ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-22 22:39:41     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  


1.jpg

རྒྱལ་བསྟན་ཡང་དར་གྱི་བསྟན་པའི་རྒྱལ་མཚན་སྒྲེང་མཁན་པཎ་ཆེན་སྐུ་ཕྲེང་བཅུ་བ་བློ་བཟང་འཕྲིན་ལས་ལྷུན་འགྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་ནི་རབ་བྱུང་བཅུ་དྲུག་པའི་ས་སྟག་ལོ་སྟེསྤྱི་ལོ1938ཟླ་བ་དང་བོའི་ཚེས་ཉིན་མཚོ་སྔོན་ཞིང་ཆེན་གྱི་ཞུན་ཧྭ་རྫོང་ཁོངས་བིས་མདོ་ཤང་གི་ངོ་མཚར་ཞེས་པའི་གྲོང་ཚོར་ས་སྐྱའི་འཁོན་གྱི་རིགས་སུ་ཡབ་མདོ་སྟོང་དཔོན་གུར་མགོན་ཚེ་བརྟན་དང་ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། མཚན་ལ་མགོན་པོ་ཚེ་བརྟན་དུ་གསོལ། ཆུང་དུས་ནས་གཞན་དང་མི་འདྲ་བར་སྤོབས་པ་ཆེ་ཞིང་གཞན་དོན་དུ་ཅི་མི་སྙམ་པ་ཞིག་ཡིན།

ལྕགས་སྦྲུལ་ལོར1941དགུང་ལོ་བཞི་བཔཎ་ཆེན་ནང་སྒང་ནས་འོས་སྤྲུལ་འགའ་བཙལ་ཅིང་སྐུ་གོང་མའི་ཉེར་སྤྱད་ངོས་འཛིན་སོགས་ཀྱིས་བརྟག་དཔྱད་གནང་སྟེ། སྐུ་འབུམ་གསེར་སྡོང་མདུན་དུ་ཟན་བསྒྱུར་གྱིས་པཎ་ཆེན་སྐུ་གོང་མའི་སྤྲུལ་སྐུར་ངོས་འཛིན་གནང་།

ཤིང་ཕོ་སྤྲེལ་ལོའི1944དགུང་ལོ་བདུན་པཟླ8པའི་ཚེས10ཉིན་སྐུ་འབུམ་བྱམས་པ་གླིང་དགོན་དུ་ཁྲི་གསོལ་གཟབ་རྒྱས་ཞུས།སྐུ་ན་ཕྲ་བའི་སྐབས་ནས་དངུལ་ཆུ་རིན་པོ་ཆེ་དང་བཀའ་ཆེན་བློ་བཟང་ཉི་མ་སོགས་ཡོངས་འཛིན་དུ་བསྟེན་ནས། གཞུང་ཆེན་བཀའ་པོད་ལྔས་མཚོན་དམ་པའི་ཆོས་ཀྱི་གཞུང་ལུགས་ཁག་ལ་སྦྱོང་བའི་དབུ་ཚུགས།

ཤིང་བྱ1945དགུང་ལོ་བརྒྱད་པལོར་ཀུན་ལ་སྙོམས་མཛད་མེད་པོ་རྣམ་དག་པ༎བཙན་པོ་ཕྱུག་པོ་མེད་པོ་སྡུག་མཐོང་བ༎སངས་རྒྱས་དཀོན་མཆོག་བཙན་པོ་སྙོམས་ཆུང་སྙོམས་འཇུག་པ༎སངས་རྒྱས་དཀོན་མཆོག་ཐུགས་དད་ཕྱག་འཚལ་ལོ༎ཞེས་ཤོ་ལོ་ཀ་འདི་ཐོལ་བྱུང་དུ་གསུངས། དེའི་དོན་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་འགྲེལ་བ་ལེགས་གསུངས་ཀ་ལ་པིང་ཀའི་སྒྲ་དབྱངས་དང་རྡོ་སྦིས་ཤེས་རབ་རྒྱ་མཚོའི་འདོད་འཇོ་ནོར་བུའི་མེ་ལོང་ཞེས་པ་བཞུགས།

དེ་བཞིན་སྐུ་ན་ཕྲ་བའི་དུས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་འདུ་ཁང་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་བ་སོགས་ཆུང་ངུའི་དུས་ནས་ལུང་རྟོགས་ཀྱི་ཡོན་ཏན་མངོན་དུ་བཞེས། 

རབ་བྱུང་དྲུག་པའི་ས་གླང་ལོ1949དགུང་ལོ་བཅུ་གཉིསཟླ་དྲུག་པའི་ཚེས་གསུམ་ཉིན་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ལ་ནང་མ་སྒང་གིས་སྙན་ཞུ་ཕུལ་བ་བཞིན་གསེར་བུམ་དཀྲུགས་མི་དགོས་པར་པཎ་ཆེན་སྐུ་ཕྲེང་བཅུ་བའི་མཚན་བཞེས་ཆོག་པར་བྱས། བཞི་བའི་ཟླ་ཤོལ་གྱི་ཚེས་དགུའི་ཉིན། རྗེ་བླ་མའི་གདན་ས་སྐུ་འབུམ་ནས་རྗེ་རྡོ་རྗེ་འཆང་བླ་ཁོ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་བོ་ལས་རབ་བྱུང་དང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་རྗེ་བཙུན་བློ་བཟང་ལྷུན་འགྲུབ་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ། བླ་ཁོ་རྡོ་རྗེ་འཆང་ལས་སྟ་གོན་སྔོན་དུ་འགྲོ་བའི་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་སོགས་གསན་བཞེས་མང་དུ་མཛད། 

ཟླ་བ་བཅུ་པའི་ཚེས་གཅིག་ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་མཛད་སྒོའི་ཉིན་དེར་པཎ་ཆེན་ནང་མ་སྒང་གིས་མཚོ་སྔོན་ཤང་སྡེ་ནས་པཎ་ཆེན་རིན་པོ་ཆེའི་མཚན་ཐོག་ནས་ཀྲུའུ་ཞིང་མའོ་ཙེ་ཏུང་དང་སྤྱི་ཁྱབ་དམག་དཔོན་ཀྲུའོ་ཏེ་རྣམ་གཉིས་ལ་གློག་འཕྲིན་བཏང་ནས་ཀྲུང་གོ་གསར་པ་དབུ་བརྙེས་པར་བརྩི་བཀུར་ཞུས།

ལྕགས་ཡོས་ལོའི1951དགུང་ལོ་བཅུ་བཞི་བཟླ་བ་བཞི་པར་པེ་ཅིན་དུ་ཕེབས་ནས་འགོ་ཁྲིད་དག་མཇལ་འཕྲད་དང་རྒྱ་ནག་གི་ཆོས་སྲིད་དཔལ་འབྱོར་དག་ལ་ལྟ་གཟིགས་གནང་།

ཆུ་འབྲུག་ལོའི་1952དགུང་ལོ་བཅུ་ལྔ་བཟླ་ལྔ་བའི་ཚེས་གང་ཉིད་ཀྱི་གདན་བཀྲ་ཤིས་ལྷུན་པོར་ཞབས་སོར་འཁོད་དེ་བླ་བྲང་རྒྱལ་མཚན་མཐོན་པོར་མི་འཇིགས་གསེར་གྱི་ཁྲི་ལ་མངའ་གསོལ།

ཤིང་རྟ་ལོའི1954དགུང་ལོ་བཅུ་བདུནཡོངས་འཛིན་རྒྱ་ཡག་རིན་པོ་ཆེ་མདོ་སྨད་དུ་ཕེབས་ཤིང་། དངུལ་ཆུ་རིན་པོ་ཆེ་ཡོངས་འཛིན་དུ་བཞུགས་ནས་མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱས། བཀྲ་ཤིས་ལྷུན་པོར་སྐལ་བཟང་བདེ་ཆེན་ཕོ་བྲང་དུ་སེར་སྐྱ་ཁྲི་ཕྲག་ཉེ་བར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་།  ཟླ་བ་དགུ་པར་སྐབས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་།སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས།

མེ་སྤྲེལ་ལོའི1956དགུང་ལོ་བཅུ་དགུཟླ་བ་བཞི་བར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་དབུ་བརྙེས་སྐབས་པཎ་ཆེན་རིན་པོ་ཆེ་ནས་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་དང་བོ་གནང་།བཀྲ་ཤིས་ལྷུན་པོར་མཁས་མང་གི་དབུས་སུ་བཀའ་ཆེན་གྱི་དམ་བཅའ་བཞེས།  སེར་སྐྱ་སྟོང་ཕྲག་མང་བོ་ལ་བྱང་ཆུབ་ལམ་རིམ་ཆེན་མོའི་ཟབ་ཁྲིད་གནང་། ཟླ་བ་བཅུ་གཅིག་པར་རྒྱ་གར་སྲིད་གཞུང་གི་གདན་ཞུས་ལྟར་རྒྱ་གར་དུ་ཕེབས་བསྒྱུར་གནང་ནས་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་དྲན་གསོའི་ཚོགས་ཆེན་ལ་ཞུགས། ཝཱ་ར་ན་སིའི་ནང་བསྟན་སློབ་གླིང་ནས་མཚན་འཛིན་ནང་བསྟན་པཎ་ཌི་ཏའི་མཚན་གནས་ཕུལ།

ལོ་འདིར་བཀྲ་ཤིས་ལྷུན་པོར་བོད་ཀྱི་རིག་གནས་སྤྱི་དང་དེང་གི་སྒྱུ་རྩལ་སོགས་ཀྱི་སློབ་གྲྭ་སྟེ་རྩེ་སློབ་གྲྭ་དང་། ཉི་འོད་སློབ་གྲྭ་གཉིས་ཆེད་དུ་བཙུགས། ཕྱི་མ་བཀྲ་ཤིས་ལྷུན་པོའི་གྲྭ་ཚང་གསུམ་གྱི་བླ་སྤྲུལ་ཁང་དང་དགེ་བཤེས་བཀའ་ཆེན་རྣམས་ཀྱིས་་གཞུང་ཆེན་བཀའ་པོད་ལྔ་རྩ་འགྲེལ་སྦྱར་ནས་འཆད་ཉན་གནང་དང་། རྒྱུགས་ལེན་གྱི་སྲོལ་གཏན་ལ་ཕབ། ཁོང་གིས་བཀའ་པོད་ལྔའི་བསྡུས་དོན་ཕྱག་རྩོམ་གནང་།

ལྕགས་མོ་གླང་། 1961ལོ་མཇུག་ནས་འགོ་བརྩམས་ཏེ་བོད་ཀྱི་གནས་ཚུལ་དངོས་ལ་རྟོག་ཞིབ་ཀྱིས་བོད་ཡིག་གིས་ཟིན་བྲིས་གནང་བའི་ཁག་རྒྱ་ཡིག་ཏུ་བསྒྱུར་ཏེ་ཡིག་འབྲུ་ཁྲི་བདུན་ལྷག་ཙམ་ཡོད་པའི་སྙན་ཞུ་བརྩམས་ཏེ1962ལོའི་ཟླ་5ཚེས་28ཉིན་ཀྲའོ་ཨན་ལེར་ཕུལ། དེ་ནས་མའོ་ཙེ་ཏུང་ལ་ཕུལ། "སྙན་ཞུ་འདི་ཐོག་མར་ཡར་ཕུལ་བ་ལྟར་ཀྲུང་དབྱང་ནས་འདིའི་སྐོར་ཚོགས་འདུ་མང་བོ་འཚོགས་ཏེ་བོད་ནང་ལེགས་བཅོས་གཏོང་གི་ཡིན་ཞེས་གསུངས་པ་རེད།"  འོན་ཀྱང་ཡིག་ཆ་དེའི་རྐྱེན་གྱིས་དཀའ་སྡུག་ནང་ཚུད།

ཁོང་གིས"ཕྱི་ལོ1962ལོའི་ཟླ་8ནང་ཏང་གི་སྐབས་བརྒྱད་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་མའོ་ཀྲུའུ་ཞིའི་རླབས་ཆེན་གྱི་འབོད་ཚིག་ཅིག་སྟེ་གྲལ་རིམ་འཐབ་རྩོད་ནམ་ཡང་བརྗེད་མི་རུང་ཞེས་པ་འདི་བཏོན་པ་གནང་ནས་ངའི་ཐོག་ལ་གྲལ་རིམ་གྱི་རོ་ལངས་རྒྱག་མཁན་རེད་ཅེས་མགོ་ལ་རྡོག་རྒྱག་གཅིག་གཞུས་ནས་ཕྱི་ལོ་1962ལོའི་ལོ་མཇུག་ནས་བཟུང་ང་ལ་ཆམ་ནད་དང་པོ་ཕོག་ཡོད་ཀྱང་ཕྱི་ནས་ཧ་གོ་གི་མེད་། ནང་དུ་ཧབ་སྦྲིད་བརྒྱབ་སྟེ་བསྡད་ཡོད།"ཅེས་གསུངས།

ཆུ་མོ་ཡོས་1963ལོར་ཁོང་གིས་མ་འོངས་མངོན་པར་གཟིགས་པ་ལྟར་བུས་དབུས་གཙང་གི་རྟེན་གཙོ་བོ་གྲགས་ཅན་རྣམས་འབོར་བརླག་མི་འབྱུང་བའི་ཆེད་དུ་རྭ་སྒྲེང་གི་གསང་འདུས་འཇམ་དཔལ་རྡོ་རྗེ་སོགས་དབུས་སུ་གདན་དྲངས། རིག་གསར་གྱི་སྐབས་སུ་སྐུ་གསུང་ཐུགས་རྟེན་མང་བོ་བོར་བརླག་ཏུ་སོང་ཡང་རྭ་སྒྲེང་གི་གསང་འདུས་འཇམ་དཔལ་རྡོ་རྗེ་1985ལོར་ཁོང་བོད་དུ་ཕེབས་དུས། ནོར་བུའི་གླིང་ཁའི་རིག་དངོས་མཛོད་ཁང་ནས་ཕྱིར་བླངས་ཏེ་རྭ་སྒྲེང་དགོན་པར་གནང་བ་སོགས། སྐུ་གསུང་རྟེན་སྲུང་བ་དང་འཚོལ་བ་སོགས་ལ་ཐུགས་ཁུར་རྒྱ་ཆེར་གནང་།

 1963ནས་1964ལོར་བར་དུ་བཀྲ་ཤིས་ལྷུན་པོའི་ཁང་ཆུང་ཞིག་ཏུ་བསྟན་སྲིད་ཀྱི་ཆེད་དུ་མནལ་ལམ་བརྟགས་པ་དང་ཚེམས་དཀྲུགས་པ་སོགས་ཀྱིས་ལས་ཆུང་ངུར་བཞུགས། རྗེས་སུ་ཚེམས་ཡིག་དེ་དག་ཀྱང་ཁོང་གིས་བོད་རང་བཙན་བྱས་ན་ཏཱ་ལའི་བླ་མ་ཀྲུའུ་ཞི་དང་ཁོང་ཙུང་ལིར་བཞུགས་འདོད་པ་སོགས་ཀྱིས་ཉེས་མིང་བཀལ་ནས་འཐབ་རྩོད་བྱས།

ཤིང་ཕོ་འབྲུག་ལོའི་1964ཟླ་དགུ་བའི་ཚེས་བཅོ་བརྒྱད་ནས་ཁོང་ལ་ཆབ་སྲིད་ཀྱི་ཞྭ་མོ་བསྐོན་ཏེ་དགག་པ་རྒྱག་པའི་མགོ་བརྩམས། ཁོང་གིས་" 1964ལོར་བོད་རང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་རྒྱ་ཆེའི་ཚོགས་འདུ་ཐེངས་བདུན་པའི་ཐོག་ང་ལ་དགག་པ་དང་། འཐབ་རྩོད་བྱས་པ་དང་། བསླབ་བྱ་རིམ་པར་གནང་སྟེང་ནག་ཁུང་ནང་སྡོད་དགོས་བྱུང་ཞིང་། ང་རང་གི་གནས་ཚུལ་འདི་འདྲ་ཡིན། "གསུངས། ཟླ་བཅུ་གཅིག་པའི་ཚེས་བཞི་ཉིན་ཁོང་ལ་ཏང་ལ་ངོ་རྒོལ་དང་མི་དམངས་ལ་ངོ་རྒོལ། སྤྱི་ཚོགས་རིང་ལུགས་ལ་ངོ་རྒོལ་གྱི་ཉེས་མིང་བཀལ་ཏེ་ཆབ་སྲིད་ལས་གནས་སོགས་ཀྱང་མེད་པར་བཏང་། སྐབས་དེར་ཁོང་གིས་ཞུམ་པ་མེད་པར་རྒོལ་ལན་བཏབ་།

མེ་ཕོ་རྟ་ལོའི1966ཟླ་8པར་པཎ་ཆེན་ཕྱོགས་ཁག་ཅེས་ཉེས་མིང་གིས་གཅར་རྡུང་དང་། པེ་ཅིང་མི་རིགས་སློབ་གྲྭའི་སློབ་མ་སྟོང་ཕྲག་འདུས་སར་འཐབ་རྩོད་དྲག་པོ་བྱས། དེ་ནས་མེས་རྒྱལ་ལ་ངོ་རྒོལ་དང་། མི་རིགས་ཁག་གི་དགྲ་བོ་ཡིན་པའི་ཉེས་མིང་གིས་བཙོན་ཁང་དུ་བཅུག་ནས་ལོ་དགུ་དང་ཟླ་བ་བརྒྱད་རིང་བཙོན་ཁང་དུ་བཞུགས། བཙོན་དུ་བཞུགས་རིང་རྒྱ་ནག་གི་ཡི་གེ་དང་ཆབ་སྲིད། མར་ལེ་རིང་ལུགས་ཀྱི་མཚན་ཉིད་རིག་པ་སོགས་ལ་སྦྱངས།

ས་ཕོ་སྤྲེལ་ལོའི1978ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན་བཙོན་གྲོལ་བཏང་། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ནོར་འཛོལ་དག་སེལ་དང་དབུ་གནས་སླར་གསོ་བྱུང་བར་མ་ཟད།བཅོས་བསྒྱུར་སྒོ་ཕྱེའི་ཇུས་འགོད་པ་ཏེང་ཞའོ་ཕིང་གིས"ཁྱེད་ནི་རྒྱལ་གཅེས་པ་རྒན་པ་ཡིན"ཞེས་གདེང་འཇོག་ཤིན་ཏུ་ཆེན་པོ་མཛད།

ས་རྟ་ལོ་སྟེ་སྤྱི་ལོ1978ལོ་ནས་བཟུང་པཎ་ཆེན་རིན་པོ་ཆེའི་རྒྱལ་ཁབ་དབུ་ཁྲིད་ཀྱི་གོ་གནས་སླར་གསོ་བྱུང་བ་ནས་ས་གནས་ཁག་དང་བོད་རིགས་ས་ཁུལ་དུ་ལས་དོན་གཟིགས་ཞིབ་གནང་བར་ཕེབས་ཏེ་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་།བོད་རིགས་ས་ཁུལ་ཁག་ཡར་རྒྱས་དང་དར་རྒྱས་ཡོང་བར་སྐུལ་མ་ཡོང་བའི་ཐད་བརྩོན་པ་ཆེན་པོ་གནང་བར་མ་ཟད། ཁོང་གིས། ང་རང་སྐྱེས་པ་ཡང་བསྟན་འགྲོའི་དོན་ཡིན་པར་ཁྱེད་ཅག་གིས་འདོད། ད་ཤི་ན་ཡང་རྒྱལ་བའི་བསྟན་པ་དང་རང་གི་མི་རིགས་ཀྱི་དོན་དུ་སེམས་ཐག་རྦད་ཆོད་ཡིན་ལ། ངའི་བབ་ཀྱང་ཡིན་གསུངས།དེ་ལྟར་མི་རིགས་ཀྱི་ལས་དོན་གོང་འཕེལ་དང་ཡར་རྒྱས་འགྲོ་རྒྱུར་ཐུགས་ཁུར་ཆེ་བཞེས་དང་།བོད་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གོང་འཕེལ་འགྲོ་རྒྱུར་ཐུགས་འཁུར་གནང་ཆེར་བཞེས་གནང་།

ཤིང་མོ་གླང་ལོར1985བསྐལ་བཟང་བདེ་ཆེན་ཕོ་བྲང་དུ་སེར་སྐྱ་ཁྲི་ཚོ་མང་བོ་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་བཞི་སྟ་གོན་དང་བཅས་པ་གནང་། 

མེ་ཕོ་སྟག་ལོར་1986 ལོ་ངོ་སུམ་ཅུ་བརྒལ་བར་རྒྱུན་ཆད་པའི་ལྷ་སའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སླར་ཡང་གསོ་གནང་།  འབྲོག་མི་བྱམས་པ་བློ་གྲོས་དགའ་ལྡན་གསེར་ཁྲིའི་ཁྲིའི་ཚབ་ཏུ་བསྐོས་པ་དང་ཚེས་བཅོ་ལྔའི་ཉིན་ཚོགས་དབུར་བཞུགས་ཏེ་གསུང་ཆོས་ར་བར་སེར་སྐྱ་བགྲང་གིས་མི་ལང་བར་སྐྱེས་རབས་སོ་བཞི་བའི་ལྗགས་བཤད་དང་འབྲེལ་འཕྲལ་ཕུགས་སུ་ཕན་པའི་བསླབ་བྱ་རིན་ཐང་བྲལ་བ་བསྩལ་བ་སོགས་བསྟན་པ་སླར་གསོ་བྱེད་པའི་ཐུགས་བསྐྱེད་ཁུར་དུ་བླངས།

མེ་མོ་ཡོས་ལོའི་1987ཟླ་བ་བཞི་པའི་ཚེས་བཅོ་ལྔ་ཉིན་ཨུ་ཡོན་ཀྲང་གཞོན་པ་ང་ཕོད་ངག་དབང་འཇིགས་མེད་མཆོག་རྣམ་གཉིས་ཀྱིས་བོད་དང་བོད་ཁུལ་གཞན་དག་གི་དཔལ་འབྱོར་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་ཆེད་ནས་གྲོས་འགོ་གནང་བ་ལྟར་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་བཙུགས།

ཟླ་བ་བདུན་པར་ཨུ་ཡོན་ཀྲང་གཞོན་པ་ང་ཕོད་ངག་དབང་འཇིགས་མེད་མཆོག་དང་ལྷན་དུ་གྲོས་འགོ་འདོན་གནང་མཛད་ནས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐོགབོད་ཀྱི་སྐད་ཡིག་སློབ་སྦྱོང་དང་།བེད་སྤྱོད།གོང་འཕེལ་བཅས་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་འགའ་ཞིགཅེས་པར་གྲོས་འཆམས་བྱུང་བ་རེད།

ཁོང་དང་ཀྲོའོ་པུ་ཁྲུའུ་གཉིས་ཀྱིས་དབུ་བསླངས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆོག་མཆན་བཀོད་ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་པེ་ཅིང་གི་ལྷ་ཁང་སེར་བོ་དབུ་བརྙེས་ཤིང་ཁོང་གིས་སློབ་གཙོའི་འགན་བཞེས་ཏེ་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་དམ་པ་དག་གདན་དྲངས་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་།

མཚོ་སྔོན་དགེ་ཐོན་ཆེད་སྦྱོང་སློབ་གྲྭ་དང་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་གཉིས་ཀྱིས་གཙོས་བོད་ཀྱི་སློབ་གྲྭ་ཁག་འཛུགས་པར་གང་ཅིའི་སློབ་སྟོན་དང་གཟིགས་སྐྱོང་བླ་ན་མེད་པ་གནང་། 

ས་སྦྲུལ་ལོའི1989སྤྱི་ཟླ་དང་བོའི་ཚེས9ཉིན་གཙང་ལྗོངས་ཀྱི་གདན་ས་ཆེན་བཀྲ་ཤིས་ལྷུན་པོར་པཎ་ཆེན་སྐུ་ཕྲེང་ལྔ་བ་ནས་དགུ་བའི་བར་གྱི་མཉམ་བཞུགས་སྐུ་གདུང་མཆོད་ཁང་ཤར་བཀྲ་ཤིས་རྣམ་རྒྱལ་བསྐྱར་བཞེངས་མཛད་གཙོ་སྐྱོང་གནང་བར་ཕེབས། བོད་ཀྱི་ཕྱོགས་སོ་སོ་ནས་ཕེབས་པའི་ཆོས་ལུགས་མི་སྣའི་ཚོགས་འདུའི་སྟེང་ཞལ་ཆེམས་ཀྱི་ཚུལ་དུ་བསྟན་པ་འཕེལ་སྤེལ་བ་སོགས་ཀྱི་སྐོར་གྱི་ཞལ་གསུང་གནང་།

ཉིན་དེ་དག་གི་རིང་ལ་མཛད་འཕྲིན་ངལ་བ་བསྟེན་དྲགས་པའི་དབང་གིས་གློ་བུར་དུ་སྙུན་གཞི་ཕོག་ཏེ་ལོ་དེའི་བོད་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་དང། སྤྱི་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་གཞིས་རྩེ་གྲོང་ཁྱེར་གྱི་བདེ་ཆེན་སྐལ་བཟང་ཕོ་བྲང་གི་གཟིམ་ཆུང་བཤད་སྒྲུབ་འཕེལ་རྒྱས་གླིང་ནས་དགོངས་པ་གཞན་དུ་གཤེགས། 

ཁོང་གི་མི་རིགས་མཐུན་སྒྲིལ་གནད་ཆེན་དུ་དགོངས་ཤིང་། ཞལ་ནས"རྒྱ་བོད་ཀྱི་མཐུན་སྒྲིལ་དམ་དུ་འཛིན་པ་དང་། བོད་རིགས་དང་མི་རིགས་གཞན་གྱི་མཐུན་སྒྲིལ་དམ་དུ་འཛིན་དགོས་པ་མ་ཟད། བོད་རིགས་ནང་ཁུལ་གྱི་མཐུན་སྒྲིལ་དམ་དུ་འཛིན་དགོས"ཞེས་དང་"དབུས་དང་གཙང་། ཁམས་་དང་ཨ་མདོ་བཅས་ཁ་ཁ་མི་གཏོང་བ་མཐུན་སྒྲིལ་བྱ་དགོས"ཞེས་གསུངས་ཤིང་། སྐུ་ཚེ་མི་རིགས་དང་ཆོས་ཀྱི་ཆེད་དུ་ཕུལ། ཁོང་གིས"ང་རང་སྐྱེས་པ་ཡང་བསྟན་འགྲོའི་དོན་ཡིན་པ་ཁྱེད་ཅག་གིས་འདོད།ད་ཤི་ནའང་རྒྱལ་བའི་བསྟན་པ་དང་རང་གི་མི་རིགས་ཀྱི་དོན་དུ་སེམས་ཐག་རྦད་ཆོད་ཡིན་ལ། ངའི་བབ་ཀྱང་ཡིན"གསུངས།  ཁོང་གིས་བོད་རྗེས་ལུས་ཀྱི་རྣམ་པ་བསྒྱུར་མ་ཐུབ་ན་ང་ཤི་ཡང་མི་བཙུམ་ཟེར། དེ་ནི་ང་ཚོ་ལྟར་ཁ་ནང་གི་ཚིག་ཙམ་ག་ལ་ཡིན་ཏེ། 1985ལོར་ཧོ་ནན་ཞིང་ཆེན་གྱིས་ཧྲའོ་ལིན་དགོན་པ་སུང་ཧྲན་དོ་དམ་ཅུས་ལ་རྩིས་སྤྲོད་བྱས་པར་ཁོང་གིས་སྐྱོན་བརྗོད་དྲག་པོ་བྱས་པ་དང་བྱ་བ་འདི་ཕུགས་ཐག་མ་ཆོད་པར་དེ་མུར་འཇོག་གིན་མིན་ཞེས་གསུངས་པ་སོགས་སྐུ་ཞབས་ཞི་ཀྲུང་ཞིན་གྱིས་གསུངས་པ་ལྟར་རོ། །

ཁོང་གི་གསུང་རྩོམ་ནིསྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་འགྲེལ་བདང་གཞུང་བཀའ་པོད་ལྔའི་བསྡུས་དོན》《ཀྱེ་རྡོར་ལྷན་སྐྱེས་ཀྱི་ཆོ་ག་གསུམ་བསྐྱེདཅེས་པ་སོགས་པོད་གསུམ་བཞུགས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།