རྨོག་རུ་བ་བློ་བཟང་བསྟན་དར་དཔལ་བཟང་པོ་ཚང་གི་ལོ་རྒྱུས་གནད་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-25 23:20:52     རྩོམ་པ་པོ།   མོག་མུན་སེལ།    ཀློག་ཐེངས།  

 

微信图片_20170425232200.jpg

                  དེ་ཡང་སྡེ་སྣོད་ཆོས་ཀྱི་མཛོད་འཛིན༧རྗེ་བཙུན་བློ་བཟང་བསྟན་དར་དཔལ་བཟང་པོ་མཆོག་ནི། ཚ་ཆེན་རྨོག་གི་རུས་སུ་དཔའ་ཡང་དག་མཁར་བྱམས་མདའ་མོ་ཞེས་མི་གྲགས་ཆེན་ཞིག་བྱུང་བ་དེ་ལ་བུ་གཉིས་བྱུང་བའི་ནང་ཚན་དཔའ་རྩེ་ཞེས་པའི་བུ་སྙན་གྲགས་ཞེས་པ་དམ་པ་གང་གི་ཡབ་དང་། ཡུམ་ནི་ཕག་སྐོར་སྟག་སྐོར་ནས་ཡིན་པ་བོ་ཟད་སྐྱིད་ཟེར་བ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅོ་ལྔ་པའི་བགྲང་བྱ་གསུམ་པ་དོན་གྲུབ་ཅེས་པ་ས་མོ་ལུག་སྟེ། སྤྱི་ལོ་༡༩༡༩ལོའི་དབྱར་གྱི་ལང་ཚོ་མངོན་པར་བཞད་པའི་སྐབས་སུ་ངོ་མཚར་བའི་ལྟོས་དུ་མ་དང་བཅས་ཏེ་སྐུ་བལྟམས།

          ཕྱིས་སུ་རིམ་གྱིས་དགུང་གྲངས་དགུ་བཞེས་པ་མེ་མོ་ཡོས། སྤྱི་ལོ་༡༩༢༧ལོར་མདོ་སྨད་བྱང་རྒྱུད་དྷཱིཿཚ་དཔལ་ལྡན་བཀྲ་ཤིས་ཆོས་སྡིངས་སུ་ཕེབས་ཤིང་། འདུལ་འཛིན་མཁས་གྲུབ་བྱེ་བའི་གཙུག་རྒྱན། བཤེས་གཉེན་བིས་མདོ༧རྗེ་བཙུན་འཇམ་དབྱངས་གྲགས་པ་མཆོག་ལས་དགེ་ཚུལ་དང་བཅས་པའི་སོ་ཐར་གྱི་ནོར་མཆོག་ལེགས་པར་བཞེས། གནས་བརྟན་དམ་པ་རྨོག་རུ་ཨ་ཁུ་བསྟན་འཛིན་ལགས་ཀྱིས་དགེ་ཕྲུག་ཏུ་ཉར་ནས་གང་ཅིའི་གཟིགས་སྐྱོང་ཆེན་པོས་ཚུལ་བཞིན་བསྐྱངས། ཀློག་གི་དགེ་རྒན་དུ་མ་བསྟེན་ཏེ། ཆོས་སྡེ་དེ་ཉིད་ཀྱི་ཆོས་སྤྱོད་ཆོ་གའི་འདོན་རྟ་དབྱངས་གསུམ་དང་ཐུན་མིན་ཕྱག་བཞེས་དང་བཅས་པ་ཐུགས་སུ་ཆུད་པར་བྱས།

         དགུང་ལོ་བཅུ་བཞི་བཞེས་པ་ཆུ་ཕོ་སྦྲེལ། སྤྱི་ལོ༡༩༣༢ལོ་ནས༧རྗེ་ལྷ་སྡེ་བ་ཡེ་ཤེས་རྒྱ་མཚོ་དང་། གསེར་ལག་པ་ཡར་འཕེལ་རྣམ་གཉིས་གཙོས་དགེ་བའི་བཤེས་གཉེན་མང་པོ་གཙུག་ཏུ་བཀུར་ཏེ་མགོ་བསྡུས་གྲྭའི་རིགས་ལམ་ཆེ་འབྲིང་ཆུང་གསུམ་ནས་བཟུང་རིམ་བཞིན་སློབ་དཔོན་ཕྱོགས་གླང་ཡབ་སྲས་ཀྱི་ཚད་མའི་གཞུང་གི་ཐུན་མིན་ཕྲ་ཞིབ་རིགས་པ་དག་ཀྱང་ཁོང་དུ་ཆུད་པར་བྱས།

           དགུང་གྲངས་ཉེར་གཉིས་བཞེས་པ་ལྕགས་ཕོ་འབྲུག སྤྱི་ལོ་༡༩༤༠ལོར་འདུལ་འཛིན་བྱེ་བའི་གཙུག་ནོར་མཁན་རིན་པོ་ཆེ་གསེར་ལག་འཇམ་དབྱངས་རྒྱ་མཚོ་དཔལ་བཟང་བོ་ལས་དགེ་སློང་གི་དངོས་པོ་ཡང་དག་པར་བཞེས་པར་མ་ཟད་ལོ་དེ་ནས་བཟུང་ཆེས་ཁྱད་དུ་འཕགས་པའི་ཤེར་ཕྱིན་གྱི་གཞུང་ལ་སྦྱང་བ་དབུ་ཚུགས་ཏེ་བགྲང་བྱ་དྲུག་གི་རིང་ལ་སློབ་གཉེར་ཕུ་ཐག་ཆོད་པ་མཛད།

           དགུང་ལོ་ཉེར་བདུན་བཞེས་པ་ཤིང་མོ་བྱ། སྤྱི་ལོ༡༩༤༥ལོའི་དགེ་ལྡན་ལྔ་མཆོད་ཆེན་མོ་དང་འབྲེལ་བར་བཀའ་རབ་འབྱམས་སྨྲ་བའི་དབང་བོ་གྲངས་མང་གདན་འཛོམས་པའི་སྤྱན་སྔར་ཕར་ཕྱིན་དམ་བཅའ་ལེགས་པར་བཞག གཟུར་གནས་མཁས་རྒུས་བསྔགས་པའི་རོལ་མོ་དཀྲོལ།

          དགུང་གྲངས་ཉེར་བརྒྱད་བཞེས་པ་མེ་ཕོ་ཁྱི། སྤྱི་ལོ༡༩༤༦ལོ་ནས་བགྲང་བྱ་གཉིས་ཀྱི་རིང་ལ་དམ་པའི་ཆོས་མངོན་པ་མཛོད་ཀྱི་གཞུང་དང་། དེ་ནས་ཡང་བགྲང་བྱ་གཉིས་ཀྱི་རིང་ལ་འདུལ་བ་ལུང་སྡེ་བཞི་སོགས་འདུལ་བ་འབུམ་སྡེའི་དགོངས་དོན་ཆ་ཕྲ་མོ་ཚུན་ཆད་ལ་སློབ་གཉེར་དཔྱིས་ཕྱིན་པར་མཛད་པ་སྟེ། དེ་ལྟར་ཁྱོན་བསྡོམས་བགྲང་བྱ་ཉི་ཤུ་ལྷག་གི་རིང་ལ་མགོན་དགེ་བའི་བཤེས་གཉེན་དུ་མ་བསམ་སྦྱོར་དག་པས་ཚུལ་བཞིན་བསྟེན་ནས་ངེས་དོན་མཁས་པའི་གོང་འཕང་མཐོན་པོར་མངའ་དབང་བསྒྱུར་པ་ཡིན་ལ། ཞོར་དུ་ཁོང་ཨ་ལགས་རིན་པོ་ཆེ་༧རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་དང་། གནས་ལྔ་གཟིགས་པའི་པཎྚི་ཏ་༧རྗེ་བཙུན་གྲགས་པ་རྒྱ་མཚོའི་ཞལ་སྔ་ནས་དང་། རྒྱལ་བའི་དབང་བོ་རྣམ་གཉིས་དང་། གོང་གསལ་བཤེས་གཉེན་རྣམ་པའི་ཞལ་སྔ་ནས་ལ་སོགས་པའི་ཞབས་ཀྱི་པདྨོ་མངོན་པར་བཀོད་དེ། དབང་དང་རྗེས་གནང་། སྒྲུབ་ཐབས་མན་ངག བཤད་ཁྲིད་བཀླག་ལུང་ལ་སོགས་པ་དམ་པའི་ཆོས་བཀའ་ཟབ་མོ་ཡོད་དོ་ཅོག་མ་ཚང་པ་མེད་པ་ལྟ་བུད་མནོས་ཤིང་། ༧རྗེ་བཙུན་གྲགས་པ་རྒྱ་མཚོ་ལས་སུམ་རྟགས་དང་སྙན་ངག སྒྲ་སྐར་ནག་རྩིས་ལ་སོགས་པ་ཐ་སྙད་རིག་པའི་གནས་ལའང་ཐུགས་བརྩོན་ཆེན་པོ་གནང་བ་དང་། དམ་པ་འདི་བས་དང་པོ་ཉིད་ནས་ཚིག་ཙམ་གྱིས་ཅལ་འདྲོགས་སུ་མ་སོང་བར་གང་ཤེས་རྒྱུད་ལ་སྦྱོར་ཅིང་། དམུ་རྒོད་སེམས་ཉིད་འདུལ་བའི་ཐབས་སུ་གནང་སྟེ། ནམ་གྱི་ཆ་སྟོད་སྨད་ལ་ཀློག་པ་ཐོས་བསམ་དང་སྤོང་པ་བསམ་གཏན་གྱིས་དུས་བདའ་བར་བྱས། རི་ཁྲོད་པའི་ཕྱག་བཞེས་ཇི་བཞིན་ཡོན་ཆབ་གྲངས་མང་ཕུལ། སྐུ་འབུམ་དང་གྲྭ་ཚང་ཁེ་སོགས་སུ་ཕྱག་བྱེ་བ་མང་པོ་འཚལ་བ་ལ་སོགས་པ་བསགས་སྦྱང་ཉམས་བཞེས་བདག་གིར་མཛད་པ་ཕལ་བའི་བློ་ངོར་དཔག་པར་དཀའ་ཞིང་། མདོར་ན་ཁོང་ཉིད་ཀྱིས་ཉིན་མཚན་ཁོར་མོ་ཡུག་ཏུ་ཚོགས་བསགས་སྒྲིབ་སྦྱོང་དང་ཐོས་བསམ་སྒོམ་པ་ཡ་མ་བྲལ་བའི་མཐུའམ་གནད་ཀྱིས་གཞུང་ཆེན་བཀའ་པོད་རྣམ་ལྔའི་དཀའ་གནད་ཀྱིས་མཚོན་མདོ་རྒྱུད་རྒྱ་མཚོའི་ཡོན་ཏན་རིན་པོ་ཆེ་ནོར་བུའི་གཏེར་མཛོད་ལ་མངའ་དབང་བསྒྱུར་ཏེ། ཁམས་གསུམ་གྱི་བླ་ན་མངོན་པར་མཐོ་བའི་ཆོས་ཀྱི་རྒྱལ་ཁྲི་ཆེན་པོར་རང་དབང་དུ་འཁོད་པར་གྱུར་བ་ཡིན་སྟབས་སྐྱབས་རྗེ་སྐུ་མཆེད་རིན་པོ་ཆེ་༧རྗེ་བཙུན་འཇམ་དབྱངས་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ་མཆོག་གིས་དམ་པ་འདི་བར་ལྷ་དར་དང་ཕྱག་མདུད་སོགས་གནང་སྟེ། སྡེ་འདིར་རྒྱུན་བཞུགས་སྒོས་དཔེ་ཁྲིད་སོགས་ཆོས་ཀྱི་འཕྲིན་བཟང་སྤེལ་ནས་སྡེ་འདིའི་འཆད་ཉན་དང་སློབ་གཉེར་སོགས་འཕེལ་ཐབས་ཅིས་ཀྱང་ཐུགས་ཁུར་བཞེས་དགོས་ཞེས་ཡོངས་སུ་གཏད་ཅིང་། དམ་པའི་གསང་གསུམ་གྱི་ཡོན་ཏན་ཕྱོགས་སུ་ལྡང་བའི་མཐུ་ལས་སྐལ་བཟང་བློ་གྲོས་ཅན་རྣམས་པད་མའི་ཚལ་ལ་བུང་བ་བཞིན་ངང་གིས་འདུ་བར་གྱུར་ཏེ། ལོ་མང་པོའི་རིང་གཞུང་ཆེན་སོ་སོའི་གཟབ་ཁྲིད་ཆུ་བོའི་རྒྱུན་དུ་སྤེལ།

          དགུང་ལོ་བཞི་བཅུ་པ་ས་ཕོ་ཁྱི་སྟེ། སྤྱི་ལོ་༡༩༥༨ལོ་ནས་དུས་ཀྱི་འཕོ་འགྱུར་གྱི་རླུང་ཡན་དྲག་པོའི་དབང་གིས་འཁྲུངས་གཞིས་རྨོག་རུ་སྡེ་བར་ཡུན་རིང་བཞུགས་དགོས་བྱུང་ལ། སྐབས་དེ་དག་ཏུའང་མུ་གེས་མནར་པའི་ཉམ་ཐག་པའི་འགྲོ་བ་མང་པོར་རང་གི་ཟས་སྐལ་ཀྱང་གནང་པ་སོགས་ཐབས་སྣ་ཚོགས་ཀྱིས་ཡུལ་དེའི་སེམས་ཅན་རྣམས་མུ་གེའི་བསྐལ་བ་མྱོང་མི་དགོས་པའི་ཚོད་དུ་བྱས། བདུད་སྡུག་བྱེད་རྩུབ་སྙིང་ནས་བརྡོལ་བའི་ལས་བྱེད་དུ་མས་བརྙས་བཅོས་འཇིགས་སྐུལ་སྣ་ཚོགས་བྱས་ཀྱང་། ཇི་ལྟར་པད་མ་འདམ་ལས་སྐྱེས་ཀྱང་འདམ་གྱིས་གོས་པ་མེད་པ་བཞིན་དམ་པ་གང་ཉིད་སྙིགས་མའི་སྐྱོན་བརྒྱས་གོས་པ་མེད་པར་མ་ཟད། སྐུ་ཚ་འཇམ་དབྱངས་ཀྱིས་ཞབས་ཏོག་གང་ལེགས་བསྒྲུབས་ཏེ་ལོ་རེ་བཞིན་དུའང་གསང་སྟབས་ཀྱིས་བཅོམ་ལྡན་དུས་དགྲའི་དབང་བོ་དང་། མ་ཅིག་ཁྲོས་མ་ནག་མོ་སོགས་ཡི་དམ་དང་། ལྷག་ལྷའི་བསྙེན་སྒྲུབ་དུ་མ་གནང་བ་དང་། ནངས་དགོང་ཀུན་ཏུ་མཆོད་པ་དང་གཏོར་མ་བརྒྱ་རྩ། ཡན་ལག་བདུན་པའི་བསགས་སྦྱང་སོགས་རི་ཁྲོད་པའི་ཉམས་བཞེས་ཀྱིས་དུས་འདའ་བར་བྱས་ཏེ་བགྲང་བྱ་ཉི་ཤུ་ལྷག་གི་རིང་བཞུགས་དགོས་པ་བྱུང་ཞིང་།

          དགུང་གྲངས་རེ་གཅིག་བཞེས་པ་ས་མོ་ལུག་སྟེ། སྤྱི་ལོ་༡༩༧༩ལོ་ནས་བསྟན་པ་ཡང་དར་གྱི་དབུ་བརྩམས་ཤིང་། ལྕགས་སྤྲེལ་ལོར་གདན་ས་བཀྲ་ཤིས་ཆོས་སྡིངས་སུ་ཞབས་ཀྱི་པད་མོ་རྣམ་པར་བཀོད་དེ། ཉིན་བྱེད་བྱང་བགྲོད་ཀྱི་དུས་ཚེས་དགེ་བར་ཉིད་ཀྱིས་སྦྱིན་བདག་གནང་སྟེ་འཆར་ཅན་ཚེ་སྒྲུབ་ཆེན་མོ་སླར་གསོ་མཛད། སླར་ཡང་ཕ་ཡུལ་དུ་ཕེབས་དགོས་བྱུང་ཡང་ལྕགས་བྱ་ལོ་ནས་གདན་རང་དུ་ཕེབས་ནས་བགྲང་བྱ་བཅུ་དྲུག་གི་རིང་ལ་ཕྱོགས་ཀྱི་རིགས་སྨྲ་སྟོན་གྱི་སྤྲིན་ཚོགས་བཞིན་འདུས་པར་གྱུར་པ་ལ། ཕ་བཟང་གིས་བུ་སྐྱོང་བ་བཞིན་ཐལ་སྐད་གཏོང་ལུགས། ལན་འདེབས་ཚུལ། རྩོད་པ་བྱེད་ཚུལ། རྩོད་པའི་རྣམ་དཔྱོད་སོགས་ལས་བརྩམས་ཏེ། བསྡུས་གྲྭ་གསུམ་དང་བློ་རྟགས། ཕར་ཕྱིན་སོགས་ཀྱིས་མཚོན་བཀའ་པོད་ཆེན་པོ་རྣམས་མདོ་དང་རྒྱ་གཞུང་རྣམས་ཁུངས་གཏུགས། སྤྱི་དོན་དང་མཐའ་དཔྱོད། ཟུར་བཀོད་སོགས་ཡིག་ཆ་གང་འཛོམས་ཀྱི་ལེགས་ཆ་བླངས་ཏེ། འགྲེལ་བ་དག་གི་བཀྲལ་ལུགས། གཞུང་དོན་ལ་གོ་བ་ཚུལ། གཞུང་གི་ཚིག་ཟིན་མཐུན་མིན་དང་དེ་ལ་རྒྱབ་རྟེན་ཡོད་མེད། རིགས་པས་བརྡར་ཤ་གཅོད་ལུགས་དང་ཁས་ལེན་འཛིན་མཚམས། དོགས་པ་སློང་ཚུལ་དང་གཅོད་ཚུལ་ལ་སོགས་པ་འཛིན་གྲྭ་སོ་སོའི་དགོས་མཁོ་དང་མཐུན་གཟབ་ཁྲིད་ལོ་རེ་བཞིན་དུའང་ཞིབ་མོའི་ལུགས་སུ་བསྩལ་བའི་བཀའ་དྲིན་གཞལ་བར་དཀའ་ལ། ཞོར་དུ་ལམ་རིམ་ཆེ་ཆུང་སོགས་ཆོས་བཀའ་མང་དུ་སྤེལ་བ་ཡིན་ཞིང་། ལྷག་པར་དུ་ལམ་ཁྲིད་དགེ་ལེགས་འོད་སྣང་སྟེང་ཉམས་མྱོང་མན་ངག་དང་བཅས་པ་ལོ་རེ་བཞིན་དུའང་ཚར་དུ་མ་རེ་ཆག་མེད་དུ་གནང་སྟེ། བུ་སློབ་ཐམས་ཅད་ལ་ཐོས་བསམ་སྒོམ་པ་ཡ་མ་བྲལ་བའི་ཉམས་བཞེས་ཐུགས་དམ་གྱི་མཐིལ་དུ་འཛིན་པའི་རྡོ་རྗེ་འཆང་ཡབ་སྲས་ཀྱི་ཕྱག་བཞེས་རྨ་མེད་པ་སྐྱོང་དུ་བཅུག གཞན་ཡང་གཡོན་རུ་དགོན་དང་འཁྱམ་དུ་དགོན། ལྷ་མོ་དྲེལ་དགོན། རྐང་ཚའི་རུ་མང་དགོན། ཆོས་ཚ་དགོན་སོགས་ཀྱིས་ཆེད་ཞུས་ལྟར་ཞབས་རྡུལ་རྣམ་པར་བཀོད་ཅིང་། དམ་པའི་ཆོས་བཀའ་རྒྱ་མཚོ་འདོད་རྒུར་སྤེལ།

         སྤྱི་ལོ་༡༩༨༤་ལོ་ནས་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་ཀྱི་དགེ་བཤེས་ཆེ་ཁག་རྣམ་གསུམ་སྟེ། ཨ་ཁུ་རྣམ་པའི་མཚན་བཏགས་བཞེས་པར་མ་ཟད་བླ་མ་གཞུང་ལས་པའི་འགན་བཞེས་ཏེ་སྟོན་པ་ཐུབ་པའི་དབང་བོའི་ཞལ་སྐྱིན་གནང་མྱོང་ལ། སྡེ་འདིའི་ལྔ་མཆོད་ཆེན་མོ་དང་ཆོས་ཐོག་ཆེན་མོ་གསུམ་གྱི་གཏོང་ཕོད་ཐེབས་སུ་མ་དངུལ་བསྐྲུན་པ་སོགས་ལོ་རེ་བཞིན་དུའང་ཟང་ཟིང་གི་དངོས་པོ་ཕན་པའི་གཏེར་དུ་བསྒྱུར་བ་མཐའ་ལས་འདས་ཤིང་། ཁོང་ལ་ཕྱག་རྒྱུ་གང་ཡོད་མཆོག་གསུམ་གྱི་ཞིང་ལ་བསྔོས་ཏེ་དམ་པ་གང་ཉིད་གྲྭ་རྐྱང་དཀྱུས་མའི་ལུགས་བཞིན་གཉོམ་ཆུང་ཆོག་ཤེས་ཀྱིས་སྐུ་ཚེ་མཐའ་འཁྱོལ་བར་མཛད་པའི་རྣམ་ཐར་ནི་དེང་དུས་སུ་ཉིན་མོའི་རྒྱུ་སྐར་གྱི་དཔེ་ཟླར་གྱུར་ཞིང་། མདོར་ན་ཉིད་ཀྱིས་གཙོ་བོ་གཞུང་ཆེན་བཀའ་པོད་རྣམས་ཀྱི་འཆད་ཉན་རིང་དུ་སྤེལ། བཅོམ་ལྡན་དུས་དགྲའི་དབང་བོ་དང་། ཁྱད་པར་མ་ཅིག་ཞི་ཁྲོའི་སྨིན་བྱེད་གཅོད་དབང་ཉེར་གསུམ་གསུངས་པ་སོགས་ལེགས་གསུངས་ཆོས་ཀྱི་དགའ་སྟོན་ཕྱོགས་མཐར་བཀྲམ་པས། སོ་ཐར་གྱི་སྡོམ་པའི་ནོར་མཆོག་ཐོབ་པ། སེམས་བསྐྱེད་དང་སྨིན་བྱེད་ཀྱིས་རྒྱུད་སྨིན་པ། ད་དུང་ཆོས་ཀྱི་གདན་སའི་མངའ་བདག་བླ་མ་སྤྲུལ་སྐུ། བཀའ་པོད་གཞུང་བརྒྱའི་མཛོད་འཛིན་དགེ་བའི་བཤེས་གཉེན། སྒྲུབ་པའི་རྒྱལ་མཚན་འཛིན་པའི་ཀུན་སྤོང་དབང་བོ་སོགས་གང་གི་གསུང་སྐྱེས་ཀྱི་བུ་སློབ་བགྲང་ལས་འདས་ཤིང་། བྱ་དཀའ་བ་གཞན་ཕན་རྒྱལ་སྲས་ཀྱི་སྤྱོད་པས་རྒྱལ་བསྟན་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད།

           སྐྱེ་རྒུའི་བདེ་སྐྱིད་དབྱར་མཚོ་བཞིན་རྒྱས་པར་བྱས་ནས་དགུང་ལོ་དོན་བརྒྱད་བཞེས་པ་མེ་ཕོ་བྱི་སྟེ་སྤྱི་ལོ་༡༩༩༦ལོའི་ས་ག་ཟླ་བའི་ཚེས་གསུམ་གྱི་ཉིན་གདུལ་བྱ་རྟག་འཛིན་གྱི་རི་བོ་གཞོམ་པའི་ཕྱིར་ངོ་མཚར་བའི་ལྟོས་དུ་མ་དང་བཅས་སྐུ་མྱ་ངན་ལས་འདས། སྐུ་གདུང་རིན་པོ་ཆེ་ཞུགས་མཆོད་ཕུལ་བ་ན་གདུང་རུས་ཕལ་ཆེར་རིལ་བུར་གྱུར། དེ་ལས་ཀྱང་ཆེ་བ་དྲུག་ཡོད་པའི་གསེང་ན་ཟེ་མ་འཕྲོ་ལ། དབུ་ཐོད་ཀྱི་རུས་བུ་ཅུང་ཟད་ཀྱང་མ་གྲུག་པར་བཞུགས་པའི་ནང་དུ་ཐུགས་ཉིད་ཞུགས་ཀྱི་མ་བཞེས་པར་ཡོད་པ་སོགས་ངོ་མཚར་མཛད་པ་བརྗོད་ལས་འདས།

           རང་དགོན་གྱི་ནུབ་ཕྱོགས་རི་ངོས་སྐོར་ལམ་དུ་གདུང་རྟེན་རྣམ་རྒྱལ་མའི་མཆོད་རྟེན་གཅིག ཕ་ཡུལ་རྨོག་རུ་སྡེ་བར་ཡང་རྣམ་རྒྱལ་མའི་མཆོད་རྟེན་གཅིག མཚོ་སྙིང་མ་ཧཱ་དེ་ཝར་གདུང་རྟེན་སྒྲོལ་མའི་འབུམ་ཁང་ཚད་ལྡན་གཅིག གང་གི་དབུ་ཐོད། ཐུགས་རྟེན། རང་བསྲེལ་རིལ་བུ་ཆེ་ཆུང་མང་པོ་བཅས་སྙིང་བོར་བཞུགས་པའི་དངུལ་གྱི་མཆོད་རྟེན་ཐུགས་རྗེ་ཆེན་པོའི་ལྷ་ཁང་དུ་བཞུགས་སུ་གསོལ་བ་སོགས་མཇུག་གི་བགྱི་བ་མཐའ་དག་ཀྱང་ཁོང་འཁོར་དག་གིས་ལེགས་པར་བསྒྲུབས་ཟིན་པ་བཅས་ནི་དམ་པ་གང་གི་ལོ་རྒྱུས་སམ་བྱུང་བ་ཉུང་བསྡུས་ཙམ་དུ་སྤེལ་བའི་དགེ་བས་ཚེ་རབས་ཐམས་ཅད་དུ་ཡབ་རྗེ་བླ་མ་དམ་པ་གང་གིས་རྗེས་སུ་འཛིན་པར་གྱུར་ཅིག། 

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།