ཚེ་ཏན་ཞབས་དྲུང་འཇིགས་མེད་རིག་པའི་བློ་གྲོས་ཀྱི་རྣམ་ཐར་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-22 22:35:32     རྩོམ་པ་པོ།   དགེ་ལུགས་པའི་དྲ་བ།    ཀློག་ཐེངས།  

 24d7452.jpg

 

 

 

 

བོད་ཀྱི་མཁས་པའི་དབང་བོ་ཚེ་ཏན་ཞབས་དྲུང་འཇིགས་མེད་རིག་པའི་བློ་གྲོས་སམ་ངག་དབང་དབྱངས་ལྡན་རིག་པའི་འདོད་འཇོ་མཆོག་ནི།བསྟན་པ་ཡར་དར་གྱི་སྐབས་སུ་བོད་ཀྱི་ཆོས་དང་རིག་གནས་ལ་བྱས་རྗེས་བླ་ནར་མཐོ་བའི་སྐྱེས་ཆེན་དམ་པ་ཞིག་ཡིན།

 

ཁོང་རབ་བྱུང་བཅོ་ལྔ་པའི་ལྕགས་ཁྱི་ལོ་སྟེ་སྤྱི་ལོ1910ལོའི་ཧོར་ཟླ་བཞི་བའི་ཚེས་ཉེར་གཉིས་ཀྱི་མཚན་མོའི་ཐུན་སྟོད་ཀྱི་ཆ་ལ་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་ཡ་རྫི་རྫོང་དུ་མ་ཧཱ་ཙི་ནའི་རིགས་སུ་ཡབ་བློ་བཟང་དང་ཡུམ་ལྷ་མོ་ཐར་གཉིས་ཀྱིས་སྐུ་འཁྲུངས། ཁོང་གིས་ང་རུས་རྒྱ་ནག་ཡིན་ནའང་རིག་གནས་ཀྱི་ཆ་ནས་བོད་ཡིན་གསུངསཔ་ལྟར་ཡབ་མེས་ཆིན་རྒྱལ་རབས་སྐབས་སུ་ཞིན་ཧྭ་ཕྱོགས་ཀྱི་འཁྲུག་སློང་གི་མགོ་གནོན་དུ་གོང་མས་མངགས་ཤིང་མ་ནི་བོད་རིགས་གཙང་མ་ཡིན་ནོ། །

དགུང་ལོ་གསུམ་པའི་སྟེང་ཞྭ་དམར་པཎ་ཌི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོས་ཚེ་ཏན་ཞབས་དྲུང་སྐུ་ཕྲེང་དྲུག་པར་ངོས་འཛིན་བྱས། དགུང་ལོ་དྲུག་པའི་སྟེང་ནས་ཚེ་ཏན་བཤད་སྒྲུབ་གླིང་གཙོ་བྱས་པའི་གོང་མའི་གདན་ས་ཡོངས་ཀྱི་ཁྲིར་འཁོད།

དགུང་གྲངས་བདུན་ལོན་པའི་དུས་སུ་སེར་ཏྲི་དགོན་དུ་མ་ཎི་པཎ་ཌི་ཏ་སྐུ་ཕྲེང་ལྔ་བ་དགེ་འདུན་བསྟན་འཛིན་རྒྱལ་མཚན་གྱི་དྲུང་གི་རབ་ཏུ་བྱུང་སྟེ་དགེ་བདུན་བཤད་སྒྲུབ་རྒྱ་མཚོ་ཞེས་གསོལ། ཁུ་བོ་ངག་དབང་ཆོས་འཛིན་ཀློག་གི་དགེ་རྒན་དུ་བསྟེན་ནས་འཕྲལ་སྦྱོར་ཀློག་བྱང་བར་བྱས་ཤིང་། དགེ་བཤེས་བློ་བཟང་ཟླ་བའི་དྲུང་ནས་འདོན་ཆོས་བསླབས།

རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དང་ཡོངས་འཛིན་བློ་བཟང་དཔལ་ལྡན་གཉིས་ཀྱིས་གཙོས་ཡུལ་དེའི་རྨ་ཆུའི་ལྷོ་བྱང་རྒྱུད་ཀྱི་བླ་མ་དང་མཁས་པ་ཕལ་ཆེར་་སྤྱི་བོའི་རྒྱན་དུ་བསྟེན་ནས་བརྩོན་པ་རྒྱ་ཆེར་བསྟེན་པས་མི་རིང་བར་རྣམ་དཔྱོད་རབ་ཏུ་རྒྱས།

ཆུང་དུས་ནས་རིག་པ་ཀློང་དུ་བརྡོལ་ཞིང་དགུང་ལོ་དགུའི་སྟེང་། འཛུམ་འཛུམ་རླབས་ཕྲེང་གཡོ་བའི་དོ་ར་ན། ། སྐབས་གསུམ་རྫ་རྔ་འཁྲོལ་བའི་གདངས་ལྟར་སྙན། ། འོད་དཀར་གཞོན་ནུ་ལས་ཀྱང་དཀར་བའི་མདངས། ། ངང་བའི་རྒྱལ་བོ་ཀུན་ལས་རྒྱལ་དེ་མཚར། ། ཞེས་དང་། དྷཱིཿཉལ་འགྲོ་གྲེ་འགྱུར་དབྱངས་སུ་གྱེར་བའི་ངོགས། ། དཀར་བ་དབྱངས་ལྡན་ཡིན་ནམ་ཐེ་ཚོམ་གྱིས། ། བརྟགས་པས་པུཎ་ཊ་རི་ཀའི་འཁྲི་ཤིང་ཞིག། རྐང་དྲུག་ཚོགས་རྣམས་གར་གྱིས་རོལ་བ་སྙམ། ། ཞེས་པ་ལྟ་བུའི་མཛད་པ་ཡ་མཚན་པ་མང་པོ་ཡོད།

ལྔ་རིག་སྨྲ་བའི་དབང་ཕྱུག་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་དྲུང་ནས་སྒྲ་རིག་པའི་ཡན་ལག་དང་བཅས་པའི་གཟབ་ཁྲིད་གསན་སྟེ།ངག་གི་དབང་ཕྱུག་དབྱངས་ལྡན་རྒྱལ་བའི་ཡུམ། ། བྱིན་རླབས་སྙེ་མ་ཁྱོད་ལ་དུད་པ་ལས། ། རིག་པའི་གནས་ཀུན་མཐོང་བའི་པཎིཊ་ཏར། ། གྲུབ་པས་འགྲོ་ལ་ཕན་བདེའི་འདོད་པ་འཇོ། ། ཞེས་ཀུན་བཤད་ཀྱི་མཚན་ལ་ངག་དབང་དབྱངས་ལྡན་རིག་པའི་འདོད་འཇོ་ཞེས་པའི་མཚན་གསོལ།

  རབ་བྱུང་བཅུ་དྲུག་པའི་ཆུ་སྤྲུལ་ལོ་སྟེ། སྤྱི་ལོ1953ལོར་མཚོ་སྔོན་ཞིང་ཆེན་རྩོམ་སྒྱུར་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བཞེས་ཤིང་སྒྱུར་རྩོམ་གྱི་ལས་སུ་ཞུགས། ཀྲོའུ་ཙུང་ལི་མཆོག་གིས་ཆོག་མཆན་གནང་བའི་གོ་གནས་ཀྱི་ཡི་གེ་དང་བཅས་མཚོ་སྔོན་ཞིང་ཆེན་མི་དམངས་ཨུ་ཡོན། ལྷན་ཁང་གི་གཞུང་ལས་དབང་གི་ཀྲུའུ་རིན་གཞོན་པའི་འགན་བཞེས།ས་ཕག་ལོ་སྟེ་སྤྱི་ལོ1959ནས་ཤིང་འབྲུག་ལོ་སྟེ་སྤྱི་ལོ་1964ལོའི་བར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་དུ་བཞུགས་ཏེ་སློབ་དཔོན་ཆེན་མོའི་མཚན་བཞེས་ཏེ་དགེ་སློབ་མང་པོ་ལ་དཔེ་ཁྲིད་གནང་ནས་མི་རིགས་སློབ་གསོ་ལ་མཛད་རྗེས་ཆེན་པོ་བཞག གངས་ཅན་སྒྲ་རིག་པའི་བསྟན་བཅོས》《དག་ཡིག་ཐོན་མིའི་དགོངས་རྒྱན》《ཐོན་མིའི་བཞད་སྒྲ》《སྙན་ངག་སྤྱི་དོན》《རྒྱ་རྩིས་གོ་དོན》《ཐོན་མིའི་ཞལ་ལུངསོགས་ཕྱག་རྩོམ་མང་བོ་ཞིག་མཛད།

དགུང་ལོ་ང་བདུན་པ་ཤིང་སྦྲུལ་ལོའི་བཅུ་བའི་ལྔ་མཆོད་ནས་སྐབས་མ་ཉེས་ཁ་གཡོག་གིས་བཙོན་དུ་བཅུག་སྟེ་ངལ་རྩོལ་བཅོས་བསྒྱུར་བྱས།  དགུང་ལོ་རེ་བདུན་པ་མེ་འབྲུག་སྟེ་སྤྱི་ལོ1976ལོར་བཙོན་གྲོལ་ཐོབ་སྟེ། ཁོང་གིས། བགྲང་བྱ་བདུན་ཕྲག་གཉིས་ཀྱི་བསྐལ་མུན་ལ། །མུན་སྟུག་གནས་སུ་འཕྱན་པའི་རྒན་བོ་བདག།ཉིན་བྱེད་སྟོང་འབར་རབ་དགའི་ཕོ་བྲང་རྩེར། །ཡུད་ཀྱིས་བྱིན་ལ་ལུས་ཅན་སུ་མི་དགའ། །ཞེས་གསུངས།

ས་རྟ་ལོ་སྤྱི་ལོ1978ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཕེབས་ནས་དགེ་སློང་མང་པོར་རིག་གནས་ལོ་རྒྱུས་སྐོར་གྱི་སློབ་ཁྲིད་རྒྱ་ཆེར་གནང་། ཕྱི་ལོ་ནས་ནུབ་བྱང་མི་རིགས་སློབ་གླིང་བོད་ཡིག་ཆེད་གཉེར་གྱི་ཞིབ་འཇུག་སློབ་མ་ཨང་དང་བོ་དེ་ཁོང་གི་སྐུ་དྲིན་ལས་འཛུགས་ཐུབ་པ་བྱུང་།བོད་ཀྱི་རིག་གནས་མེ་རོ་གསོ་བར་མཛད།

རིམ་བཞིན་ཀན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་གོ་མི་རིགས་སྐད་ཡིག་སློབ་ཚོགས་ཀྱི་ལས་འཛིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་པ།བོད་ལྗོངས་སྨན་རྩིས་ཁང་གི་མཚན་འཛིན་ཡོན་ཀྲང་བཅས་ཀྱི་འགན་བཞེས།

སྔ་ཕྱིར་བྱ་ཁྱུང་དང་བིས་མདོ། རེབ་གོང་སོགས་ཆོས་སྡེ་མང་བོར་ཞབས་ཀྱིས་བཅགས་ཏེ་དབང་ལུང་རྗེས་གསུང་གང་འདོད་དུ་གནང་། གསུང་ལས་སྐྱེས་པའི་སློབ་མ་ཡང་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ། གྲུབ་པ་ཆོས་པ་རིན་པོ་ཆེའི་ཡང་སྤྲུལ་འཇམ་དབྱངས་དགེ་འདུན་རྒྱ་མཚོ། བསེ་ཚང་བློ་བཟང་དཔལ་ལྡན་སོགས་བསྟན་འགྲོའི་མཛད་ཆེན་ཁུར་དུ་བཞེས་པ་མང་།

དགུང་ལོ་དོན་དྲུག་བཞེས་པ་རབ་རྒྱལ་ཤིང་གླང་ལོ་སྟེ་སྤྱི་ལོ1985ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་བཀའ་འགྱུར་གྱི་ལུང་གསུང་དུས་སྐུ་གཤེགས།

ཁོང་གི་ཕྱག་རྩོམ་ལ་གངས་ཅན་སྒྲ་རིག་པའི་བསྟན་བཅོས》《དག་ཡིག་ཐོན་མིའི་དགོངས་རྒྱན》《ཐོན་མིའི་བཞད་སྒྲ》《སྙན་ངག་སྤྱི་དོན》《རྒྱ་རྩིས་གོ་དོན》《ཐོན་མིའི་ཞལ་ལུང》《དན་ཏིག་དགོན་པའི་དཀར་ཆག》《བསྟན་རྩིས་ཀུན་བཏུསམདོ་སྔགས་གཉིས་ཀྱིས་བསྡུས་པའི་ནང་དོན་རིག་པ་དང་། རྣམ་ཐར། ལོ་རྒྱུས། བསླབ་བྱ། སྐར་རྩིས། སྙན་ངག སུམ་རྟགས་དག་གསུམ། ལཉྫདང་ཝ་རྟུའི་མ་ཕྱི་ལ་སོགས་པ་པོད་ཆེན་པོ་མི་རིགས་དཔེ་སྐྲུན་ཁང་ནས་་པར་དུ་བསྐྲུན་ཟིན། ད་དུང་གསུང་འབུམ་དུ་མ་འདུས་པ་བསྒྱུར་རྩོམ། རྒྱུ་སྐར་གྱི་འཇིག་རྟེན་ཞེས་པ་སོགས་བཞུགས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།