟང་བོ་ཅན་ཞིག་རེད་ཅེས་སྨོན་པའི་གནས་སུ་གྱུར།།

དགུང་ལོ་བདུན་པའི་སྟེང་།རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་ཆུང་དུས་ནས་ངེས་འབྱུང་གི་བསམ་པས་རྒྱུད་བསྐུལ་ནས་བཅས་མཚམས་ལས་མི་འདའ་བར་འདུལ་ཁྲིམས་གཙང་མར་བསྲུང་བ་ལ་བརྩོན་པ་ལྷུར་བཞེས་གནང་།དེ་ནས་དགའ་ལྡན་ཕུན་ཚོགས་ཆོས་གླིང་གི་ཆོས་སྒོར་ཞུགས།དགེ་བའི་བཤེས་གཉེན་དུ་མ་ལས་འདོན་ཆའི་རིགས་མཐའ་དག་ཐུགས་འཛིན་གནང་སྟེ།ཁེར་རྒྱུགས་སྤྲད་པ་སོགས་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན།

དགུང་ལོ་བཅོ་བརྒྱད་ནས་འཇིག་རྟེན་གྱི་བྱ་བཞག་མཐའ་དག་སྤངས་ནས་འཕྲལ་རྐྱེན་མཐའ་དག་ཁྱད་དུ་བསད་དེ་འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་བརྟེན་ནས་སྨྱུང་གནས་བརྒྱ་དང་བརྒྱད་ཚུལ་བཞིན་དུ་བསྒྲུབས་ཏེ་མི་ཚེ་གང་བོར་སྨྱུང་གནས་བསྲུང་འདོད་ཀྱི་ཐུགས་སྟོབས་ལྷག་པར་སྐྱེས་ནས་རྡོ་རྗེ་འཆང་ཆེན་པོ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དཔལ་བཟང་བོར་ཞུ་བ་ཕུལ་བར།ད་དུང་ན་ཚོད་གཞོན་པས་སྨྱུང་གནས་རེ་ཞིག་བཞག་ལ་དཔེ་ཆ་ལྟོས།ཞེས་གསུངས་པའི་བཀའ་ལྟར།རྗེ་དེ་ཉིད་ཀྱི་མདུན་ནས་འཇམ་མགོན་རྒྱལ་བའི་དབང་བོ་ཡབ་སྲས་གསུམ་དང་།ཡབ་རྗེ་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་གཉིས་ཀྱི་བཀའ་འབུམ་གྱི་ལུང་དང་།དུས་འཁོར་དབང་ཆེན་སོགས་ཀྱི་ཆོས་རྒྱུན་མང་དུ་མནོས།

དགུང་ལོ་བཅུ་དགུའི་སྟེང་སྐྱབས་རྗེ་ཨ་རོལ་ཐམས་ཅད་མཁྱེན་པའི་མདུན་སར་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་བཞེས།མཚན་ལ་བློ་གསལ་རྒྱ་མཚོ་ཞེས་གསོལ། དེ་ནས་བཟུང་སོ་སོར་ཐར་བའི་བཅས་མཚམས་ཉེས་བྱས་ཕྲ་མོ་ཚུན་ཆད་མིག་འབྲས་བཞིན་བསྲུངས།བྲག་དཀར་བཀའ་བཅུ་རིནཔོ་ཆེའི་ཡོངས་འཛིན་མཆོག་གི་མདུན་ནས་ལམ་རིམ་ཆེན་མོའི་སྤྱོད་པ་སྤྱི་བསླབ་པར་མཛུབ་ཁྲིད་ཞུས་པ་དང་།

དགུང་ལོ་ཉི་ཤུའི་སྟེང་རྗེ་དཀོན་མཆོག་བསམ་གཏན་དཔལ་བཟང་བོ་ཚུལ་བཞིན་བསྟེན་ནས་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་དང་། སྔགས་ཀྱི་བཀླག་ཐབས།  སུམ་རྟགས་སོགས་ཆོས་རྒྱུན་མང་བོའི་མཛུབ་ཁྲིད་སོགས་རྒྱ་ཆེར་ལེགས་པར་གསན།  དགུང་ལོ་ཉེར་གཅིག་སྟེང་རྗེའི་གསུང་འབུམ་གྱི་ལུང་རྫོང་དཀར་རིན་པོ་ཆེའི་མདུན་ནས་ཡང་སྐྱར་གསན་པ་དང་།གཞན་བླ་མཆོད་སོགས་བཀའ་ཆོས་མང་དུ་གསན།ཐུགས་སྲས་དམ་པ་དེ་ཉིད་ཀྱི་མདུན་ནས་ལམ་རིམ་ཆེན་མོ་མཛུབ་ཁྲིད་ཡང་བསྐྱར་གསན་པ་དང་།གསུང་འབུམ་བཀའ་རྒྱ་མ་སོགས་གསན།ཡང་སེམས་དཔའ་ཆེན་པོ་དེ་ཉིད་ལམ་རིམ་ཚིགས་བཅད་མའི་མཛུབ་ཁྲིད་ཟླ་བ་ལྔའི་བར་གསན།

དེ་ནས་དགེ་བའི་བཤེས་གཉེན་དམ་པ་བློ་གྲོས་མཆོག་གི་མདུན་ནས་ཡིག་གཟུགས་དང་སྔགས་ཀྱི་བཀླག་ཐབས་དག་ཡིག་ཟ་མ་ཏོག་མཁས་པ་དགའ་སྐྱེད་ཁ་རྒྱན་སོགས་ལ་ཞིབ་པར་སྦྱངས།དགུང་ལོ་ཉེར་གཉིས་སྟེང་ནས་ཡོངས་འཛིན་དམ་པ་རྗེ་དཀོན་མཆོག་བསམ་གཏན་མཆོག་གི་མདུན་ནསབསྡུས་གྲྭ་སོགས་གཞུང་བཀའ་པོཏ་ཆེན་པོ་རྣམས་དང་།གྲུབ་མཐའ་སོགས་ལ་ཐུགས་གཉེར་ནན་ཆེར་གནང་།

དགུང་ལོ་ཉེར་ལྔ་བ་ནས་རྗེ་ཨ་བྷྱའི་མཚན་ཅན་ལས་ལམ་རིམ་ཆེན་མོ་དང་།བདེ་ལམ།གྲུབ་མཐའ།སེམས་སེམས་བྱུང་།ཕར་ཕྱིན་ཡོང་རྫོགས་ཀྱི་དཔེ་ཁྲིད་རྗེ་ཞབས་དྲུང་རིན་པོ་ཆེ་སོགས་རེབ་གོང་གི་བྱ་བཏང་རི་ཁྲོད་པ་མང་བོ་དང་བཅས་ལྷན་དུ་གསན་བཞེས་མཛད། རྡོ་རྗེ་འཆང་བསེ་མཆོག་སྤྲུལ་རིན་པོ་ཆེ་དང་ལྷན་དུ་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་དང་།ཡོད་ཏན་གཞིར་གྱུར་མ།དགེ་ལྡན་བསྟན་པ་རྒྱས་པའི་སྨོན་ལམ།དྲག་པོ་གསུམ་དྲིལ་གྱི་མངོན་རྟོགས་སོགས་བཀླག་ལུང་དུ་མའི་ལུང་གསན་པ་དང་།

དགུང་ལོ་ཉེར་གཉིས་ནས་སོ་དྲུག་གི་བར་རྗེ་དཀོན་མཆོག་བསམ་ཏན་མཆོག་དང་།གང་གི་ཐུག་སྲས་དམ་པ་མཁས་པའི་དབང་བོ་དཀོན་མཆོག་དར་རྒྱས།གནས་ལྔ་ཀུན་གཟུགས་དཀོན་མཆོག་ཚུལ་ཁྲིམས།མཁས་པའི་དབང་བོ་བསྟན་པའི་མཚན་ཅན་རྣམས་ཀྱི་ཞབས་པད་ཚུལ་བཞིན་བསྟེན་ནས་ཀི་རྟིའི་དགོད་དགེ་ལྡན་མཁས་མང་བློ་གསལ་གླིང་གི་ཆོས་གྲྭར་ཞུགས་ཏེ་བསྡུས་གྲྭ་བློ་རྟགས་དབུ་ཕར་འདུལ་མངོན་སོགས་གཞུང་ཆེན་བཀའ་པོཏ་ལྔ་ལ་སྦྱངས་བ་ཙམ་མ་ཡིན་པར་དཔྱིས་ཕྱིན་པར་ཉིན་མཚན་ཁོར་ཡུག་ཀུན་ཏུ་བརྩོན་པ་དྲག་པོའི་སྒོ་ནས་སྦྱངས།མཁས་དབང་བོ་དཀོན་མཆོག་དར་རྒྱས་དང་།བསྟན་པ་ཚང་རྣམ་གཉིས་ལས།དྲང་ངེས་ལེགས་བཤད་སྙིང་བོ་ཁྲིད་གསན་ཅིང་གཞུང་དེ་ཉིད་ལ་སྦྱོང་བ་ཐར་སོན་པར་བྱས།གཞན་ཡང་།ཡོངས་འཛིན་དམ་པ་རྗེ་དཀོན་མཆོག་བསམ་གཏན་གྱི་དྲུང་ནས་རྒྱུད་སྡེ་སྤྱི་རྣམ་དང་།བསྐྱེད་རྫོགས་སོགས་སྔགས་ཕྱོགས་ཀྱི་དཔེ་ཁྲིད་ཉིན་རེ་ཆག་མེད་གནང་། དེའི་སྐབས་སུ་རྗེ་དཀོན་མཆོག་བསམ་གཏན་མཆོག་ཧོར་གཙང་ཀིརྟིའི་དགོན་དུ་ཁྲི་དང་དགེ་རྒན་ཟུང་འབྲེལ་དུ་ཕེབས་དགོས་པ་བྱུང་བར།རྗེ་ཉིད་ཀྱང་ཡོངས་འཛིན་དམ་པའི་རྗེས་སུ་འབྲལ་བ་མེད་པར་ཕེབས་ནས་ཧུར་བརྩོན་གྱིས་སྔར་བཞིན་བརྩོན་པའི་སྟོབས་བསྐྱེད་པའི་སྒོ་ནས་ཐོས་བསམ་མཛད་པ་སོགས་དགེ་བའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ལོ་ངོ་བཅུ་བདུན་གྱི་རིང་དུ་ཚུལ་བཞིན་བསྟེན་ཏེ་ཟབ་རྒྱས་གདམས་པའི་འཇིགས་བྱེད་དང་།རྟ་འགྲིན། རིན་འབྱུང་བརྒྱ་རྩའི་རྗེས་གནང་བཅས་གསན་པ་དང་།རྡོ་རྗེ་འཆང་འཇིགས་མེད་དམ་ཆོས་རྒྱ་མཚོ་གཙོ་བྱས་བླ་མ་དང་དགེ་བའི་བཤེས་གཉེན་བཅུ་ཕྲག་གཉིས་ལྷག་གཙུག་གི་རྒྱན་དུ་བཞེས་ཏེ་དབང་དང་།རྗེས་གནང་།ཁྲིད་དང་བཤད་ལུང་སོགས་རྒྱ་ཆེར་གསན་བཞེས་མཛད་པས་དམ་ཆོས་ནོར་བུས་ཐུགས་ཀྱི་བང་མཛོད་འགེངས་པར་བྱས།

དགུང་ལོ་སོ་བཞི་བ་ནས་ཐོས་དོན་སྒྲུབ་པ་ལ་གཞོལ་བའི་སྒོ་ནས་ཉིན་རེར་ལྟུང་བཤགས་དང་སྦྲགས་པའི་བརྒྱ་ཕྱག་སྐྱབས་འགྲོ་སྔོན་དུ་འགྲོ་བའི་དགའ་ལྡན་ལྷ་བརྒྱ་མའི་སྒོ་ནས་གསོལ་འདེབས་དམིགས་བརྩེ་མ་ལྔ་བརྒྱ་དང་།བླ་མ་རྣམས་ཀྱི་གསོལ་འདེབས།ཡིག་བརྒྱ་སྟོང་རེ།དམ་ཚིག་རྡོ་རྗེ་བཟླས་པའི་མཚན་སྔགས་ལྔ་བརྒྱ་རེ།འཇིགས་བྱེད་ལྷ་བཅུ་གསུམ་བདག་འཇུག་སོགས་དགུང་ལོ་སོ་བདུན་བར་ཆག་མེད་བྱས།སྨྱུང་གནས་བརྒྱ་དང་བརྒྱད་བསྒྲུབས་ཤིང་།ལོ་དུ་མའི་རིང་ས་ག་ཟླ་བར་སྨྱུང་གནས་མཆོག་བརྒྱད་ཆག་མེད་བགྱིས་པ་དང་།མདོ་སྔགས་ཀྱི་གཞུང་ཀུན་ལ་བག་ཆགས་གསོ་བའི་ཆེད་དུ་གཞུང་ཆེན་པོཏ་ལྔ།རིམ་ལྔ་གསལ་སྒྲོན།སྔགས་རིམ་སོགས་ཀྱི་ས་བཅད་ལ་ཉིན་བཞིན་གཤར་སྦྱང་རེས་མོས་བགྱིས།ཉིན་རེའི་དགེ་སྦྱོར་ཡང་།ནངས་སྔ་མོར་བཞེངས་ཏེ་ཤེར་སྙིང་དང་ཐུན་དྲུག་རྣལ་འབྱོར་གསུངས་རྗེས་ཕྱག་གནང་བཞིན་དུས་དྲན་བསྟེན་པ་དང་།ཕྲེང་སྔགས།ལྗགས་བྱིན་རླབས།སྐྱབས་འགྲོ།དགའ་ལྡན་ལྷ་བརྒྱ་མ་དང་འབྲེལ་བའི་དམིགས་བརྩེ་མ་བརྒྱ་ཕྲག་ཆག་མེད་དང་།ཡོན་ཏན་གཞིར་གྱུར་མའི་སྟེང་ནས་ལམ་ཡོངས་རྫོགས་ལ་ཤར་སྒོམ་ཙམ་དང་།སྒྲོལ་དཀར་ལྗང་གི་བསྟོད་པ་དང་།ཚེ་ལྷ་རྣམ་གསུམ་གྱི་གཟུངས་ཅི་ནུས་རེ།བླ་མ་མཆོད་པའི་མཇུག་ཏུ་བསྔོ་སྨོན་དང་བཅས་མཚམས་སྦྱར་གནང་།སྲོད་ལ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྐབས་ཡིག་བརྒྱ་ཉེར་གཅིག་རེ་དང་།ཁྲོ་བཅུའི་སྐབས་སུ་དེའི་སྔགས་གྲངས་དགུ་རེ་ཆག་མེད།བཟླས་པའི་སྐབས་སུ་ཞི་ཁྲོ་སྦྲགས་སྒྲུབ་ཐུན་མོང་མ་ཡིན་པའི་སྒོ་ནས་ཞི་ཁྲོའི་སྔགས་ཅི་ནུས་བཟླས།མཇུག་ཏུ་ཆོས་སྐྱོང་སོ་སོའི་བསྐང་བཤགས་དང་བསྟོད་པ་བསྡུས་པ་རེ་གསུངས།ནངས་ཇའི་སྔོན་ཁོང་གི་དགེ་རྒན་རིན་པོ་ཆེའི་ཕྱག་བཞེས་བཞིན་ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་དང་།ཚ་གསུར་བསྔོས་ཏེ་བཟའ་བཏུང་སོགས་བཞེས་པ་དང་།དེ་ནས་སྐབས་སུ་བབས་པའི་དཔེ་གཟིགས་དང་དཔེ་ཁྲིད་ཅི་རིགས་བྱས་རྗེས་ལམ་རིམ་གྱི་དམིགས་རྣམ་སྐྱོང་བ་དང་སྦྱོར་བའི་ཆོས་དྲུག་སྐབས་མཎྜལ་རྒྱས་པའི་མཇུག་ཏུ་ས་གཞི་མ་ཉེར་གཅིག་གསོག་སྟེ་བདུད་རྩི་འབེབས་སྦྱངས་དང་།དངོས་གཞི་ལམ་གྱི་རིམ་པ་ལ་དམིགས་རྣམ་སྐྱོང་ཞིིང་།དེའི་རྗེས་སུ་དཔེ་ཁྲིད་དང་དཔེ་གཟིགས་གནང་།གུང་ཚིགས་ཀྱི་སྐབས་རྗེ་དཀོན་མཆོག་བསམ་གཏན་གྱི་ཕྱག་བཞེས་ལྟར།སྔ་ཆབ་ལེན་པ་དང་བཅས་ཏེ་རྟེན་འབྲེལ་བསྟོད་པ།དཀོན་མཆོག་རྗེས་དྲན་དང་བཅས་རྗེས་སུ་ཡོན་བསྔོ་མ་ཎི་ལྟུང་བཤགས་བཅས་གསུངས། དགོང་མོའི་མཆོད་མེ་སྐབས་རྡོ་རྗེ་འཆང་ཨ་བྷྱའི་ཞབས་ཀྱི་ཕྱག་བཞེས་ཇི་ལྟ་བ་བཞིན་དང་མཇུག་ཏུ་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་དང་།བདེ་གསང་འཇིགས་གསུམ་གྱི་སྨོན་ལམ་སོགས་རེས་མོས་གནང་།ཤམ་སྨོན།དགེ་ལྡན་བསྟན་པ་རྒྱས་པའི་སྨོན་ལམ་རྣམས་ཆག་མེད་མཛད།དེའི་རྗེས་ཐུན་རྣལ་འབྱོར་སྔོན་དུ་བཏང་ནས་རིག་བྱེད་དབང་མོ་སོགས་ཡི་དམ་འགའ་ཞིག་གི་བསྙེན་གྲངས་གསོག་པ་དང་།རྡོར་སེམས་སྒོམ་བཟླས།ཡིག་བརྒྱ་ཉེར་གཅིག་དང་།ལྟུང་བཤགས་སྤྱི་བཤགས་བཅས་གསུངས་ཏེ་གཟིམས་ཁར་ཐུན་དྲུག་རྣལ་འབྱོར་གསུང་བཞིན་དགོང་ཕྱག་གནང་རྗེས་བསྔོ་སྨོན་རྣམ་དག་གནང་སྟེ་གཟིམས་པ་སོགས་ཚུལ་དེ་ལྟར་དགུང་ལོ་ཉི་ཤུ་ནས་བདུན་ཅུ་རྩའི་བར་དུ་ཆག་མེད་གནང་།ས་ཁྱི་ལོ་དང་རིག་གསར་སྐབས་སུ།རྗེ་འདིའི་སྔོན་གྱི་ཐུགས་བསྐྱེད་ཀྱི་སྟོབས་ཀྱིས་དད་སྟོབས་ཆེ་བའི་མི་འགའ་རེ་དང་ཕྲད་པས་ཉེས་སྐྱོན་ཆེར་མ་བྱུང་བས་རང་གཞན་ལ་ཕན་པའི་དགེ་སྦྱོར་དང་བསྟན་འགྲོའི་དོན་རྒྱ་ཆེན་པོ་ཆུ་བོའི་རྒྱུན་བཞིན་མ་ཆད་པར་གནང་།གཞན་ཡང་གསང་ཐབས་ལ་བརྟེན་ནས་དམིགས་བརྩེ་མ་དང་།འཇིགས་བྱེད།རྟ་མགྲིན།ཐུགས་རྗེ་ཆེན་པོ།མི་འཁྲུགས་པ།ན་ག་རཀྵ།ཁྱུང་ཁྲ།རིག་བྱེད་མ།མགོན་ཆོས་ལྷ་མོ་སོགས་ཀྱི་ལས་རུང་བསྙེན་པ་ཚད་ལྡན་རེ་གནང་།དགུང་ལོ་སོ་གསུམ་སྟེང་གཏེར་ལུང་དུ་བྱོན་ནས་བདག་ལ་མཚན་ཉིད་ཀྱི་ཞབས་ཕྱི་ཞུས།དགུང་ལོ་སོ་ལྔའི་སྟེང་བདག་གི་ཡོངས་འཛིན་རིན་པོ་ཆེ་ནས་ཁོང་ཁ་གྱ་སྟོད་དགའ་ལྡན་བསྟན་འཕེལ་གླིང་གི་མཚན་ཉིད་དགེ་རྒན་དུ་ཕེབས་དགོས་པར་གསུངས་པ་ལྟར་དགོན་དེའི་དགེ་རྒན་གནང་སྟེ་དགེ་འདུན་པ་རྣམས་ལ།བསྟན་པའི་གཞི་མ་འདུལ་བའི་ཕྱག་བཞེས་རྣམ་པར་དག་པའི་སྟེང་།འཛིན་གྲྭ་སོ་སོའི་སྐབས་གང་བབས་ཀྱི་བསྡུས་གྲྭ་དབུ་ཕར་སོགས་གཙོར་འདོན་གྱིས་མདོ་སྔགས་རིག་གནས་དང་བཅས་པའི་དཔེ་ཁྲིད་རྒྱུན་པར་གནང་སྟེ།འཆད་ཉན་དང་།རྩོད་པ་ཡར་རྒྱས་མགྱོགས་པོར་སོང་བར་མ་ཟད།ངེད་ལའང་གྲྭ་ཚང་གི་རྩོད་རྒྱུགས་ཡང་ཡང་ཕུལ་པའ་བདག་གི་ཡོངས་འཛིན་བཀའ་དྲིན་ཅན་གྱིས་གཟེངས་བསྟོད་དཔེ་མེད་གནང་།སྡེ་དེའི་དགེ་བའི་བཤེས་གཉེན་དུ་མས་གཙོར་བྱས་པའི་ཕྱོགས་ཀྱི་ཉན་མཁན་མང་བོར་བདེ་ལམ་གྱི་ཁྲིད་མྱུར་ལམ་དང་སྦྲགས་པའི་གསུང་བཤད་རྒྱས་པ་ཟླ་གཅིག་གི་རིང་དུ་གནང་བ་དང་།བསྒྲུབ་བྱ་མང་བོར་རབ་བྱུང་དང་དགེ་ཚུལ་བསྒྲུབས།འཇིགས་བྱེད་བཅུ་གསུམ་མའི་དབང་གནང་བ་དང་།རྒྱུད་སྡེ་སྤྱི་རྣམ་སོགས་མདོ་སྔགས་ཀྱི་ཟབ་ཁྲིད་མང་དུ་གནང་བ་སོགས་རྗེ་འཇམ་མགོན་རྒྱལ་བའི་རིང་ལུགས་སྤེལ་བ་ལ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་རྩོད་མེད་ཀྱི་ཁྱད་ཆོས་བླ་ན་མེད་པའི་མཛད་རྗེས་དཔག་ཏུ་མེད་པ་བཞག དེ་ནས་ས་ཁྱི་ལོའི་རྐྱེན་ངན་བྱུང་བའི་སྐབས།ཁ་སྟོད་དགོན་པའི་སྐུ་གསུང་ཐུགས་རྟེན་སོགས་ཆོས་ཀྱི་ཡོ་བྱད་མང་བོ་སྦས་པའི་ཐབས་ཚུལ་ལ་བརྩོན་པར་བྱས་ནས་ཆོས་སྐྱོང་རྣམས་ལ་འཕྲིན་བཅོལ་གནང་བས།ལས་སྒྲུབ་པའི་རྟགས་མཚན་མངོན་དུ་བྱུང་།

དགུང་ལོ་ཞེ་གཅིག་པར་ཆོས་སྒོ་ཅུང་ཙམ་ཕྱེ་བའི་སྐབས་སུའང་ཆོས་སྡེ་དེ་ཉིད་ཀྱི་ཆོས་སྲིད་ཀྱི་ཁུར་བཞེས་ནས་སྐུ་གསུང་ཐུགས་རྟེན་གསར་བཞེངས་དང་།འཆད་ཉན་རྩོད་པ་འདོན་ཆ་སོགས་ལ་བདག་གཉེར་ནན་མོ་མཛད་པ་དང་།གསེར་ཟངས་ལས་གྲུབ་པའི་གསེར་ཏོག་ཆེ་ཆུང་ལྔ་དང་།འཁོར་ལོ་ལྔ།རི་དྭགས་ཕོ་མོ་ཆོས་འཁོར་དང་བཅས་པ་ཆ་ཚུང་བ་གཉིས་སོགས་སྦྱོར་འཇོག་གནང་བ་དང་།ཁྱིམ་པ་མང་བོ་ལ་བསྙེན་གནས་དང་དགེ་བསྙེན་གྱི་སྡོམ་པ་ཕོག ཁྱད་པར་དུ་བཀའ་པོཏ་སོ་སོའི་སྐབས་བབས་ཀྱི་དཔེ་ཁྲིད་གནང་ནས་བརྩི་བཞག་དང་ཆོས་གྲྭའི་རྩོད་པ་སོགས་འཕེལ་རྒྱས་ཀྱི་ཐབས་ཁོ་ནར་འབད་པ་དྲག་པོ་རྒྱུན་མ་ཆད་པར་གནང་།

དགུང་ལོ་ཞེ་གཉིས་སྟེང་།ངེད་ཀྱི་ངག་བཀོད་ལྟར་གཙོས་དགའ་ལྡན་ཆོས་གླིང་གི་སྡེ་འདིའི་འཆད་ཉན་གྱི་དགེ་རྒན་དུ་ཕེབས་པས།དགོན་འདིའི་གྲྭ་བ་རྒན་གཞོན་ཚང་མས་གུས་འདུད་བླ་ན་མེད་པའི་སྒོ་ནས་ཞབས་རྡུལ་སྤྱི་བོར་བླངས་ཤིང་།རྗེ་འདིས་ཐུགས་བརྩེ་བ་ཆེན་པོས་བསྡུས་གྲྭའི་འཛིན་གྲྭ་གོང་འོག་རྣམས་ལ་ཐལ་སྐད་གཏོང་ཚུལ་ཚུན་ཆད་ནས་རྟགས་གསལ་འཆག་པའི་ཚུལ་གཙོར་འདོན་དང་།བསྡུས་ཆེན་བློ་རྟགས་ཀྱི་འཛིན་གྲྭ་རྣམས་ལ་ཚད་མའི་གཞུང་དང་རྗེ་བཙུན་གྲུབ་མཐའ་དང་།གྲུབ་མཐའ་རིན་ཆེན་ཕྲེང་བ།ལྕང་གྲུབ་སོགས་དང་།གཞུང་གསར་ལ་རྗེ་བཙུན་ས་ལམ།དོན་བདུན་བཅུ།སྤྱི་དོན་རོལ་མཚོའི་ཤིང་རྟའི་སྲོལ་འབྱེད་དང་།བྱམས་གཞུང་སོགས་ནས་རིམ་གྱིས་ཁྲིད་པ་དང་།ཕར་ཕྱིན་གོང་མར་རོལ་མཚོའི་སྐབས་དང་བོ་ནས་སྐབས་གཉིས་པའི་བར་དང་།དེའི་མན་ཡིག་ཆ་གཞན་གྱི་སྟེང་ནས་ཕར་ཕྱིན་ཡོངས་རྫོགས་ཁྲིད་པར་མཛད།འཛིན་གྲྭ་གོང་མ་རྣམས་ལ་རྗེ་བཙུན་དབུ་མ་ཡོངས་རྫོགས་དང་།རྗེ་བཙུན་མཛོད།བདེ་ལེགས་ཉི་མའི་འདུལ་གཞུང་ཡོངས་རྫོགས་ཀྱི་དཔེ་ཁྲིད་ཞིབ་མོར་མཛད་པའི་བཀའ་དྲིན་བསྐྱངས།རྗེ་འདི་ཉིད་དགེ་རྒན་དུ་ཕེབས་པ་ནས་རྒྱུགས་དང་བརྩི་བཞག་འཛིན་སྐྱོར་སྦྱོང་།ཚོགས་ཆོས་གྲྭའི་རྩོད་པ་སོགས་ཡར་རྒྱས་གོང་འཕེལ་དུ་སོང་ནས་ཁོང་གི་རེ་བ་ལྟར་ངེད་ནས་ཀྱང་རྩོད་རྒྱུགས་ལན་འགའ་བླངས་ཏེ་གཟེངས་བསྟོད་དང་བྱ་དགའ་ཡང་ཡང་ཕུལ།ས་ཁྱི་ལོ་ནས་སྡེ་འདིའི་སྔོན་གྱི་བླ་མ་དང་དགེ་བཤེས་རྣམས་ཞལ་མ་འཚོ་བའི་དབང་གིས་སྡེ་འདིའི་འཆད་ཉན་དང་འགྲིག་ལམ་ཉམས།སྐྱོན་བྱུང་བ་རྣམས་ཀྱང་བཤེས་གཉེན་ཆེན་པོ་འདིའི་བཀའ་དྲིན་ལས་སོར་ཆུད་པ་བྱུང་བས་སྡེ་འདིར་བཀའ་དྲིན་བསམ་གྱིས་མི་ཁྱབ།སོག་གཙང་ཚང་དང་།ལྦ་ནག་མཆོག་སྤྲུལ་རིན་པོ་ཆེ།བེ་རི་མཆོག་སྤྲུལ་རིན་པོ་ཆེ་སོགས་ཉན་མཁན་སུམ་ཅུ་ཉེ་བར་བདེ་ལམ་དང་།འཇམ་དཔལ་ཞལ་ལུང་གཉིས་ཀྱི་ཁྲིད་ལན་གསུམ་དུ་གནང་བ་དང་།བསྐྱེད་རྫོགས་ཀྱི་ཁྲིད་དང་།བདེ་ཆེན་གཏམ་གྱི་ཉིང་ཁུའི་ཞལ་ལུང་།གཞི་གསུམ་ཆོ་གའི་ཁྲིད།འཇམ་དཔལ་ཡབ་ཡུམ་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མན་ངག་ལྐོག་གྱུར་ཚུལ་དུ་གནང་།གཞན་ཡང་།དཀྱིལ་འཁོར་མང་བོའི་ཐིག་རྩ་དང་།ལས་བཞིའི་སྦྱིན་སྲེག་དང་ལྟོ་འཕྱེ་ཐིག དག་ཡིག་མཁས་པ་དགའ་སྐྱེད།སུམ་རྟགས་དག་གསུམ།སྙན་ངག་སྤྱི་དོན་སོགས་མདོ་སྔགས་རིག་གནས་ཀྱི་སྐོར་ཡང་ཡང་མཛུབ་ཁྲིད་གནང་བ་དང་།ཕྱོགས་ཡས་མས་ཀྱི་བསྒྲུབ་བྱ་ལྔ་བཅུ་ལྷག་ལ་དགེ་ཚུལ་སློང་གི་སྡོམ་པ་ཚུལ་བཞིན་སྩལ།

དགུང་ལོ་རེ་དྲུག་པར་ཀིརྟིའི་དགེ་བཤེས་ཆེན་པོ་དཀོན་མཆོག་བརྩོན་འགྲུས་དང་།སྡེ་འདིའི་བླ་མ་དགེ་བཤེས་ཚོགས་དང་བཅས་པར་ཀིརྟིའི་སྔགས་བསྡུས་ཀྱི་མཛུབ་ཁྲིད་རྒྱས་པར་གནང་།དགུང་ལོ་རེ་བརྒྱད་པའི་ས་ག་ཟླ་བའི་དུས་ཆེན་གྱི་ཉིན་བསྒྲུབ་བྱ་བཞི་བཅུ་ལྷག་ལ་བསྙེན་རྫོགས་དང་།བསྒྲུབ་བྱ་སུམ་ཅུ་ཙམ་ལ་དགེ་ཚུལ་དང་རབ་བྱུང་གི་སྡོམ་པ་གནང་བ་སོགས་སྤྱིར་རབ་བྱུང་དང་།དགེ་ཚུལ།བསྙེན་རྫོགས་སོགས་གནང་བའི་གྲངས་བརྗོད་ཀྱིས་མི་ལངས་པ་ཡོད་པས་རེ་རེ་བཞིན་འབྲི་བའི་རྔོ་མི་ཐོགས་ལ།ཁྱིམ་པའི་ཚོགས་ལ་དགེ་བསྙེན་དང་།བསྙེན་གནས་ཀྱི་སྡོམ་པ་སྩལ་བའང་གྲངས་མེད་པ་བྱུང་། རབ་བྱུང་རྣམས་ལ་ཡོ་བྱད་བྱིན་རླབས་བྱ་ཚུལ་དང་གཟན་ཤམ་གྱོན་ཚུལ།ཐ་ན་རུང་ཆུ་འདེབས་པ་ཚུན་ཆད་ནས་དམ་ཆོས་འདུལ་བའི་དགོངས་པ་དང་མཐུན་པའི་ཉམས་ལེན་དུ་ཐེབས་དགོས་པའི་བསླབ་བྱ་ཡང་ཡང་སྩལ།སྡེ་འདིའི་འཛིན་གྲྭ་གཏུགས་ཀྱི་སྲོལ་ཡང་རྐྱེན་དབང་གིས་ཉམས་སྐྱོན་བྱུང་བ་ལ།ཁྲི་རིན་པོ་ཆེས་གནང་བའི་འདིའི་བཅའ་ཡིག་གི་མ་དཔེ་མེད་པར།ཕྱོགས་ཀྱི་དགོན་སྡེ་དུ་མར་འབད་པས་རྩད་བཅད་པ་ལྟར་རྙེད་ནས་བཅའ་ཡིག་ནང་ལྟར་གྱི་འཛིན་གྲྭ་གཏུགས་ཀྱི་སྲོལ་ཡང་སླར་གསོ་མཛད།རབ་རྒྱལ་བགྲང་བྱ་ང་བདུན་པ་ཆུ་ཕག་ལོར་སོག་ཚང་དགོན་པའི་བླ་མ་ལས་སྣ་ཡོངས་ཀྱིས་བདག་ལ་རེ་བ་ཞུས་པ་ལྟར་སོག་ཚང་དགོན་བཀྲ་ཤིས་ཐེག་ཆེན་གླིང་གི་དགེ་རྒན་དུ་ཕེབས་སྐབས།དེ་གའི་སེར་སྐྱ་ཐུན་མོང་ནས་བཀུར་སྟི་རྒྱ་ཆེར་ཞུས་ཤིང་།མདོ་སྔགས་ཀྱི་གཞུང་ལུགས་མཐའ་དག་གི་དཔེ་ཁྲིད་ཀྱི་རྒྱུན་ཞུས་པ་ལྟར་ཐོག་མར།དེ་གའི་གཞི་གསུམ་གྱི་ཕྱག་ལེན་ལ་དག་ཐེར་ཞིབ་འཇུག་བྱས་ཏེ།འདུལ་བའི་ཉམས་ལེན་རྣམ་དག་ལ་སྦྱར་ཞིང་།འཇིགས་བྱེད་ཀྱི་བསྐྱེད་རིམ་དང་།དཀྱིལ་འཁོར་གྱི་ཐིག་རྩ།བདེ་གསང་འཇིགས་གསུམ་གྱི་སྒྲུབ་མཆོད་སོགས་སླར་གསོ་མཛད་དེ་དཔེ་ཁྲིད་དང་།དབང་ལུང་རྗེས་གསུམ་སོགས་མདོ་སྔགས་རིག་གནས་སོགས་ཀྱི་འཆད་ཉན་ཤིན་ཏུ་སྨར་བ་མཛད་པས།དེར་མཐུན་གྱི་ཡོན་ཏན་དང་ལྡན་པའི་སློབ་ཚོགས་མང་དུ་འཕེལ།དེ་གའི་ཆོ་འཕྲུལ་སྨོན་ལམ་གྱི་ཁྲིར་ལོ་འགར་བཞུགས་ནས་སྐྱེས་རབས་སོགས་སྔོན་བྱོན་དམ་པ་མང་བོའི་རྣམ་ཐར།ལམ་རིམ་དང་།དུས་ཆེན་བཤད་པ་སོགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བ་དང་།མཆོད་རྟེན་དང་དཀྱིལ་འཁོར་གྱི་ཐིག་རྩ་སོགས་མཛུབ་ཁྲིད་གནང་སྟེ།དགོན་པའི་ཞབས་བརྟན་དུ་དབྱེན་ཟླུམ་མཆོད་རྟེན་ཆེ་ལེགས་ཤིག་བཞེངས་པར་དགུན་དཀྱིལ་དུ་ལྟོ་བ་ནས་མེ་ཏོག་དཀར་བོ་ཞིག་སྐྱེས་པ་ལེགས་ཚོགས་འཕེལ་བའི་ལྟས་སུ་གྲུབ་པས་བྱིན་རླབས་ཀྱི་གཏེར་དུ་གྱུར།ཁྲི་རིན་པོ་ཆེ་ནས་གནང་བའི་བཙའ་ཡིག་ཆེན་མོའི་རྒྱབ་གནོན་དུ་སྒྲིག་ལམ་ཀུན་སྤྱོད་ཕྱོགས་ལ་དག་ཐེར་གང་བཟང་གནང་བར་མ་ཟད།སྡེ་དེར་རབ་གནས་ཆེན་མོ་གསར་འཛུགས་དང་།སྡེ་དེ་ཉིད་ཀྱི་གདན་རབས་ངོ་མཚར་གསར་བའི་མེ་ལོང་དང་།ཐུགས་རྗེ་ཆེན་པོའི་ལྷ་ཁང་གི་དཀར་ཆག་སོགས་གསར་རྩོམ་གནང་སྟེ་སྡེ་དེ་ཉིད་ལ་ཆོས་སྲིད་གང་ཐད་ནས་ལེགས་ཚོགས་ཡར་རྒྱས་འཕེལ་བའི་བཀའ་དྲིན་བསམ་གྱི་མི་ཁྱབ་པ་གནང་བ་དང་དེའི་ཕྱོགས་ཀྱི་ཁྱིམ་པ་ཕོ་མོ་མང་བོ་ལ་བསྙེན་གནས་ཀྱི་སྡོམ་པ་སྩལ།

ས་སྦྲུལ་༼1989༽ལོར།བདག་གིས་གཏེར་ལུང་དགོན་དུ་མགོན་པོ་འོད་དཔག་མེད་ཀྱི་སྐུ་བརྙན་བཞེངས་པའི་སྐབས།ངེད་ཀྱི་ངག་བཀོད་ལྟར་གཏེར་ལུང་དུ་ཕེབས་ནས་འོད་དཔག་མེད་ཀྱི་གཟུངས་གཞུག་དྲིལ་བསྒྲིལ་ལ་རོགས་རམ་གནང་བ་དང་།དགོན་པའི་གྲྭ་དམངས་ལ་སྐྱབས་འགྲོ་དང་།སྡོམ་གསུམ་བསླབ་བྱ།སུམ་རྟགས་དག་གསུམ་གྱི་དཔེ་ཁྲིད་ཞིབ་མོར་གནང་སྟེ།ཁོང་གི་རེ་བ་ལྟར་ངེད་ནས་ཀྱང་གྲྭ་བ་རྣམས་ལ་རྒྱུགས་ལེན་ཡང་བྱས།ཕྱིས་སུ་སྣང་བ་མཐའ་ཡས་ལྷ་ཁང་འདིའི་དཀར་ཆག་ཀྱང་མཛད།དགུང་ལོ་དོན་གསུམ་སྟེང་དབུས་གཙང་ཆོས་ཀྱི་ཞིང་ཁམས་སུ་ཕེབས་ནས།ཇོ་བོ་ཡིད་བཞིན་ནོར་བུ་གཙོ་བོར་གྱུར་བའི་ལྷ་ཁང་རྟེན་དང་བརྟེན་པ།པོ་ཏ་ལའི་སྐུ་གསུང་ཐུགས་རྟེན་དང་།སེ་འབྲས་དགེ་གསུམ།བཀྲ་ཤིས་ལྷུན་པོ་དང་བཅས་པར་ཕྱག་མཆོད་དཔག་ཏུ་མེད་པ་གནང་བ་དང་།ཇོ་བོ་ཡིད་བཞིན་གྱི་ནོར་བུ།ཐུགས་རྗེ་ཆེན་པོ།རྗེ་ང་འདྲ་མ།སྒྲོལ་མ་གསུང་འབྱོན་མ་རྣམས་ལ་གསེར་ཆབ་དང་།ལིའི་དྲིལ་བུ།དངུལ་གྱི་རྐོང་བུ་ཆེན་པོ་བཅས་ཕུལ་ཏེ་ཐུགས་སྨོན་རྣམ་པར་དག་པས་མཚམས་སྦྱར་གནང་།མགར་རྩེ་རིན་པོ་ཆེ་ནས་ཞུས་པ་ལྟར།མགར་རྩེ་དགོན་ཐུབ་བསྟན་ཆོས་འཁོར་གླིང་གི་དགེ་རྒན་དུ་ཕེབས་ནས་ཕར་ཕྱིན་འཛིན་གྲྭ་སོ་སོར་ཀུན་མཁྱེན་ཡིག་ཆའི་སྟེང་དཔེ་ཁྲིད་ལོ་གཉིས་ལྷག་གི་རིང་རྒྱུན་ཆད་མེད་པར་གནང་།གཞན་ཡང་།སེང་གེ་གཤོང་དགའ་ལྡན་ཕུན་ཚོགས་གླིང་།སེང་གེ་གཤོང་མ་མགོའི་དགོན།གཉན་ཐོག་དགོན།ཀ་རིང་དགོན།རྫོང་དམར་དགོན་སོགས་སུ་ཡང་ཡང་ཕེབས་ཏེ།དགེ་འདུན་པ་མང་བོར་ལམ་རིམ་དང་།བློ་སྦྱོང་།སྡོམ་གསུམ་བསླབ་བྱ།གཞི་གསུམ་ཆོ་ག སྔགས་ཀྱི་རྒྱུད་སྡེ་སྤྱི་རྣམ་སོགས་མདོ་སྔགས་ཀྱི་གཞུང་ཆེན་དུ་མ་དང་།སུམ་རྟགས་དག་གསུམ།དཀྱིལ་འཁོར་དང་།མཆོད་རྟེན་གྱི་ཐིག་རྩ་སོགས་རིག་གནས་ཀྱི་སྐོར་དུ་མའི་མཛུབ་ཁྲིད་ཀྱང་ཡུན་རིང་གནང་ཞིང་།རབ་བྱུང་དང་དགེ་ཚུལ་སློང་གི་སྡོམ་པ་ཕོག་པ།ཁྱིམ་པར་དགེ་བསྙེན་དང་།བསྙེན་གནས་ཀྱི་སྡོམ་པ་ཕོག་པ་སོགས་དང་།སྡིག་སྤོང་དགེ་སྒྲུབ་ཀྱི་ལམ་ལ་འགོད་པར་མཛད་པས་བསྟན་པ་དང་འགྲོ་བ་ལ་ཕན་པའི་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ཁུར་དུ་བཞེས།ལྷག་པར་སེང་གེ་གཤོང་དགོན་གཉིས་ལ།རྣམ་སྣང་མངོན་བྱང་གི་སྒྲུབ་མཆོད་གསར་འཛུགས་མཛད། དེ་ཡང་སྤྱིར་རེབ་གོང་ཕྱོགས་ཀྱི་དགོན་པ་སོ་སོར་སྒྲུབ་མཆོད་འདི་ཚུགས་མེད་པས་རྒྱུད་སྡེ་བཞིའི་སྒྲུབ་མཆོད་ཁ་མ་ཚང་ལ།དམ་པ་གོང་མ་མང་བོས་རྒྱུད་སྡེ་བཞིའི་སྒྲུབ་མཆོད་ཁ་ཚང་བར་འཛུགས་བཞེད་ཡོད་ཀྱང་དེའི་སྟེང་དུ་མ་ཁེལ་བ་ལ།རྗེ་འདིས་དམ་པ་གོང་མ་རྣམས་ཀྱི་ཐུགས་དགོངས་རྫོགས་པ་དང་།རྗེ་བླ་མའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་ཡར་རྒྱས་གོང་འཕེལ་གྱི་དགོངས་པ་རྒྱ་ཆེན་པོས།སྔོན་ནས་གྲྭ་ཚང་གཉིས་ལ་མངོན་བྱང་གི་དབང་སྟ་གོན་དང་བཅས་པའི་བཀའ་དྲིན་སྩལ་རྗེས།དཀྱིལ་འཁོར་དེའི་ཆོ་ག་ཕྱག་ལེན་ཞིབ་རྒྱས།བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཕྱག་བཞེས་ལྟར་དང་།དཀྱིལ་འཁོར་གྱི་ཐིག་རྩ་སོགས་མཛུབ་ཁྲིད་ཞིབ་མོར་གནང་ནས་དགོན་གཉིས་ཀར་བརྟན་ཆགས་སུ་སྒྲུབ་མཆོད་འདི་བཙུགས་པ་ནི་བསྟན་པའི་ཕྱག་རྗེས་བླ་ན་མེད་པའོ།།དེ་ལྟར་བཤེས་གཉེན་ཆེན་པོ་འདི་ཉིད་ནི་སྐུ་ཚེ་གང་བོར་འདོད་ཆུང་ཆོག་ཤེས་དང་དཀའ་བ་ཁྱད་བསད་སྙིང་སྟོབས་དང་སྡུག་རུས་ཆེན་པོའི་སྒོ་ནས་ཐོས་བསམ་ཁོ་ན་ལ་འབད་པར་མ་ཟད།གང་ཐོས་གདམས་པར་ཤར་བའི་མན་ངག་ཉམས་ལེན་གྱི་མཐིལ་དུ་བཞེས་ཏེ་མདོ་སྔགས་ཡོངས་སུ་རྫོགས་པའི་ལམ་ལ་མྱོང་བ་རྩལ་འདོན་དང་།ཁྱད་པར་དུ་འཇམ་མགོན་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྙིགས་མའི་དུས་འདིར་ཧ་ཅང་ཉམས་དམའ་ཞིང་ཉག་ཕྲ་བ་ལ་གཟིགས་ནས་དགོན་སྡེ་སོ་སོར་བཤད་པ་འཆད་ཉན་གྱི་ཕྱོགས་འདི་གོང་འཕེལ་དུ་འགྲོ་བའི་ཐབས་བཀའ་པོད་གཞུང་ལྔའི་མཛུབ་ཁྲིད་རགས་ཙམ་དང་ཕྱོགས་སྟོན་ཙམ་མ་ཡིན་པར་རྒྱ་བོད་ཀྱི་གཞུང་མང་བོའི་གུང་བསྒྲིགས་ཤིང་།གཞུང་དོན་སོ་སོའི་གོ་བ་ལེན་ལུགས།རིགས་པས་བརྡར་ཤ་གཅོད་ཚུལ།དགག་སྒྲུབ་བྱེད་ཚུལ།ཡིག་ཆ་སོ་སོའི་བཞེད་མཚམས་སོགས་གང་ཐད་ནས་ཕྲ་ཞིང་ཞིབ་མོའི་སྒོ་ནས་མཛུབ་ཁྲིད་རྒྱས་པར་གནང་བ་དང་།ཆོས་གྲྭའི་རྩོད་པ་རྩོད་ཚུལ།ཁས་ལེན་འཛིན་མཚམས།ཐ་ན་ལུས་ངག་གི་རྣམ་འགྱུར་ཚུན་ཆད་ནས་བསླབས་ཏེ་བཤད་པའི་བསྟན་པ་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་བཙུགས་པ་དང་།ཁོང་རང་ཉིད་ནས་ཀྱང་སྔོན་བཤད་པ་ལྟར་དགེ་སྦྱོར་གྱི་ཉམས་བཞེས་རྒྱུན་ཆགས་སུ་གནང་སྟེ་བསླབ་ཁྲིམས་མིག་འབྲས་ལྟར་སྲུང་བཞིན་ནས།གཞན་ཕན་གྱི་བསམ་པས་དམ་པའི་ཆོས་ཀྱི་བདུད་རྩིས་གང་ལ་གང་འདོད་ཀྱིས་འགྲོ་བའི་རེ་བ་སྐོང་བར་མཛད་པ་སོགས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་བདག་གིར་བཞེས་ཏེ་སེམས་དཔའ་ཆེན་པོའི་མཛད་པ་རྨད་དུ་བྱུང་བའི་རྣམ་པར་ཐར་བ་ལྷུར་བཞེས་སོ།།

དགུང་ལོ་བརྒྱད་ཅུ་བ་ལྕགས་སྦྲུལ་ལོར་གཙོས་དགོན་པར་ངེད་དང་ལྷན་དུ་ལོ་གསར་གྱི་དགའ་སྟོན་ལ་རོལ་ཏེ།སེང་གེ་གཤོང་མ་མགོའི་དགོན་དང་།ཁ་གྱ་སྟོད་དགོན་པར་ཕེབས་ཏེ་འཆད་ཉན་དང་དཔེ་ཁྲིད་རྒྱུན་རིང་གནང་རྗེས་སླར་ཡང་གཙོས་དགོན་པར་བྱོན་ནས་དཔེ་ཁྲིད་ཀྱི་རྒྱུན་སྔ་མ་ལྟར་མཛད།དེ་ནས་སླར་ཡང་སེང་གེ་གཤོང་དགའ་ལྡན་ཕུན་ཚོགས་གླིང་དུ་ཕེབས་ཏེ་ཚེ་ཏན་ཞབས་དྲུང་སྤྲུལ་བའི་སྐུ།རྫོང་དཀར་སྤྲུལ་བའི་སྐུ།གཙོས་བེ་རི་སྤྲུལ་བའི་སྐུ་སོགས་དམ་པའི་སྐྱེ་སྤྲུལ་དུ་མ་དང་།ཕྱོགས་སོ་སོ་ནས་ཕེབས་པའི་དགེ་འདུན་པ་མང་བོ་དང་།ཁྱིམ་པ་ཕོ་མོ་སྟོང་ཕྲག་ལྷག་བཅས་ལ།སྟ་གོན་སྔོན་དུ་འགྲོ་བའི་རྣམ་སྣང་མངོན་བྱང་དང་།ཀུན་རིག་དབང་།རིག་བྱེད་མ་དང་།ཛམ་ནག་གི་རྗེས་གནང་སོགས་སྩལ་བ་དང་།བསྒྲུབ་བྱ་དུ་མར་རབ་བྱུང་དང་དགེ་ཚུལ་བསྒྲུབས།

དེ་ནས་བཟུང་སྙུན་ཅུང་ཟད་བཞེས་པས་ཕྱོགས་སོ་སོའི་དགེ་འདུན་རྣམས་ཀྱིས་ཞབས་བརྟན་ཉིན་མཚན་མུ་མཐུད་དེ་བསྒྲུབས།ཧོར་ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན་ཉིད་ཀྱི་འཁྲུངས་ཡུལ་དུ་བཞེངས་པའི་མཆོད་རྟེན་གྱི་མདུན་དུ་བྱམས་པའི་སྟོང་མཆོད་ཅིག་འབུལ་དགོས་ཞེས་གསུངས་པ་ལྟར་དེའི་སྐབས།རྗེ་ཉིད་ནས་ཀྱང་ཡོན་ཏན་གཞིར་གྱུར་མ་དང་བྱམས་སྨོན་གསུངས་ཏེ་ཐུགས་སྨོན་རྣམ་པར་དག་པས་མཚམས་སྦྱར་གནང་སྟེ་ཧོར་ཟླ་བཅུ་བའི་ཚེས་གཉིས་ཀྱི་ཉིན་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས།དེ་ནས་དགོན་གྲོང་ཐམས་ཅད་དང་ཞལ་སློབ་ཡོངས་ཀྱིས་སྐྱོ་གདུང་བཟོད་པར་བྱས་ཏེ་ཐུགས་རྗེ་བསྐུལ་བའི་དགོངས་རྫོགས་ཀྱི་མཆོད་པའི་སྤྲིན་ཕུང་དཀྲིགས།དགོན་གོང་འོག་དང་ཞལ་སློབ་རྣམས་ཀྱི་རེ་འདོད་ལྟར་བདག་སེང་གེ་གཤོང་མ་མགོའི་དགོན་པར་སོང་སྟེ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་གདུང་སྲེག་གི་ཆོ་ག་བྱས།ཚེས་བཅོ་ལྔའི་ཉིན་གདུང་ཐབ་ཞལ་ཕྱེ་བས་གདུང་རུས་ལ་རིང་བསྲེལ་དང་ཡིག་འབྲུ་མང་བོ་བབས་ཡོད་པ་ཀུན་གྱིས་མཐོང་བས་མི་ཕྱེད་པའི་དད་པ་ལྷག་པར་འཕེལ།དེ་ནས་སེང་གེ་གཤོང་དགོན་གཉིས་དང་།རྫོང་དམར་དགོན།གཙོས་དགོན་པ།ཁ་གྱ་སྟོད་དགོན་པ།སོག་ཚང་དགོན་བཅས་སོ་སོར་གདུང་སྐལ་སྩལ་བས་དགོན་པ་སོ་སོ་ནས་གདུང་སྐལ་གྱི་མཆོད་རྟེན་རྒྱ་ཆེ་ཞིང་ཡིད་འཕྲོག་པ་བཟོས་ཏེ་དགོན་རང་རང་གི་འདུ་ཁང་དང་ལྷ་ཁང་དུ་བཞུགས་སུ་གསོལ་ནས་གདུང་མཇལ་དང་དགོངས་རྫོགས་ཀྱི་མཆོད་པ་རྒྱ་ཆེན་པོ་ཕུལ་བ་སོགས་རྣམ་དཀར་དགེ་ཚོགས་ཀྱི་བྱ་བས་དུས་འདའ་བ་བྱས་སོ།།

སྨྲས་པ།དགའ་ལྡན་ཞིང་ལྟར་དགའ་བ་འབུམ་ལྡན་ཞིང་།།ཆོས་ཀྱི་གླིང་དུ་ཆོས་བཞིན་སྐྱོང་མཛད་པའི།།ཆོས་ཀྱི་རྒྱལ་ཚབ་ཆོས་ཀྱི་ཁྲིར་བཞུགས་ཏེ།།བསྟན་པའི་རྒྱལ་མཚན་བསྟན་འགྲོའི་དཔལ་དུ་བཙུགས།།དགེ་འདུན་གུར་ཀུམ་གཞོན་ནུའི་སྐྱེད་ཚལ་དུ།།ལེགས་བཤད་དར་དིར་དབྱངས་སྒྲོག་བྷྲ་མ་རས།།ཡོན་ཏན་སྦྲང་བཅུད་རོལ་བའི་བདེ་དགའ་ཡིས།།འཕུར་ལྡིང་གར་གྱི་རྩེད་འཇོས་གཞན་ཡིད་འགུགས།།ཐུབ་བསྟན་བཤད་སྒྲུབ་ཕྱོགས་སུ་མ་ལྷུང་བར།།ཐོས་དོན་སྒྲུབ་ལ་གཞོལ་བའི་ཉམས་ལེན་གྱིས།།འཇམ་མགོན་བསྟན་ལ་རྨད་བྱུང་ཕྱག་རྗེས་རིས།།གསལ་བར་བཀོད་པའི་ལེགས་མཛད་བླ་ན་མེད།།ཆོས་བརྒྱད་ཟང་ཟིང་སྤྲིན་གྱིས་མ་བསྒྲིབས་པར།།མཆོད་སྦྱིན་གདེངས་ཅན་མཛོད་ཀྱི་སྒོ་གྲོལ་ཏེ།།ཞིང་མཆོག་བསྙེན་པའི་མཆོད་སྤྲིན་ཆེར་དཀྲིགས་པ།།འཕགས་ཆེན་ཀུན་བཟང་རྣམ་འཕྲུལ་ལས་ཀྱང་འགོངས།།འདྲེན་པའི་སྙིང་སྟོབས་འབར་བའི་ཟླ་ཟེར་གྱིས།།ཕན་བདེ་བསིལ་བ་བདུད་རྩིའི་མཆོག་བྱིན་པས།།འགྲོ་ཀུན་བདེ་ལྡན་ཞིང་གི་པད་ཚལ་དུ།།དགྱེས་དགུར་རྩེན་པའི་སྐལ་བཟང་དཔལ་དུ་བསྐྲུན།།དེ་ལྟའི་བསླབ་ཁྲིམས་གསེར་གྱི་ཡུ་བ་བརྟན།།ཐོས་བསམ་དར་གྱི་ཤམ་བུ་ལྷབ་ལྷུབ་གཡོ།།དཔག་མེད་ཡོན་ཏན་ནོར་བུས་ཏོག་མཛེས་པའི།།བསྟན་པའི་རྒྱལ་མཚན་བསྒྲེངས་མཁས་རིམ་གྱིས་བྱོན།།ཐུགས་རྗེ་དཔག་བསམ་ལྗོན་པའི་ཡལ་ག་ནི།།ཕྱོགས་སུ་འཕེལ་བས་མེ་ཏོག་འབུམ་བཞད་པ།།སྣ་ཚོགས་མདངས་ལྡན་འཛུམ་འོད་ཕྲ་མོ་ཡང་།།དུས་མཐའི་འགྲོ་ཀུན་གདུང་བའི་དབུགས་འབྱིན་གྱུར།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།