རྣལ་འབྱོར་གྱི་དབང་ཕྱུག་ལྕང་སྐྱ་རིན་པོ་ཆེའི་མཛད་རྣམ་མདོར་བསྡུས་དད་པའི་འཛུམ་ཟེར།(图文)
སྒྲིབ་བྲལ་འཇམ་དབྱངས་མཁྱེན་པའི་ཡེ་ཤེས་རྡུལ། །
རབ་འབྱམས་མཁའ་རུ་རྩེན་པའི་འོད་སྟོང་ཅན། །
ཐུབ་བསྟན་པད་མོ་དར་ཞིང་རྒྱས་པའི་གཉེན། །
བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མར་འདུད།།
ཅེས་མཆོད་པར་བརྗོད་པས་མདུན་བསུས་ཏེ་འབྲོག་རི་བོ་དགེ་ལྡན་པའི་མཁས་བཙུན་བཟང་གསུམ་གྱི་ངེས་དོན་སྐྱེས་མཆོག་ཆེན་པོ་ཟབ་ལམ་རྣལ་འབྱོར་རོལ་བའི་ཁྱུ་མཆོག་༧དཀར་མོ་ཚེ་མཚམས་པ་༧ ་རྗེ་ལྕང་སྐྱ་རིན་པོ་ཆེ་མཆོག་གི་རྣམ་པར་ཐར་བ་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་ཞིག་འགོད་པར་བྱེད་པ་ལ། ཁོང་ནི༡༩༡༩ལོར་མཚོ་སྔོན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྒོམ་མེ་བ་ཝོ་རུ་སྐུ་འཁྲུངས་དེ་ཡང་སྤྱིར་ལྕང་སྐྱ་ཞེས་པར་རེབ་གོང་ལྕང་སྐྱ་དང་དཔལ་མཆོག་སྟག་སྐོར་དུ་ལྕང་སྐྱ་ཟེར་བ་བཅས་བཤད་པ་གཉིས་ཡོད་ཀྱང་ཕྱི་མར་འབྲེལ་ཆེ་བར་རྣམ་ཐར་ལས་གསུངས།༡༩༣༠ལོར་ཁོང་གི་དགེ་རྒན་ཨ་ཁུ་བདེན་པ་བློ་བཟང་འོད་ཟེར་ཚང་གིས་ཁྲིད་དེ་མཚམས་ཐོག་དཀར་མོ་དགོན་པར་ཕེབས་ཏེ་སྐུ་ཕྱོགས་ཨོའུ་རྒྱ་རྡོ་རྗེ་འཆང་ཚང་ལ་མཇལ་བར་སོང་དུས་ཁོང་གི་ཐུགས་ཤིན་ཏུ་དགྱེས་པའི་ངང་འདི་ང་ལ་གནོང་ཁྱེད་ཀྱི་གྲྭ་རྒྱུན་སྟོང་བཞག་པ་ལས་ང་འདི་ལ་དགའ་བོ་ཡོད་ཅེས་གསུངས་ནས་དཀར་མོ་དགོན་པའི་གྲྭ་རྒྱུན་ཐོག་མ་བྱས།
དེ་ནས་བཟུང་སྤྱན་གྱི་འབྲས་བུ་བཞིན་གཅེས་པར་བསྐྱངས། རབ་བྱུང་སྒྲུབ་སྟེ་མཚན་ལ་མཁན་པོའི་མཚན་ཟུར་དང་སྐུ་ཕྲེང་སྔོན་མའི་མཚན་ཟུར་གཉིས་བསྲེས་ཏེ་འཇམ་དབྱངས་ཤེས་རབ་དར་རྒྱས་ཞེས་གསོལ། ཁོང་དགུང་ལོ་བཅུ་དྲུག་བཞེས་སྐབས་དགེ་རྒན་ཐུགས་རྗེ་ཅན་ཨ་ཁུ་བདེན་པ་སྐུ་གཤེགས། སྐུ་གཤེགས་ཁར་ཐ་མའི་ཞལ་ཆེམས་མང་བོ་བཞག་ཀྱང་གནད་བསྡུས་ན་གྲྭ་སར་སོང་ནས་དཔེ་ཆ་གཟིགས་རྒྱུ་དེ་ཡིན། ཁོང་གིས་ཀྱང་དེ་ཐུགས་ལ་ལྕི་བར་བཟུང་ནས་ལྷ་ས་དང་བླ་བྲང་གང་ལ་འགྲོ་དགོས་པར་བསམ་བློ་ཡང་ཡང་བཏང་། སྐུ་ཕྱོགས་༧ ཨོའུ་རྒྱ་རྡོ་འཆང་གི་མདུན་ནས་བདེ་གསང་འཇིགས་གསུམ་སོགས་རྒྱུད་སྡེ་མང་པོའི་དབང་རྗེས་གནང་དང་རྒྱལ་དབང་འཇམ་དཔལ་ཞལ་ལུང་། བྱང་ཆུབ་སྤྱོད་འཇུག་སོགས་བཀའ་ཆོས་མང་བོའི་རྒྱུན་གསན།
༡༩༣༨ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས། ༧ བླ་ཁོ་རྡོ་རྗེ་འཆང་ཚང་ལ་ཐོག་མར་ཆོས་འབྲེལ་ཞུས་ཏེ་རྟ་མགྲིན་གསང་སྒྲུབ་དང་། ཡེ་ཤེས་ཁྱུང་ཁྲའི་རྗེས་གནང་། རྗེ་བཙུན་མི་ལའི་མགུར་འབུམ་ཆེ་ཆུང་གི་ལུང་ཐོབ་འདི་ནི་ལུང་རྒྱུན་ཤིན་ཏུ་དཀོན་པ་ཞིག་རེད་དཔྱིད་ཆོས་ཆེན་མོར་ཚོགས་ཆོས་གྲྭ་ལ་ཞུགས་ཁྲི་བས་གནང་བའི་དགེ་རྒན་བློ་བཟང་མཐའ་ཡས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་འགོ་ཁ་དོག་དཀར་དམར་ནས་བསྡུས་གྲྭ་ལོ་བཞི་རིང་བློ་འཛིན་སྐྱོར་སྦྱངས་རྩོད་པ་དོགས་གཅོད་དཔེ་ཁྲིད་སོགས་གང་ཐད་ནས་རྩེར་སོན་བྱུང་། དེ་ལྟར་དཔེ་ཁྲིད་དང་འཕྲོས་པ་མ་ཆད་དོན་རྒྱུགས་ཚིག་རྒྱུགས་ལོ་རེ་བཞི་རེ་རྒྱུགས་ཐུང་བཅས་མ་འཕྲོད་པ་མེད་ཅིང་གཙོ་བོ་གྲྭ་བའི་ཁྲིམས་ཡག་པོ་བསྲུངས། དགེ་རྒན་ཐུགས་རྗེ་ཅན་ཨ་ཁུ་ལྷ་མོ་ཚུལ་ཁྲིམས་མཆོག་གི་མདུན་ནས་རྗེའི་ལམ་སྔགས་གཙོ་བྱས་ལམ་སྔགས་ཀྱི་སྐོར་མཐའ་ཡས་པ་དང་ཐིག་རྡུལ་ཚོན་མན་ངག་ཕྱག་ལེན་ཚུན་ཆད་ཐོབ་པ་ཙམ་མ་ཡིན་པར་གང་ངེས་མཛད།
སྔོན་དཀར་མོ་དགོན་དུ་ཨ་ཁུ་དཀོན་མཆོག་ཆོས་གྲགས་ཚང་གི་མདུན་ནས་སུམ་རྟགས་དག་གསུམ་སྙན་ངག་དང་བཅས་མཁས་པར་སྦྱང་བས་དག་ཆ་ཡོད་པ་དང་ཡི་གེ་དཀར་ནག་ཀུན་བྲིས་བྱང་ཡོད་པས་ཁོང་གི་གསུང་རྩོམ་མང་བོ་འབྲི་རོགས་དང་དྲུང་ཡིག་པའི་འགན་བཞེས་ཤིང་ཁོང་གིས་ཀྱང་ཨ་ལགས་གསེར་ལག་ཅན་ཅན་མིན་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར།ཨ་ལགས་བདེ་ཚང་ལས་བཀའ་འགྱུར་གྱི་ལུང་ཆ་ཚང་གིས་མཚོན་པའི་གསུང་འབུམ་པོད་སུམ་བརྒྱ་ལྷག་གི་ལུང་ཐོབ།༧ བླ་ཁོ་རྡོ་རྗེ་འཆང་ཚང་གི་མདུན་ནས་གཙོ་བོ་དབང་རྗེས་གནང་སྐོར་མང་དུ་གསན། མདོར་ན་ཐིག་རྡུལ་ཚོན་མན་ངག་ཕྱག་ལེན་དཀྱིལ་འཁོར་བྲི་སྒྲུབ་རབ་གནས་སྦྱིན་སྲེག་ཚུན་ཆད་ཐོབ་པ་ཙམ་མ་ཡིན་པར་གང་ངེས་མཛད།བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕར་ཕྱིན་དམ་བཅའ་བཞག་ཅིང་། གཞུང་པོ་ཏི་ལྔ་དང་གསང་སྔགས་རྒྱུད་སྡེ་དང་བཅས་པ་ལ་ཐོས་བསམ་རྡོ་རུས་ཐུག་པ་མཛད།ཞོར་དུ་སྒྲིབ་སྦྱོང་གི་གནད་དུ་བསམ་ནས་གསེར་ཁང་ཆེན་མོ་ཚོགས་ཆེན་འདུ་ཁང་དུས་འཁོར་ལྷ་ཁང་ཇོ་ཁང་སོགས་སུ་ཕྱག་འབུམ་ཐེར་མང་བོ་དང་སྐོར་ཚད་མང་དུ་བླངས། ངག་གི་ཉེས་ལྟུང་འདག་པའི་ཆེད་དུ་མཛོད་རྩ་དང་མཛོད་སྡོམ་སོགས་བློ་ལ་བྱང་བར་བཟུང་ནས་ཚར་མང་ལྷག་སྐྱོར་སྦྱངས་གནང་།
དེ་ནས་བཟུང་བློ་འགྱུར་ཏེ་དབེན་པའི་རི་ཁྲོད་ཞིག་ཏུ་གནད་དུ་སྨིན་པའི་སྒོམ་སྒྲུབ་རེ་བྱེད་སྙམ་པ་རྒྱུན་ཏུ་ཐུགས་ལ་ལྕི་བར་བཟུང་།༡༩༦༠ལོའི་ཟླ་གཉིས་པའི་ཉི་ཤུ་ནས་ཁུག་མ་ཆུང་ཆུང་ཞིག་གི་ནང་ན་རྩམ་པ་རྒྱ་མ་ལྔ་དྲུག་ཙམ་དང་། ཇ་སེར་ཉུང་ཙམ་ཡོད་པ་ཁྱེར་སྐོལ་བྱེད་རྫ་ཁོག་ཅིག་ཡོད་པ་ཡང་བཟུང་བྷོ་རྭའི་མཁར་ལུང་གི་རི་རྩེ་སྔོན་ཀིརྟི་བློ་བཟང་འཕྲིན་ལས་ཀྱི་བཞུགས་གནས་ཆེས་དབེན་པའི་གནས་དེར་ཉིན་རེར་རྩམ་ཁེགས་གང་གིས་འདང་ཐུབ་བྱས་ཏེ་འཆི་བར་ཐག་བཅད། འཆི་བའི་ཚེ་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན་པས་ཆོས་ལ་སྒོམ་སྒྲུབ་གཤའ་མ་ཞིག་བྱེད་དགོས་པས་ཇི་ལྟར་བྱས་ཞེ་ན་རྗེའི་ལམ་རིམ་ཆེན་མོ་ལས་གསུངས་པ་ལྟར་འགོ་སྐྱབས་འགྲོ་སེམས་བསྐྱེད་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ནས་མཇུག་མི་སློབ་པའི་ཟུང་འཇུག་ཐོབ་པའི་བར་གྱི་ལམ་གྱི་རིམ་པ་ཆ་ཚང་བར་ཉམས་ལེན་དང་བག་ཆགས་ཅི་ཐེབས་ཀྱིས་ཤར་སྒོམ་དང་དཔྱད་སྒོམ་འཇོག་སྒོམ་གྱིས་ཉིན་མཚན་དུས་འདའ་བར་བྱས་ཏེ་ཟླ་བ་ཕྱེད་དང་གཉིས་ལ་བསྒོམས། ལམ་རིམ་ཆེན་མོ་མདུན་དུ་ཞལ་ཕྱེས་ནས་དམིགས་རིམ་མི་གསལ་བའི་ཚེ་འདོན་པ་དང་བསམ་སྒོམ་དུས་མཉམ་དུ་བྱས། དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་པ་ལས་རྒྱུ་འབྲས་སྡུག་བདེན་འཁོར་བའི་ཉེས་དམིགས་ཀུན་འབྱུང་འཁོར་བའི་འཇུག་རིམ་སྡུག་བདེན་སྤངས་པས་འགོག་པ་མངོན་དུ་བྱེད་ཚུལ་ལམ་རིག་པ་སྒྲུབ་པ་ངེས་འབྱིན་གྱི་ཉམས་ལེན་གྱིས་བདེན་བཞིའི་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་རྒྱུད་དང་འདྲེས་ངེས་ཀྱིས་གོམས་པ་ཡང་ཡང་བཏང་སྟེ་མཁར་ལས་ཀྱི་རྨང་གཞི་ལྟ་བུར་ཐུན་མོང་ལམ་གྱི་སྦྱང་བྱ་སྔོན་དུ་བཏང་ནས་ཐེག་པ་ཆེན་པོའི་ལམ་གྱི་གཞུང་ཤིང་སེམས་བསྐྱེད་ཕྱིན་དྲུག་བསླབ་གསུམ་བསྡུ་བཞི་སོགས་ལ་བློ་ཆེས་ཆེར་སྦྱངས་པར་མ་ཟད་བྱང་ཆུབ་སེམས་དཔའི་རྩ་བ་དང་ཡན་ལག་གི་དམ་ཚིག་དང་འགལ་བའི་ཉེས་ལྟུང་བསྔོ་བགྲངས་བྱས་ཏེ་སྒོ་གསུམ་དྲག་པོས་བཤགས་སྡོམ་མཛད།རྗེ་བླ་མ་གྲུབ་པའི་རྣལ་འབྱོར་བ་འདི་ཉིད་ཀྱིས་གང་ཉམས་སུ་བླང་བྱའི་གསང་བ་སྔགས་ཀྱི་ཆོས་སྐོར་ནི་རྣལ་འབྱོར་བླ་མེད་རྒྱུད་ལ་ཕ་རྒྱུད་མ་རྒྱུད་གཉིས་སུ་ཡོད་པ་ལས་རྣལ་འབྱོར་མའི་རྒྱུད་དེ་ལ་རྒྱུད་དུང་ཕྱིར་ཕྲག་གཅིག་དང་བྱེ་བ་ཕྲག་དྲུག་གསུངས་པ་ལས་དཔལ་བདེ་མཆོག་འཁོར་ལོ་ཡབ་ཡུམ་གྱི་རྩ་བ་དང་བཤད་པའི་རྒྱུད་ཀྱི་དགོངས་པ་བསྐྱེད་རྫོགས་སུ་བསྒྲིགས་པ་རྣམས་ཡིན།
སྤྱི་ལོ༢༠༡༠ལོའི་ལུགས་རྙིང་ཟླ་བཅུ་གཅིག་པའི་ཟླ་སྨད་དུ་ཁོང་གི་སྐུ་ཅུང་མི་བདེ་བའི་ཚུལ་བསྟན། སྐབས་དེ་དག་ཏུའང་ཉམས་བཞེས་གནང་། ཟླ་བཅུ་གཉིས་པའི་ཚེས་༢༦ཉིན་དགོངས་པ་ཆོས་ཀྱི་དབྱིངས་སུ་གཞོལ།
མདོར་ན་རྗེ་བླ་མ་ཁོང་གིས་བྷོ་རྭའི་མཁར་ལུང་དུ་ཟླ་དྲུག་རྒན་གྱའི་བྲག་དཀར་དུ་ཟླ་བརྒྱད་གནས་མཆོག་དཀར་མོ་དགོན་རྫོང་རྩེ་གསང་བའི་ཕུག་པ་རུ་མི་ལོ་ཉི་ཤུ་རྩ་བརྒྱད་རིང་ཟུང་འཇུག་གསང་བ་ཆེན་པོའི་ཉེ་ལམ་དཔལ་རི་བོ་དགེ་ལྡན་པའི་སྙན་བརྒྱུད་གདམས་པ་ཟབ་མོ་བླ་མའི་རྣལ་འབྱོར་ལམ་གྱི་སྲོག་ཏུ་བྱས་ཏེ་པཎ་གྲུབ་ནཱ་རོ་བས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལས་དངོས་སུ་གསན་པའི་གདམས་པ་བར་མ་ཆད་པ་རྩ་བའི་བླ་མ་༧ ་ ཨོའུ་རྒྱ་རྗེ་འཆང་འཇམ་དབྱངས་མཁྱེན་རབ་དཔལ་བཟང་དང་རྗེ་བཙུན་འོད་ཟེར་ཆེན་པོ་ལ་ཐུག་པའི་བར་གྱི་མན་ངག་དངོས་བརྒྱུད་ལྟ་བའི་ལྷད་མ་ཞུགས་པ་དམ་ཚིག་གི་བསྲེ་ལྷད་མེད་པ་མདོ་སྔགས་སྤྱི་དང་ཁྱད་པར་བདེ་མཆོག་འཁོར་ལོ་ལུ་ཨུ་བ་དང་དམར་ཆེན་མཁའ་སྤྱོད་དབང་མོའི་རྣལ་འབྱོར་ལ་རང་སྣང་བན་བུན་ཙམ་མ་ཡིན་པར་དང་བོར་ཐོས་པའི་སྒྲོ་འདོགས་བཅད་བར་དུ་བསམ་པའི་ངེས་པ་དྲངས་ཐ་མར་རྗེ་བླ་མ་ཙོང་ཁ་བ་ཆེན་པོའི་ལམ་སྔགས་དང་ཁ་ལྷན་ཏུ་སོང་བ་དང་སྦྲགས་སྒོམ་པའི་ཉིན་མཚན་སྦྲེལ་ཏེ་འདུ་འཛི་དང་སེམས་འདོད་པའི་རྣམ་རྟོག་གིས་དབེན་ཅིང་ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་རྣམ་པར་གཡེང་བ་མི་འབྱུང་བའི་གནས་མཆོག་དཀར་མོའི་བསམ་གཏན་རྫོང་རྩེ་གསང་ཕུ་རུ་སྐུ་ཚེ་ཧྲིལ་བོར་འདོད་ཆུང་ཆོག་ཤེས་དང་གཉོམ་ཆུང་ཚུལ་མཐུན་གྱི་སྒོ་ནས་རྗེ་བླ་མའི་རྣམ་ཐར་ཁོ་ན་བདག་གིར་བཞེས་ཏེ་ཐོས་བསམ་སྒོམ་སྒྲུབ་ཡ་མ་བྲལ་བར་ཟུང་འཇུག་གསང་བ་ཆེན་པོའི་ཉེ་ལམ་བསྒྲུབ་སྟེ་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་ས་བཅུའི་མཉམ་བཞག་གི་སྐྱིལ་ཀྲུང་མ་བཤིག་པར་ཟུང་འཇུག་རྗེ་འཆང་གི་གོ་འཕང་མངོན་དུ་གྱུར་པའི་ངེས་དོན་རྣལ་འབྱོར་རོལ་བའི་ཁྱུ་མཆོག་ཅིག་གོ།
རབ་འབྱམས་རྒྱལ་ཀུན་འདུས་པའི་བདག་ཉིད་དུ། །
མོས་གུས་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །
དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་བོའི་བར། །
འབྲལ་མེད་ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ། །
སརྦ་མངྒ་ལཾ།
རྣམ་ཐར་གནང་མཁན་སྐུ་བོའུ་སྤྲུལ་མིང་བ་འཇམ་དབྱངས་ཤེས་རབ་བློ་འཕེལ།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn