གུང་ཐང་འཇམ་པའི་དབྱངས་རྗེ་བཙུན་འཇིགས་མེད་བསྟན་པའི་དབང་ཕྱུག་དཔལ་བཟང་བོའི་རྣམ་ཐར་མདོར་བསྡུས།

ཡོང་ཁུངས།   ཨ་མཆོག་འཕྲིན་སྟེགས།     སྤེལ་དུས།  2016-12-18 16:21:38     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

 

54600b43d67b369cf166a122350995f.jpg

བདག་ཉིད་ཆེན་པོ་འདི་ཉིད་རབ་བྱུང་བཅོ་ལྔ་བའི་བགྲང་བྱ་ཐ་མ་ཟད་པ་མེ་སྟག་ལོར༼༡༩༢༦༽དགེ་བཅུའི་ལང་ཚོ་མཆོག་ཏུ་དར་ཞིང་། ཡ་རབས་དམ་པའི་ལུགས་སྲོལ་མཛེས་པ་ཡིད་དུ་འོང་བའི་ལྗོངས། མཛོད་དགེ་བཞག་སྡོམ་ཞེས་འབོད་པའི་སའི་ཆར་རིགས་རུས་ཕུན་སུམ་ཚོགས་པའི་ཡབ་འཇིགས་མེད་རྡོ་རྗེ་དང་ཡུམ་པད་དཀར་སྐྱིད་རྣམ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་སྐུ་བལྟམས་སོ།། ཁོང་གི་མཚན་ལ་ཀུན་གྱིས་གཉན་ཕུག་ཟེར་བས་དཔོན་ཚང་ལ་དཔོན་ཆེན་ཞིག་ཡོང་རྒྱུ་རེད་ཅེས་ཀུན་ལ་གྲགས་སོ།། བདག་ཉིད་ཆེན་པོ་འཁྲུངས་སྐབས་སུ་འོད་འཚེར་བ་དང་བྱང་ས་ལས་ལྷུམས་སུ་ཞུགས་པའི་ཚེ་འོད་འབྱུང་བ་སོགས་མཐའ་ཡས་པ་ཡོད།  

དགུང་ལོ་དྲུག་པ་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་ལྔ་བ་ལྕགས་མོ་ལུག་གི་ལོར་༼༡༩༣༡༽གུང་ཐང་བླ་བྲང་དང་། མཛོད་དགེ་དགོན་གྲོང་། ཁོ་ཚེ་དགོན་གྲོང་སོགས་སྐུ་རྩ་སྐུ་བདག་ཐུན་མོང་ནས་གུང་ཐང་སྐུ་འཕྲེང་ལྔ་བ་ཚང་གི་སྤྲུལ་སྐུ་ཐུགས་ཐག་གཅོད་དགོས་ཚུལ། སྐྱབས་མགོན་སྐུ་འཕྲེང་ལྔ་བ་༧ རྗེ་བཙུན་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་དཔལ་བཟང་བོར་ཞུས་པ་ལ་བརྟེན་ནས། ༧ གོང་ས་ལྔ་བ་ཆེན་པོས་ལོ་དེར་གུང་ཐང་སྐུ་འཕྲེང་ལྔ་བའི་ཡང་སྤྲུལ་འཁྲུལ་མེད་ངོས་འཛིན་མཛད། ལོ་དེའི་ཧོར་ཟླ་གསུམ་པའི་བཅོ་ལྔ་ལ། སྐྱོར་དཔོན་སྤྲུལ་བའི་སྐུ་དང་གུང་ཐང་དབོན་པོ་སྦྱིན་པ་མཛོད་དགེ་སོགས་ཀྱི་མི་བཅས་ཀྱིས་རྗེ་འདི་ལ་ན་བཟའ་སེར་བོ་གསོལ།

དགུ་བའི་ཉེར་གཉིས་ཉིན་སེར་སྐྱ་སྟོང་ཕྲག་ལྷག་གི་བསུ་མ་དང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གྲྭ་ཚང་མང་བོའི་དགེ་འདུན་པ་སྟོང་ལྷག་གིས་སེར་འཕྲེང་དང་བཅས་དགེ་ལྡན་བཤད་སྒྲུབ་དར་རྒྱས་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་ཆེན་པོ་འབྱོར། དེ་ནས་གུང་ཐང་བླ་བྲང་གི་དགེ་ལེགས་བདེ་ཡངས་སུ་ཁྲི་ཁར་བཞུགས་ནས་སེངྒེ་ཁྲི་ལ་མངའ་གསོལ་ཏེ་ལྷུན་ཆགས་པར་གྱུར་ཏོ།།

དགུང་ལོ་བདུན་པ་རབ་བྱུང་བཅུ་དྲུག་ཆུ་སྤྲེལ་ལོ་༼༡༩༣༢༽ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ལ་ཁོང་རྡོ་རྗེ་འཆང་༧ ཨ་ལགས་རིན་པོ་མདུན་ནས་བསྟན་པའི་གོ་རིམ་དང་མཐུན་པར་རབ་བྱུང་དང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས། བདག་ཉིད་ཆེན་པོ་འདིས་དགུང་ལོ་བདུན་ནས་དགུང་ལོ་བཅུ་དགུའི་བར་ལོ་བཅུ་གསུམ་ལ་ཨ་ལགས་རིན་པོ་ཆེའི་དྲུང་ནས་བཀའ་ཆོས་གསན་ཚུལ་ནི། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དང་། འཇམ་དབྱངས་དཀར་བོའི་ཆོས་སྐོར། དཔལ་ལྡན་ལྷ་མོ་དམག་ཟོར་གྱི་རྒྱལ་མོའི་བེའུ་བུམ་གྱི་སྐོར་སོགས་མཐའ་ཡས་པ་ཞིག་ཨ་ལགས་རིན་པོ་གསན་ཡིག་ལྟར་ཆ་ཚང་ཐོབ།

དགུང་ལོ་ང་ལྔ་བ་དྲག་པོ་ལྕགས་སྤྲེལ་ལོ༼༡༩༨༠༽ཧོར་ཟླ་གསུམ་པའི་བཅུ་དགུ་ལ་བཙོན་གྲོལ་ཐོབ་ནས་དཀར་འདོན་བྱེད་ཆེད་བཙོས་ལ་ཕེབས། དགུང་ལོ་རེ་དགུ་བ་ཤིང་རྟ་ལོ་༼༡༩༩༤༽ཧོར་ཟླ་དང་བོའི་ཚེས་གསུལ་ལ་བླ་བྲང་དགོན་པའི་གཞུང་གི་སྐུ་ཚབ་དུས་འཁོར་གྲྭ་ཚང་དང་། གྲྭ་ཚང་དྲུག བསང་ཁོག ཙ་ཡུས་སོགས་ཀྱི་མི་སྣ་མང་བོས་ལོ་སར་ཕུལ་ནས་མཇལ། དུས་འཁོར་གྲྭ་ཚང་གིས་དུས་འཁོར་དབང་ཆེན་གནང་རྒྱུའི་སྙན་གསན་ཡང་ཡང་ཕུལ་བའི་ལན་དུ་ལོ་འདིའི་ཟླ་དྲུག་པའི་ཚེས་གསུམ་ནས་ཚེས་དྲུག་གི་བར་དུས་འཁོར་དབང་ཆེན་གནང་རྒྱུ་ཡིན་ཞེས་གསུང་ལན་གནང་།

ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན་ཁྱུང་རྩེ་ཐང་ལ་ཕེབས། དུས་འཁོར་གྲྭ་ཚང་གིས་མདུན་བསུས་ནས་བཞུགས་གྲལ་ཚོགས། ཉེར་གཅིག་ཉིན་དུས་ཀྱི་འཁོར་ལོའི་དབང་གི་སློབ་མ་རྗེས་འཛིན་གནང་ཞིང་སྔོན་འགྲོའི་གསུང་བཤད་ཀྱི་སྐབས་སུ་བླ་མ་ལྔ་བཅུ་བའི་བཤད་ལུང་དང་སྦྲགས་ནས་གསུང་བཤད་རྒྱས་པ་གནང་། དྲུག་པའི་ཚེས་གསུམ་ཉིན་དུས་ཀྱི་འཁོར་ལོའི་དབང་གི་སྟ་གོན་གནང་ཞིང་སྔོན་འགྲོའི་གསུང་བཤད་ཀྱི་སྐབས་སུ་ཡོན་ཏན་གཞིར་གྱུར་མའི་ཁྲིད་དང་སྦྲགས་ནས་ངོ་མཚར་བའི་གསུང་བཤད་རྒྱས་པ་བསྩལ། ཚེས་བཞི་ལ་དུས་ཀྱི་འཁོར་ལོའི་བྱིས་པ་ལྟར་འཇུག་པའི་དབང་བདུན་བསྐུར་ལ། དབང་བདུན་པོ་འདིས་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་བསྒོམ་པ་ལ་དབང་བར་བྱས་ནས། ཚེས་ལྔ་ལ་གོང་མ་གོང་གྱི་དབང་བཞི་ཚན་གཉིས་བསྐུར་བས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྫོགས་རིམ་བསྒོམ་པ་ལ་དབང་བར་བྱས།

ཚེས་དྲུག་ལ་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་བསྐུར་བས། དུས་ཀྱི་འཁོར་ལོའི་རིམ་གཉིས་ཡོངས་རྫོགས་འཆད་སྤེལ་བྱེད་པ་ལ་ཡང་དབང་བར་བྱས་སོ།། དབང་གསན་མཁན་ཡང་བླ་མ་གསེར་ཁྲི་མཁན་པོ་ཧུ་ཐོག་ཐུ་སོགས་ཕྱོགས་སོ་སོ་ནས་ཕེབས་པའི་བླ་མ་བསྡོམས་པའི་སུམ་བརྒྱ་ལྷག་ཡོད་པར་གྲགས་ཤིང་། གྲྭ་མང་ཉིས་ཁྲི་ལྷག་ཡོད་པར་གྲགས་པ་དང་། སྐྱ་སེར་ཡོངས་རྫོགས་བསྡོམས་པའི་ཁྲི་ཕྲག་བཞི་བཅུ་ཞེ་ལྔ་ཡོད་པར་གྲགས་སོ།།དགུང་ལོ་དོན་གཉིས་པ་མེ་གླང་ལོ༼༡༩༩༧ལོ་དགའ་སྟོན་ཧྲིན་ཀྲིན་ནས་གནང་། ཚེས་གཅིག་ཉིན། སྡེ་ཁྲི་ཚང་གིས་ཚེ་དཔག་མེད་ཀྱི་སྐུ་བརྙན་དང་ཁ་དར་བཅས་ལོ་སར་ལ་ཕུལ། བླ་བྲང་དགོན་པའི་མི་སྣ་དང་། ཁོ་ཚེ་དགོན་གྲོང་གི་མི་སྣ་རྣམས་ཀྱིས་ལོ་སར་ཕུལ། ཚེས་བཅུ་གསུམ་ཉིན་ཁོང་གི་འཁྲུངས་སྐར་ཡིན་པས་བཞུགས་གྲལ་ཚོགས། ཧྲིན་གྲིན་སྲིད་གཞུང་གི་སྐུ་མགྲོན་དང་གཞན་པའི་མགྲོན་པོ་གལ་ཆེན་མང་བོས་འཁྲུང་སྐར་ལ་རྟེན་འབྲེལ་དང་ཁོང་གི་སྐུ་ཚེ་བརྟན་པའི་སྐབས་འཇུག་ཞུས།

དགུང་ལོ་དོན་ལྔ་བ་ལྕགས་འབྲུག་ལོ༼༢༠༠༠༽ལོའི་ཚེས་ཉེར་དྲུག་གི་ཐོ་རངས་ཀྱི་དུས་སུ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་དུ། བཀའ་དྲིན་སུམ་ལྡན་གྱི་བླ་མ་རྡོ་རྗེ་འཆང་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་སྨོས་ན༧ རྗེ་བཙུན་འཇིགས་མེད་བསྟན་པའི་དབང་ཕྱུག་དཔལ་བཟང་བོ་འདི་ཉིད། གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཉེ་བར་བསྡུས་པའི་ཚུལ་བསྟན་ནས་དཔའ་བོ་མཁའ་མགྲོའི་ཚོགས་ཀྱི་བསུ་བའི་བཀོད་པ་རྒྱ་ཆེན་པོ་དང་བཅས་མཁའ་སྤྱོད་དག་པའི་ཞིང་དུ་གཤེགས་སོ།

ཁོང་གི་རྣམ་ཐར་ཞིབ་ཕྲ་ཤེས་འདོད་ཚོས་གུང་ཐང་འཇམ་པའི་དབྱངས་རྗེ་བཙུན་འཇིགས་མེད་བསྟན་པའི་དབང་ཕྱུག་དཔལ་བཟང་བོའི་རྣམ་པར་ཐར་བ་དཔག་བསམ་ལྗོན་པར་གཟིགས་པར་འཚལ།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།