དགའ་ལྡན་ཁྲི་ཚབ་འབྲོག་མི་བྱམས་པ་བློ་གྲོས་ཀྱི་རྣམ་ཐར་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-22 22:41:34     རྩོམ་པ་པོ།   དགེ་ལུགས་པའི་ད྄་བ།    ཀློག་ཐེངས།  

 

45417_536094.jpg

འབྲོག་མི་བྱམས་པ་བློ་གྲོས་ནི་1919ལོར་བོད་ཀྱི་ཤར་ཕྱོགས་རཛ་ཡུལ་ཏུ་འཁྲུངས། 1926ལོར་དགེ་རྒྱས་དགོན་དུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་།ཞིང་འབྲོག་མིའི་སྤྲུལ་སྐུར་ཐུགས་ཐག་བཅད།

 1936ལོར་ལོ་ཕྱེད་ཙམ་གྱི་རིང་ལ་རྟ་ལ་བཅིབ་པ་དང་ཞབས་ཐང་གིས་བགྲོད་པ་ལ་བརྟེན་ནས་དབུས་གཙང་དུ་སློབ་གཉེར་དུ་ཕེབས། འབྲོག་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཆོས་སྒོར་ཞུགས་ཏེ་སློབ་གཉེར་མཛད།

ཁོང་གིས་དགུང་ལོ་ཉེར་ལྔའི་རིང་ལ་གྲྭ་རྐྱང་དཀྱུས་མའི་ལུགས་ཀྱིས་གཞུང་བཀའ་པོད་ལྔ་དང་སྔགས་རྒྱུད་སྡེ་བཞི་ལ་སློབ་གཉེར་གནང་ཞིང་། 1958ལོར་ལྷ་ལྡན་རབ་འབྱམས་པའི་དམ་བཅའ་བཞག་སྟེ་ལྷ་རམས་དམ་བཅའ་ཨང་དང་བོ་བྱུང་། དེ་ནས་རྒྱུད་སྨད་པར་ཞུགས་ནས་གསང་སྔགས་རྒྱུད་སྡེ་བཞི་ལ་སྦྱངས། མཐར་ཕྱིན་རྗེས་དགའ་ལྡན་དགོན་པར་ཕེབས་ནས་དཔེ་ཁྲིད་གནང་།

རིག་གནས་གསར་བརྗེའི་སྐབས་མ་ཉེས་ཁ་གཡོགས་ཐེབས་ཏེ་འཛིན་བཟུང་བྱས། ལོ་དུ་མར་དགའ་ལྡན་ཞོལ་གྱི་ཞིང་ར་ཞིག་ཏུ་ངལ་རྩོལ་བཅོས་བསྒྱུར་བྱས།

 1973ལོར་རྒྱལ་གཅེས་མི་སྣའི་འཛིན་གྲྭར་ཞུགས་ནས་སློབ་སྦྱོང་བྱས་ཤིང་། རིམ་བཞིན་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཅུའུ་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་དུ་ཆོས་ལུགས་ཀྱི་ཕྱག་ལས་གནང་། ལོར་དགའ་ལྡན་ཁྲི་བར་བཞུགས་ནས་དཔལ་རི་བོ་དགེ་ལུགས་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱས།

 1985ལོར་བོད་ལྗོངས་ནང་བསྟན་སློབ་གླིང་དབུ་བརྙེས་པར་དེར་ཕེབས་ཏེ་སློབ་མ་རྣམས་ལ་ཚད་མ་རིག་པ་ཁྲིད། རྗེས་སུ་ནང་བསྟན་སློབ་གྲྭའི་སློབ་གཙོ་ལ་བསྐོས་ཏེ་བསྟན་པ་ཉམས་པ་སླར་གསོའི་ཐུགས་བསྐྱེད་ཁུར་དུ་བཞེས།

 1986ལོར་པཎ་ཆེན་སྣང་བ་མཐའ་ཡས་ཀྱིས་ལྷ་ལྡན་སྨོན་ལམ་ཆེན་མོ་སླར་གསོ་བྱས་པ་ནས་ཁོང་དགའ་ལྡན་ཁྲི་ཚབ་ལ་བསྐོས་ཏེ་དགེ་ལྡན་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་སྟེ་ལྷ་ལྡན་སྨོན་ལམ་ཆེན་མོའི་དབུ་སྐྱོང་མཛད། ཁོང་ནི་ང་བརྒྱད་རྗེས་སུ་བོད་ནང་དུ་དགའ་ལྡན་གསེར་ཁྲི་ལ་བཞུགས་མཁན་ཉག་གཅིག་རེད།

 1995ལོར་སྲིད་གཞུང་གི་བཀའ་ལྟར་ལྷ་ལྡན་གཙུག་ལག་ཁང་ནས་ཇོ་བོ་ཡིད་བཞིན་ནོར་བུའི་དྲུང་དུ་ཚེམས་དཀྲུགས་པའི་འོས་སྤྲུལ་རྒྱལ་མཚན་ནོར་བུ་པཎ་ཆེན་གྱི་སྤྲུལ་སྐུར་ངོས་བཟུང་ཞིང་། ཁོང་གི་གཙུག་ཕུད་བླངས་ཤིང་ཡོངས་འཛིན་ལ་བཞུགས།

སྔ་རྗེས་སུ་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་་རྒྱུན་ལས་དང་ཚོགས་གཙོ་གཞོན་པ། བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་ལྗོངས་ནང་བསྟན་སློབ་གླིང་གི་སློབ་གཙོ་སོགས་ཀྱི་འགན་བཞེས།

  2002ལོའི་ཟླ་11པའི་ཚེས་20་ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ།

ཁོང་གི་གསུང་ལ་སེ་ར་དགོན་ཕྱག་འདེབས་གནང་མཁན་དང་ཁོང་གི་ལོ་རྒྱུས། འབྲས་སྤུངས་དགོན་ཕྱག་འདེབས་གནང་མཁན་དང་ཁོང་གི་ལོ་རྒྱུས། དགའ་ལྡན་དགོན་ཕྱག་འདེབས་གནང་མཁན་དང་ཁོང་གི་ལོ་རྒྱུས། རྒྱུད་སྟོད་གསང་སྔགས་གྲྭ་ཚང་ཕྱག་འདེབས་གནང་མཁན་དང་ཁོང་གི་ལོ་རྒྱུས། རྒྱུད་སྨད་གསང་སྔགས་གྲྭ་ཚང་ཕྱག་འདེབས་གནང་མཁན་དང་ཁོང་གི་ལོ་རྒྱུས་སོགས་བཞུགས།

ཁོང་གིས་གཞན་ལ་སྐབས་བསྟན་གྱིས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ཞིང་། བོད་ལྗོངས་ནང་བསྟན་སློབ་གླིང་དང་། དགའ་ལྡན་དགོན་པ་སོགས་སུ་སློབ་མ་མང་དུ་བསྐྱངས་པ་ལས་སྐོར་ཞིག་ད་ལྟ་ཕྱོགས་སོ་སོར་བསྟན་པའི་ཁུར་ཆེན་ཕྲག་ཏུ་བཞེས་པའི་བསྟན་འཛིན་སྐྱེས་བུར་གྱུར།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།