དགེ་བཤེས་བློ་བཟང་དམ་ཆོས་ཚང་མཚམས་སྦྱོར་མདོར་བསྡུས། (图文)

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-08-07 22:38:00     རྩོམ་པ་པོ།   སངས་རྒྱས་རྒྱ་མཚོ།    ཀློག་ཐེངས།  

   

373101530122325301.jpg

        རབ་འབྱམས་པ་བློ་བཟང་དམ་ཆོས་ཚང་ནི་མདོ་སྨད་ཕྱག་རྡོ་ཐང་གི་ཟན་གྲོན་གྲུ་ཀྱ་དགོན་པ་དང་ཅུང་ཟད་ཐག་ཉེ་བའི་ཧྲང་ཐང་སྡེ་བར་བོད་རབ་བྱུང་བཅོ་ལྔ་བའི་ཤིང་ཡོས༼སྤྱི་ལོ ༡༩༡༥༽ལོར་སྐུ་འཁྲུངས།      

        དགུང་གྲངས་བཅུ་གཉིས་ཐོག་སྐུ་འབུམ་ཁྲི་ཆེན་ཡང་ཀྱཱ་ཞབས་དྲུང་ངག་དབང་བློ་བཟང་ཚུལ་ཁྲིམས་ཕུན་ཚོགས་མཆོག་གི་མདུན་ནས་རབ་ཏུ་བྱུང་། སྐུ་འབུམ་སྨན་པ་གྲྭ་ཚང་གི་སྨན་རམས་པ་ཡེ་ཤེས་དང་།  སྨན་པ་གྲྭ་ཚང་གི་དབུ་མཛད་ཨ་ཁུ་བློ་བཟང་དཔལ་ལྡན་གཉིས་ཀྱི་གྲྭ་ཤག་ཏུ་བསྡད་དེ་ཁོང་གཉིས་ཀྱི་དབོན་པོ་བྱས། 

       སྐུ་འབུམ་མི་ཉག་མཁན་ཆེན་ངག་དབང་ལེགས་བཤད་རྒྱ་མཚོའི་མདུན་ནས་ཡི་གེ་འབྲི་ཀློག་དང་སྨོན་ལམ་ཆོས་སྤྱོད་རིགས་སློབ་སྦྱོང་དང་བློར་འཛིན་མཛད།  ཨོར་ཏུ་སུ་དགེ་བཤེས་དར་རྒྱས་ཚང་མཚན་ཉིད་དགེ་རྒན་དུ་བསྟེན། སྐུ་འབུམ་ཟླ་དཀར་བྱང་ཆུབ་བསྟན་པའི་རྒྱལ་མཚན་ཚང་གི་ཞབས་ཕྱི་བ་ལྟ་བུ་བྱས་ནས་མི་ཉག་མཁན་ཆེན་ཚང་གི་མདུན་ནས་སྐུ་འབུམ་དགོན་པའི་ཚོགས་འདོན་དང་།  རྒྱན་འཇུག  འགྲེལ་ཆུང་དོན་གསལ་སོགས་བློར་བཟུང་ཞིང་རྒྱུགས་སྤྲད། སྐུ་འབུམ་བཤད་སྒྲུབ་གླིང་གི་ཆོས་གྲྭར་ཞུགས་ནས་བསྡུས་གྲྭ་གསུམ་དང་རྟགས་རིགས་བར་དུ་སློབ་གཉེར་བྱས། 

        ཁོང་ཉིད་དགུང་ལོ་བཅུ་དྲུག་ཐོག་བོད་དབུས་གཙང་གི་ཕྱོགས་སུ་སློབ་གཉེར་དུ་འགྲོ་བའི་འདུན་པ་དྲག་པོ་སྐྱེས་ནས་གསང་སྟབས་ཀྱིས་བྲོས་བྱོལ་ཐེངས་མང་བྱས་ཀྱང་གོང་མ་ཨ་ཁུ་བློ་བཟང་དཔལ་ལྡན་གྱིས་སྐབས་དེར་འགྲོ་རུ་མ་བཅུག   དེའི་རྗེས་སུ་མི་ཉག་མཁན་ཆེན་ཚང་གིས་དེ་འདྲའི་སློབ་གཉེར་བྱེད་འདོད་ཀྱི་འདུན་པ་ཡོད་ན་དབུས་གཙང་དུ་སོང་ན་ཆོག་པའི་གསུང་གི་གནང་བ་ཐོབ་པ་དང་།  གོང་མ་ཨ་ཁུ་གཉིས་ཀྱང་འཐད་པ་བྱུང་ནས་འཚོ་བའི་མཐུན་རྐྱེན་གྱིས་རོགས་རམ་དང་བཅས་ལམ་འཇུག་བྱས། 

        དབུས་ཀྱི་སེ་ར་ཐེག་ཆེན་གླིང་གི་བྱེས་པ་གྲྭ་ཚང་དུ་ཚོགས་ཞུགས་གནང་།  སྐབས་དེར་ཧལ་ཧ་ཏ་ཁུ་རེ་དགོན་ཆེན་གྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བསྟན་དར་ཚང་ཡང་སེ་རའི་བསམ་བློ་ཁང་ཚན་དུ་བཞུགས་ནས་སློབ་གཉེར་བ་བརྒྱ་ཕྲག་མང་བོར་དཔེ་ཁྲིད་གནང་བཞིན་ཡོད་པ་དང་།  དགེ་བཤེས་བློ་བཟང་དམ་ཆོས་ཚང་ཡང་རང་དང་ཕ་ཡུལ་གཅིག་པའི་རྒན་སྐལ་བཟང་གི་ཤག་ཏུ་བསྡད།  རྒན་སྐལ་བཟང་ནི་དགེ་བཤེས་བསྟན་དར་ཚང་གི་ཕྱག་གཉེར་བ་ལྟ་བུ་ཡིན་པས་ཁོང་གཉིས་ཀའང་བསམ་བློ་ཁང་ཚན་དུ་རྒྱུན་སྡོད་བྱས། ཏ་ཁུ་རེ་དགེ་བཤེས་བསྟན་དར་ཚང་གིས་རྗེ་ཡབ་སྲས་མ་གཏོགས་དགེ་བཤེས་གང་ཡིན་ཁས་མི་ལེན་ཞིང་་རྟོག་གེ་མགོ་མཁྲེགས་ཅན་གྱི་དགེ་བཤེས་དུ་མ་ལུང་རིགས་ཀྱིས་ཚར་བཅད་པས་གྲགས་སྙན་ཆེ་ཟེར། རིགས་ཆུང་ཚོགས་ལངས་ལ་བཞེངས་ནས་རྩོད་པ་ངོ་མཚར་བ་གནང་།  སྐུ་འབུམ་ནས་ཁོང་གི་གོང་མ་ཨ་ཁུ་བློ་བཟང་དཔལ་ལྡན་སོགས་ཀྱིས་དངུལ་དང་དངོས་ཆས་གང་མཁོ་བསྐུར་གནང་མཛད། 

        ཁོང་གིས་ལོ་བཅུ་ལྷག་ལ་སེ་ར་བྱེས་པ་གྲྭ་ཚང་དུ་ཕར་ཕྱིན་དང་དབུ་མ། མཛོད་འདུལ་སོགས་ལ་སློབ་གཉེར་དཔྱིས་ཕྱིན་པ་གནང་།  དེ་ནས་ཕྱིར་སྐུ་འབུམ་དགོན་པར་ཕེབས་ནས་སོག་པོ་དགེ་བཤེས་ཧལ་བྷུ་རྡོ་རྗེ་ཚང་དགེ་རྒན་དུ་བསྟེན་ནས་སློབ་གཉེར་གྱི་འཕྲོ་བསྐྱངས།  སྐུ་འབུམ་དུ་བཞུགས་སྐབས་སེ་རའི་སོག་པོ་དགེ་བཤེས་བསྟན་དར་ཚང་དང་གཉེར་བ་སྐལ་བཟང་གཉིས་ཀྱིས་སླར་ཡང་དབུས་གཙང་དུ་ཡོང་དགོས་ཞེས་གསུང་འཕྲིན་དང་སྐད་བསྐུར་ཐེངས་འགའ་བྱས་ཀྱང་དབུས་གཙང་དུ་ཕེབས་མ་ཐུབ། མི་ཉག་མཁན་ཆེན་ཚང་ལ་ཡར་དབུས་གཙང་དུ་འགྲོ་རྒྱུའི་སྐྱབས་འཇུག་ཞུས་ཀྱང་འགྲོ་རུ་མ་བཅུག  ཅུང་མ་འགོར་བར་དབུས་ནས་ཆོས་གྲོགས་བསྟན་པ་ཆོས་འཕེལ་སྐུ་འབུམ་དུ་སླེབས།  དབུས་སུ་ལྷ་སའི་གཞུང་དམག་དང་སེ་ར་བྱེས་པ་གྲྭ་ཚང་གཉིས་བར་མི་འོས་པའི་ཟིང་འཁྲུགས་བྱུང་པ་དང་།  ཁོང་གི་ལུས་སྟེང་གི་རྨ་སྒྲོས་སོགས་བསྟན་ནས་ད་སྐབས་དབུས་སུ་འགྲོ་བ་ལས་གདན་ས་འདིར་བསྡད་ན་མི་ཉག་མཁན་ཆེན་ཚང་དང་ཨ་ལགས་བློ་ཁོ་རིན་པོ་ཆེ་སོགས་པའི་དབང་བཀའ་ཆོས་རེ་ཉན་བཞིན་དགེ་ཕྲུག་འགའ་རེར་དཔེ་ཁྲིད་རེ་བྱས་ན་བཟང་ཚུལ་བཤད་པས་དབུས་ཕྱོགས་ལྷ་སར་འགྲོ་མ་ཐུབ།  ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེ་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་མཆོག་གིས་འཇམ་དབྱངས་སྒར་བ་ནས་བཀའ་ཆོས་གནང་སྐབས་མཆོད་དཔོན་ཆེན་མོའི་ཞབས་ཕྱི་བ་དང་མཆོད་གཡོག་ཐེངས་ཁ་ཤས་བྱེད་པའི་སྐལ་བ་བཟང་བོ་ཧལ་ཧ་ཞབས་དྲུང་དང་དགེ་བཤེས་བློ་བཟང་དམ་ཆོས་གཉིས་ལའང་ཐོབ།  ཨ་ལགས་བླ་ཁོ་རིན་པོ་ཆེས་གསར་འཛུགས་གནང་བའི་དུས་འཁོར་སྒྲུབ་མཆོད་ཆེན་མོ་སྐུ་འབུམ་གསེར་སྡོང་སྟེང་ནས་འཚོགས་སྐབས་ཆོག་གྲྭ་བ་ཚང་མ་བླ་མ་སྤྲུལ་བའི་སྐུ་ཤ་སྟག་ཡིན་པ་དང་། གྲྭ་བ་དགེ་བཤེས་ཁོ་གཅིག་བུ་དེ་དག་གི་གྲས་སུ་བཞག་པ་ཡིན། 

        ལྷ་ས་ནས་སྐུ་འབུམ་དུ་ཕེབས་པ་ནས་བཟུང་ཅུང་མ་འགོར་བར་དགེ་ཕྲུག་སྐྱོང་བའི་ཁུར་བླངས།  ཚོགས་ཆོས་གྲྭ་ཆག་མེད་དུ་ཕེབས་ཤིང་སློབ་གཉེར་བ་རྣམས་ལ་བློ་རྟགས་དང་ཕར་ཕྱིན་སོགས་ཀྱི་དཔེ་ཁྲིད་གནང་། སྐབས་རེར་དགེ་བཤེས་ཁོང་ཉིད་ཀྱང་དཔེ་ཁྲིད་དང་འཕྲོས་པ་སོགས་ལ་ཕེབས། སྐབས་ཤིག་སྒོ་མེ་རྒོད་རྩེ་རི་ཁྲོད་དུ་ཕེབས་ནས་འཇིགས་བྱེད་བསྙེན་པ་སོགས་ལ་བཞུགས། 

         སྒོ་མེ་མཆོད་རྟེན་སྐེ་དགོན་པའི་སྨན་པ་ཨ་ཁུ་ངག་དབང་བསྟན་འཛིན་སོགས་ལ་བློས་བསླངས་ཀྱི་སྐོར་དང་། ཐིག་རྩ་སོགས་ཁྲིད།  རྒོད་རྩེ་རི་ཁྲོད་ནས་མེ་ཏོག་བཅུད་ལའང་བཞུགས་ཤིང་རི་ཁྲིད་དེར་ལོ་ཕྱི་ནང་ལྔ་ལ་བཞུགས།  སྒོ་མེ་མཆོད་རྟེན་སྐེ་དགོན་པའི་གྲྭ་མང་ལ་བཀའ་ཆོས་ཅི་རིགས་གནང་བ་དང་།  རི་ཁྲོད་དེར་རབ་བྱུང་དང་བསྙེན་རྫོགས་ཐེངས་ཁ་ཤས་བསྒྲུབས། 

        རབ་བྱུང་བཅུ་དྲུག་པའི་མི་ཁྱི་༼སྤྱི་ལོ ༡༩༤༦༽ ལོར་ཨ་ལགས་བླ་ཁོ་རིན་པོ་ཆེ་ཚང་སྐུ་འབུམ་དུ་ཕེབས་པའི་དྲུང་ནས་དུས་འཁོར་དབང་ཆེན་དང་མི་ཏྲ་བརྒྱ་རྩའི་དབང་། རྡོ་རྗེ་ཕྲེང་བའི་དབང་།  སྒྲུབ་ཐབས་རིན་འབྱུང་གི་རྗེས་གནང་། འགྲེལ་བ་དོན་གསལ།   གཟུངས་གཞུག་གི་ཁྲིད་སོགས་ཆོས་བཀའ་ཇི་སྙེད་ཅིག་གསན་བསམ་མཛད། 

         པཎ་ཆེན་རིན་པོ་ཆེའི་ཡོངས་འཛིན་བསང་ཁོག་དགེ་བཤེས་འཇིགས་མེད་རྒྱ་མཚོའི་ཞབས་ཀྱི་མདུན་ནས་འཇིགས་བྱེད་ཀྱི་དབང་དང་གསང་འདུས་ཀྱི་དབང་། བདེ་མཆོག་གི་དབང་སོགས་དང་། དེ་དག་གི་བསྐྱེད་རྫོགས་ཀྱི་ཁྲིད་ཡང་ལེགས་པར་ཐོབ།

         སྐུ་འབུམ་དུ་བཞུགས་སྐབས་བཤད་སྒྲུབ་ཟུང་དུ་འབྲེལ་བའི་སྒོ་ནས་སྨྱུང་གནས་དང་གུང་ཚིགས་ཆག་མེད་གནང་བ་དང་། སྐུ་འབུམ་མི་ཉག་མཁན་ཆེན་ཚང་གི་མཆོད་དཔོན་གྱི་འགན་ཁུར་ནས་ཆོས་བཀའ་གང་གསུང་ཐམས་ཅད་གསན་བཞེས་གནང་།  མི་ཉག་མཁན་ཆེན་ཚང་གི་མདུན་ནས་བཀའ་འགྱུར་གྱི་ལུང་དང་རྗེ་ཡབ་སྲས་ཀྱི་གསུང་འབུམ་གྱི་ལུང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ་གྱི་ལུང་སོགས་ཐོབ།  མི་ཉག་མཁན་ཆེན་ཚང་དགེ་བཤེས་བློ་བཟང་དམ་ཆོས་ཚང་གི་བཀའ་དྲིན་གསུམ་ལྡན་གྱི་བླ་མ་ཡིན་གསུངས།  བླ་བྲང་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་བ་བརྩོན་འགྲུས་རྒྱ་མཚོའི་མདུན་ནས་སྔགས་ཀྱི་རྒྱུད་སྡེ་བཞིའི་སྡོམ་ཚིག་དང་སྒྲ་རིག་པ་སོགས་གསན།  མི་ཉག་མཁན་ཆེན་ཚང་གིས་བཀའ་གནང་བ་ལྟར་དགེ་བཤེས་ཁོང་ཉིད་ཀྱིས་སློབ་གཉེར་བ་འགའ་ལ་སྔགས་ཀྱི་དཔེ་ཁྲིད་ཀྱང་གནང་། 

        རབ་བྱུང་བཅུ་དྲུག་པའི་ཤིང་རྟ༼ སྤྱི་ལོ ༡༩༥༤༽ ལོར་དགེ་བཤེས་ཁོང་ཉིད་དང་དགེ་ཕྲུག་བསྟན་འཛིན་འོད་ཟེར་གཉིས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་པཎ་ཆེན་ཡོངས་འཛིན་རྗེ་བཙུན་འཇིགས་མེད་རྒྱ་མཚོར་མཇལ་ཞིང་འཇིགས་བྱེད་ཀྱི་བསྐྱེད་རིམ་རྫོགས་རིམ་སོགས་ཆོས་རྒྱུན་དུ་མ་གསན་བཞེས་གནང་། 

         རབ་བྱུང་དྲུག་པའི་ཤིང་ལུག་མྱོས་བྱེད་ཅེས་པ༼ སྤྱི་ལོ ༡༩༥༥༽ ལོར་སྐུ་འབུམ་བྱམས་པ་གླིང་གི་མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་སྨོན་ལམ་རབ་འབྱམས་པའི་མཚན་བཏགས་བཞེས་ཤིང་མང་ཇ་དང་འགྱེད་སོགས་གཏོང་སྒོ་བཏང་ནས་དགེ་བཤེས་ཀྱི་མཚན་བཏགས་བླངས། 

         དེ་ནས་བཟུང་དབྱར་གནས་ཆེན་མོ་དང་སྔགས་ཀྱི་དམ་བཅའ་ལ་ཆོས་གྲྭར་ཕེབས་པ་མ་གཏོགས་དུས་རྒྱུན་སློབ་མ་རྣམས་ལ་གཞུང་བཀའ་པོད་ལྔའི་དཔེ་ཁྲིད་སྩོལ་བཞིན་བཞུགས། དགེ་བཤེས་ཁོང་ཉིད་ཀྱིས་གསེར་ཏོག་སྒར་བའི་བཀའ་འགྱུར་གཡར་ནས་བཀའ་འགྱུར་ཞིབ་ཀློག་ཐེངས་གཅིག་གནང་གསུངས།

        དེ་ནས་ས་ཁྱི་༼ སྤྱི་ལོ ༡༩༥༨༽ ལོ་ནས་བཟུང་སངས་རྒྱས་ཀྱི་བསྟན་པ་པ་ཉམས་རྒུད་དུ་ཕྱིན་པའི་མགོ་བཙུགས་ཤིང་།  ཐོག་མར་སྐུ་འབུམ་དགོན་པའི་བླ་གྲྭ་ཡོངས་ལ་སྲིད་ཇུས་དྲིལ་བསྒྲགས་དང་ཚོགས་འདུའི་རིམ་པ་མང་དུ་འཚོགས།  དེ་ཅུང་མ་འགོར་བར་སྲིད་ཇུས་ཇེ་སྡུག་དང་། སྒྲིག་ལམ་ཇེ་བཙན་དུ་བཏང་ནས་རང་ལུས་རང་ལ་མི་དབང་བའི་དུས་ཚོད་སླེབས། སྐབས་དེར་སྐུ་འབུམ་ནས་བླ་གྲྭ་མང་བོ་དང་ལྷན་དུ་ཟི་ལིང་གི་བཙོན་ཁང་དུ་ཕེབས།  ཉིན་རྒྱུན་ངལ་རྩོལ་བསྒྱུར་བཀོད་དང་སྲིད་ཇུས་གསར་བའི་ཚོགས་འདུ་མང་དུ་འཚོགས། བཙོན་ཁང་དུ་ལོ་གསུམ་བཞུགས་ཤིང་དེའི་རྗེས་སུ་ཚ་འདམ་གཞུང་དུ་འཁྲིད།  སྒོ་མེ་བར་ཝོན་ཏིང་ཀྱ་ཨ་ལགས་དང་མཉམ་ངལ་རྩོལ་ཚད་ལས་བརྒལ་བ་བྱས། 

        དེ་ནས་རང་ཡུལ་དུ་ཕེབས་ཏེ་སྡེ་བའི་ར་ལུག་འཚོ་བའི་རྫི་བོ་བྱས།  སྡེ་བའི་མགོ་ཁྲིད་ཀྱིས་ཞྭ་གོན་གྲོས་སུ་བཞག    རྫི་བོ་བྱེད་ཞོར་དུ་རིལ་མའི་གྲངས་ཀ་བླངས་ནས་བཟང་སྤྱོད་སྨོན་ལམ་འབུམ་ཐེར་གཅིག་གསུངས།  སྐབས་དེར་མཚན་མོ་གསང་སྟབས་ཀྱིས་དད་ལྡན་ཁྱིམ་ཚང་ཁ་ཤས་ཀྱི་ཁྱིམ་དུ་ཕེབས་ནས་སྐུ་རིམ་ཡང་གསུངས།  ཁོང་གི་སྐྱེས་ཡུལ་དུ་སྲིད་ཇུས་དང་སྒྲིམ་ལམ་ཧ་ཅང་བཙན་པ་དང་། ཇ་འཐུང་ཕྱོགས་ལའང་དཀའ་ངལ་ཁག་ཆེ་བས་དགེ་བཤེས་ཁོང་གི་སློབ་བུ་ཨ་ཁུ་བསྟན་འཛིན་འོད་ཟེར་གྱིས་མཚོ་སྔོན་རིག་སྨོན་གཞུང་དུ་གདན་དྲངས། 

        བསྟན་པ་ཡང་དར་གྱི་སྐབས་སུ་སྐུ་འབུམ་བྱམས་ལ་གླིང་དུ་ཕེབས་ནས་ཚོགས་ཆོས་གྲྭར་རྒྱུན་དུ་ཕེབས་ཤིང་གྲྭ་བ་གསར་བ་འགའ་ལ་སྐྱབས་ཁྲིད་དང་།  བསྡུད་གྲྭ་སོགས་དཔེ་ཁྲིད་བྱེད་པའི་མགོ་བཙུགས།  སྐབས་སྔ་ཕྱི་ཞིག་ལ་སྒོ་མེ་ལྷ་ཁང་ཐང་གི་གསང་སྔགས་བདེ་ཆེན་དགོན་དང་།  ཆུ་ནག་དགོན་པའི་གྲྭ་བ་འགའ་ལ་འཇིགས་བྱེད་བསྙེན་ཆེན་གྱི་ཁྲིད་དང་། འདོན་ཆོག་གི་དབྱངས་རྟ་སོགས་བསླབ།  དགེ་བཤེས་ཁོང་ཉིད་དཀྱིལ་འཁོར་སོ་སོའི་ཐིག་རྩ་དང་བློས་བསླངས་བཞེངས་ཚུལ་ལ་ཧ་ཅང་མཁས་གསུངས། 

        སྐུ་འབུམ་དུ་དགེ་བཤེས་ཁོང་གིས་ཨ་ལགས་ཡང་ཀྱཱ་ཚང་དང་སློབ་མ་མང་བོར་བྱང་ཆུབ་ལམ་རིམ་ཆེན་མོ་དང་། སྔགས་རིམ་ཆེན་མོ།  འཇིགས་བྱེད་བསྐྱེད་རིམ་དང་རྫོགས་རིམ་གྱི་ཁྲིད་སོགས་བསྩལ།  སློབ་མ་རྣམས་ལ་སྐབས་སུ་གང་བབས་ཀྱི་གཞུང་གི་དཔེ་ཁྲིད་རྒྱུན་པར་གནང་། 

        རབ་བྱུང་བཅུ་དྲུག་པའི་ཤིང་བྱ ༼ སྤྱི་ལོ  ༡༩༨༤༽ ལོའི་ཧོར་ཟླ་བརྒྱད་པའི་ཚེས་དགུའི་ཉིན་ཡར་ནང་ཆོས་གྲྭར་སྐུ་འབུམ་དགོན་པའི་སྔོན་གྱི་བླ་སྤྲུལ་དུ་མ་དང་དགེ་བཤེས་རྙིང་བ་བཅུ་ཕྲག་གཅིག་ལ་ཉེ་བ་དང་གྲྭ་བ་གསར་བ་མང་བོ་ཚིགས་པའི་དབུས་སུ་སྔོན་ཆད་མཁས་དབང་དམ་པ་ཨ་ཀྱཱ་བློ་བཟང་ལུང་རྟོགས་འཇིགས་མེད་བསྟན་པའི་རྒྱལ་མཚན་མཆོག་གིས་སླར་གསོ་གནང་བའི་སྔགས་ཀྱི་དམ་བཅའ་ཆེན་མོ་དེ་སླར་ཡང་འཇོག་པའི་སྲོལ་བཏོད་ནས་དགེ་བཤེས་ཁོང་གིས་སྔགས་ཀྱི་དམ་བཅའ་ཉིན་གཉིས་ལ་བཞག   སྐུ་འབུམ་དགོན་པའི་བླ་སྤྲུལ་ཁ་ཤས་དང་།  དགེ་བཤེས་ཆོས་གྲོགས་རྣམས་ལ་གུང་ཚིགས་དྲངས།  བསྟན་པ་ཡང་དར་སྐབས་དགེ་བཤེས་ཁོང་གིས་མཁན་པོ་གནང་ནས་རབ་བྱུང་བསྙེན་རྫོགས་མང་དུ་བསྒྲུབས།  དགེ་བཤེས་ཁོང་ཉིད་ཀྱི་སློབ་མ་ཡང་ཨ་ལགས་ཡང་ཀྱཱ་བློ་བཟང་ཐུབ་བསྟན་བཤད་སྒྲུབ་ཚང་དང་། དགེ་བཤེས་བྱང་ཆུབ་དོན་གྲུབ།  ལྷ་རམས་པ་བཀྲ་ཤིས་རྒྱ་མཚོ་སོགས་མང་ངོ་། །  

         དགེ་བཤེས་ཁོང་ཉིད་དགུང་གྲངས་དོན་བཞི་བ་རབ་བྱུང་བཅུ་བདུན་པའི་ས་འབྲུག་༼ སྤྱི་ལོ ༡༩༨༨༽ ལོའི་ཟླ་དྲུག་པའི་ཚེས་ཉེར་བདུན་ཉིན་སྐུ་འབུམ་དུ་སྐུ་གཤེགས་སོ། །  
         དགེ་བཤེས་ཁོང་གི་གསུང་རྩོམ་གྱི་སྐོར་ལ། སྐུ་འབུམ་མི་ཉག་སྒར་བའི་གླེགས་བམ་གྱི་དཀར་ཆག ༼འདི་ད་སྐབས་སུ་ཞིག་ལ་ལག་ཏུ་ཡོད་པ་རྩད་མ་ཆོད། ༽ མཆོད་རྟེན་བརྒྱད་ཀྱི་ཐིག་རྩ།  ཟབ་མོ་དབུ་མའི་ལྟ་བ་ཡིད་ལ་བྱ་ཚུལ་ཉུང་བསྡུས།  རྟེན་འབྲེལ་ལུང་རིགས་བང་མཛོད་ལས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་མཚན་ཉིད་སོགས་ཟུར་དུ་བཀོལ་པ།  རགས་པ་ཉེར་ལྔའི་ཐིམ་རྟགས་དང་རླུང་རྒྱུ་ཚུལ་སོགས་སྔགས་ཀྱི་སྐོར།  དབུ་མའི་རྩོད་པའི་སྐོར་སོགས་ཆོས་ཚན་ཐོར་བུ་ཐོར་བུ་འགའ་རེ་ཡོད་པ་རྣམས་དེང་རབས་ཀྱི་འབྲི་དེབ་ཅིག་གི་སྟེང་དུ་ཁོང་གིས་ཕྱག་བྲིས་གནང་ཡོད་དོ། ། 

                                             རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།
གསལ་འདེབས།                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།