མཁས་གྲུབ་ཆེན་པོ་རྗེ་བཙུན་སྨོན་ལམ་རྒྱ་མཚོའི་རྣམ་ཐར་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2016-05-21 08:25:52     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

         

56c2b86b43cced3330865df3f9bbe4d3.jpg


        སྙིགས་མའི་དུས་ཀྱི་ཉེ་བའི་འཁོར་གཉིས་པ་མཁས་གྲུབ་ཆེན་པོ་རྗེ་བཙུན་སྨོན་ལམ་རྒྱ་མཚོ་དཔལ་བཟང་བོ་ནི་རབ་བྱུང་བཅོ་ལྔའི་ཆུ་མོ་ཕག་ལོར་(སྤྱི་ལོ༡༩༢༣)ནང་སོག་ཆ་ཧར་ཁི་སི་བྱར་ཞེས་བྱ་བར་སོག་པའི་རིགས་སུ་ཡབ་དམ་ཆོས་དང་ཡུམ་ལྷ་མོ་གཉིས་གྱི་སྲས་སུ་འཁྲུངས། ཆུང་དུས་ནས་རང་བཞིན་གསོང་ཞིང་དྲང་ལ་ལྷན་སྐྱེས་ཀྱི་ཤེས་རབ་རྒྱས་པ་སོགས་མཐོ་རིས་ཀྱི་ཡོན་ཏན་བདུན་གྱིས་བརྒྱན་པར་གྱུར་ཅིང་མཚན་བཟོད་པ་རྒྱ་མཚོར་གསོལ། 
        དགུང་ལོ་བརྒྱད་སྟེང་ཅོ་ནེའི་དགོན་ཆེན་གྱི་ལྷ་རམས་ཨ་ལགས་མ་རྟ་ཞེས་བརྟན་མཁས་གཉིས་ལྡན་གྱི་འདུལ་བ་འཛིན་པ་ཆེན་པོ་དེའི་ཞལ་སྔ་ནས་ད་ཆོག་ཉེས་མེད་ཕུན་ཚོགས་ཀྱི་སྒོ་ནས་རབ་བྱུང་དང་དགེ་ཚུལ་དཀྱུས་གཅིག་ཏུ་བསྒྲུབས་ཤིང་མཚན་ལ་བློ་བཟང་སྨོན་ལམ་གསོལ། 
        དེ་ནས་སོག་པའི་ཁི་བེ་བྱར་གྱི་དགོན་པར་ཞུགས་ནས་ཧལ་ཧ་བཀའ་བཅུ་བསྟེན་ཏེ་བསྡུས་གྲྭ་ནས་དོན་བདུན་ཅུའི་བར་སྦྱངས། དོན་བདུན་ཅུའི་མཐའ་དཔྱོད་དང་པོ་ཏི་ལྔའི་རྩ་བ་སོགས་གཞུང་ཆེན་མང་བོ་ཐུགས་འཛིན་གནང་། 
དགུང་ལོ་ཉི་ཤུ་ནས་ཉེར་གསུམ་བར་དུ་སྐུ་འབུམ་བྱམས་པ་གླིང་དུ་ཚོགས་ཞུགས་མཛད་དེ་བརྩོན་པ་བསྐྱེད་དེ་བསྡུས་གྲྭ་དང་ཚད་མར་སྦྱངས། དགུང་ཉེར་གསུམ་སྟེང་མདོ་སྔགས་རིག་པའི་འབྱུང་གནས་དཔལ་ལྡན་བཀྲ་ཤིས་འཁྱིལ་བར་ཕེབས་ནས་དཔལ་ལྡན་བཀྲ་ཤིས་འཁྱིལ་བའི་ཚོགས་དང་ཆོས་གྲྭར་བསྡུས་གྲྭ་ནས་ཞུགས་སྟེ་རྟག་གུས་ཀྱི་བརྩོན་པ་རྒྱ་ཆེན་པོ་བསྟེན་ཏེ་སློབ་གཉེར་གནང་།
        དགུང་ལོ་ཉེར་ལྔའི་སྟེང་ཡོངས་ཀྱི་དགེ་བའི་བཤེས་ཆེན་མོ་ལྷ་མོ་ཚུལ་ཁྲིམས་རྒྱ་མཚོ་ལས་བསྙེན་པར་རྫོགས། ཡོངས་ཀྱི་དགེ་བའི་བཤེས་ཆེན་མོ་ལྷ་མོ་ཚུལ་ཁྲིམས་རྒྱ་མཚོ་དང་རིགས་པའི་སེང་ཆེན་དམེ་ཤུལ་འཇིགས་མེད། རིགས་པ་སྨྲ་པའི་དབང་བོ་སོག་པོ་བསྟན་འཛིན་སོགས་བསྟེན་ཏེ་སློབ་གཉེར་གནང་གཞུང་བཀའ་པོད་ལྔ་དང་རྒྱུད་སྡེ་བཞི་སོགས་ཐུན་མོང་མ་ཡིན་པའི་རིག་གནས་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་བྱས་ཤིང་ཞོར་དུ་སོག་པའི་ཡི་གེ་དང་ལེགས་སྦྱར་གྱི་སྒྲ་དང་བོད་གངས་ཅན་པའི་སུམ་རྟགས་དང་སྙན་ངག་བཅས་ཐ་སྙད་རིག་གནས་སོགས་ལ་སྦྱངས།
        རྗེ་དེ་ཉིད་ཀྱི་ཞལ་སྔ་ནས་དང་རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོ། དགེ་བའི་བཤེས་གཉེན་ཆེན་མོ་བདེ་ཐང་རིན་པོ་ཆེ།མདོ་སྔགས་བསྟན་པའི་མངའ་བདག་གུང་ཐང་བསྟན་པའི་དབང་ཕྱུག་སོགས་ལས་སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད། རྒྱབ་བརྟེན་ལུང་བཅས་བུམ་པ་གང་བྱོའི་ཚུལ་དུ་གསན།
        ཚོགས་གླེང་དང་འཛིན་གྲྭ་གཏུག་སོགས་སུ་ཞི་ཞིང་དུལ་བས་ངང་ནས་རིགས་འཕྲུལ་གྱི་འཁོར་ལོ་བསྐོར་བ་ན་རིགས་པར་བྱང་བར་རློམ་པའི་རྟོག་གེ་མགོ་མཁྲེགས་སུས་ཀྱང་གླགས་མི་ཁེལ་བས་རིགས་པ་སྨྲ་བའི་རྒྱན་དུ་གྱུར་པ་ཡིན་ཏེ་དཔེར་ན་གཙང་པཎྚིཏའི་ཡོངས་འཛིན་འཇམ་བསྟན་དང་མཉམ་དུ་ཚོགས་གླེང་གནང་དུས་རྗེ་འདི་བས་བདག་མེད་ཕྲ་མོ་རྟོགས་མ་ཐག་པའི་མཉམ་བཞག་ཡེ་ཤེས་ཀྱི་རྒྱུན་དུ་གྱུར་པའི་ཁམས་གསུམ་སར་གཏོགས་ཀྱི་རྟོག་བཅས་རྟོག་མེད་ཀྱི་བློ་གཉིས་ཀ་རང་རྒྱུད་ལ་སྐྱེ་ཁ་མ་དང་སྐྱེས་མ་ཐག་པའི་འཕགས་པའི་ང་ལ་དམིགས་པའི་འཇིག་ལྟའི་དངོས་གཉེན་ཟག་མེད་ས་དགུའི་གཞལ་བྱ་ལ་བདག་མེད་ཕྲ་མོ་གཉིས་ཡོད་མེད་དང་ཀྱེ་རྡོར་རྡོ་རྗེ་འཛིན་པ་དཔའ་རིས་བྱམས་པ་དང་ལྷན་དུ་འདུལ་བའི་ཚོགས་གླེང་དུ་གསོ་སྦྱོང་ཡིན་ན་ཆོས་མིན་འདོན་པ་བཞི་དང་བྲལ་པས་ཁྱབ་མ་ཁྱབ་དང་སྨྲ་བའི་སེང་ཆེན་རྗེ་འཇམ་དབྱངས་རྒྱ་མཚོ་དང་མཉམ་དུ་ཚོགས་གླེང་དུ་ལྔ་ཚན་དང་ལྡན་ན་ལྔ་ཚན་གྱི་བཅས་བ་དང་ལྡན་པས་ཁྱབ་པའི་ཕྱིར་ཞེས་སོགས་ལུང་རིགས་རྨད་དུ་བྱུང་བས་བརྒལ་བརྟག་གནང་བར་རིགས་པའི་སེང་ཆེན་དེ་དག་གིས་ཀྱང་ལུང་རིགས་དང་འགའ་བའི་དམ་བཅའ་དུ་མ་གནང་དགོས་བྱུང་བ་སོགས་སྙན་པའི་གྲགས་པ་གཟུར་གནས་དག་གི་མགྲིན་པར་ཆགས། 
བཀའ་རམས་སྐྱོར་དཔོན་ལོ་གཉིས་ལ་གནང་ཞིང་རྒྱུད་སྟོད་པར་གསང་སྔགས་རྒྱུད་སྡེ་བཞི་ལ་སྦྱངས་ཏེ་སྔགས་ཀྱི་དམ་བཅའ་ཐོན། མདོ་སྔགས་རབ་འབྱམས་ལ་མངའ་བརྙེས་ནའང་ཞི་ཞིང་དུལ་ལ་འདོད་ཆུང་ཆོག་ཤེས་ཀྱིས་བཞུགས། ཆོས་གྲྭའི་དམ་བཅའ་སོགས་སུ་ཁྱབ་མཐའ་སོགས་འཕངས་ན་དེ་མུར་ངེས་པ་རྙེད་ནའང་རྟོག་གེའི་ང་རྒྱལ་གྱི་དབང་དུ་མི་འགྲོ་བ་དམ་པའི་ངང་ཚུལ་འབའ་ཞིག་ལ་གནས་པར་མཛད། 
        ང་བརྒྱད་སྐབས་སོག་པོ་ནས་ལེན་དུ་ཡོང་བས་ཕྱིར་སོག་པོར་ཕེབས། རིག་གནས་གསར་བརྗེའི་སྐབས་སུ་ཕྱུགས་རྫི་ལྟ་བུར་བྱས་ཏེ་དཔེ་གཟིགས་དང་དགེ་སྦྱོར་ལ་བོགས་ཐོན་པར་མཛད་ཅིང་ཁོང་གི་ཞལ་ནས་ངས་ཉིན་དཀར་རི་དང་མཚན་མོ་ཡུལ་ནས་ཁ་བཏོན་དཔེ་བལྟས་སོགས་བྱེད་ཆོག་བྱུང་ཞིང་དཔེ་ཆ་དང་ཕྲེང་བ་སོགས་གཞན་གྱིས་མཐོང་ཡང་སུས་ཀྱང་ངན་སྨྲས་བྱས་པ་མེད། ཚོགས་འདུ་སོགས་ལའང་འགྲོ་མ་དགོས་ཤིང་ཉེ་དུ་མང་བའི་རྐྱེན་གྱིས་ཟ་མའང་དཀའ་ངལ་མ་བྱུང་བས་དེ་དུས་ཐམས་ཅད་ཀྱིས་བསགས་པའི་ལས་ངན་དེ་ངས་བསགས་མེད་པ་འདྲ་གསུངས།
         ༡༩༩༠ལོར་རྗེ་འཇམ་དབྱངས་བློ་བཟང་བསྟན་དར་དཔལ་བཟང་བོས་ཀུན་མཁྱེན་མཆོག་སྤྲུལ་རིན་པོ་ཆེར་ཞུས་ཏེ་གནང་བ་བཞིན་ཀླུ་ཚང་དགོན་གྱི་དགེ་རྒན་དུ་ཕེབས་པ་ནས་བསྡུས་གྲྭ་ནས་བཀའ་རམས་བར་གྱི་འཛིན་གྲྭ་དག་ལ་རེས་མོས་ཀྱིས་དཔེ་ཁྲིད་ལྷུར་བླངས་ཤིང། ནམ་ཁོམ་ལ་དཔེ་གཟིགས་དང་ཚོགས་བསགས་སྒྲིབ་སྦྱོང་ཁོ་ནར་ཆིག་དྲིལ་གནང་། 
རྗེ་འཇམ་དབྱངས་བསྟན་དར་གྱི་ཐུགས་དགོངས་ཇི་བཞིན་ཁོང་གིས་རྒྱུན་དུ་དགོན་འདིའི་དགེ་རྒན་རྣམ་པས་གཙོས་སློབ་གཉེར་བ་རྣམས་དཔེ་ཁྲིད་ལས་གནང་ཞིང་འདིར་ཀླུ་ཚང་དགོན་འདིར་དབྱར་གནས་ཚོགས་གླེང་དང་། འཛིན་གྲྭ་གཏུགས། ཚད་ཕར་གྱི་རབ་འབྱམས་དམ་བཅའ་སོགས་ཚུགས་ཤིང་དམ་བཅའ་དང་ཚོགས་གླེང་སོགས་ལ་ཞིབ་ཏུ་གཟིགས་ནས་ང་ཡོང་ནས་འདིར་དཔེ་ཁྲིད་བྱས་པ་དོན་ཡོད་འདུག འདིའི་རིགས་ལམ་དང་རྩོད་པ་བཀྲ་ཤིས་འཁྱིལ་བ་ཇི་བཞིན་རེད་ཅེས་ཐུགས་དགྱེས་པ་ཆེན་པོ་གནང་། 
        བར་སྐབས་སུ་ཨ་ཚོགས་དགོན་པར་ཕེབས་ཏེ་ལམ་རིམ་བདེ་ལམ་དང་སྡོམ་གསུམ་བསླབ་བྱ་གྲུབ་མཐའ་རིན་ཕྲེང་སོགས་ཀྱི་དཔེ་ཁྲིད་དང་བླ་བྲང་དུ་ཕེབས་ཐེངས་རེར་དེ་རུ་མཛོད་དང་དགེ་འདུན་ཉི་ཤུའི་ཁྱབ་མཐའ་སོགས་མཛུབ་ཁྲིད་དང་སྔ་རྗེས་སུ་རང་དགོན་དུ་ཀུན་མཁྱེན་འཇམ་དཔལ་ཞལ་ལུང་གི་ཁྲིད་སོགས་ཁྲིད་དང་བཤད་ལུང་། ལུང་སོགས་གང་འདོད་དུ་གནང་བ་དང་བསྒྲུབ་བྱ་དུ་མ་དགེ་ཚུལ་སློང་གི་དངོས་པོའང་གནང་། 
        དམ་པ་འདི་ཉིད་འདོད་ཆུང་ཆོག་ཤེས་དང་གཉོམ་ཆུང་ཞི་དུལ་གྱི་ཚུལ་ནི་གཞན་གྱིས་བློས་མི་དཔོག་པ་ལྟ་བུ་ཡིན། ཀླུ་ཚང་དགོན་དུ་ཕེབས་པ་ནས་གཤེགས་ཁའི་བར་དུ་གཞུང་གི་འཛིན་གྲྭ་ཚང་མར་སྐབས་བསྟུན་གྱིས་གཞུང་བཀའ་པོད་ལྔ་དང་རྒྱུད་སྡེ་བཞི་ལ་སོགས་པ་དཔེ་ཁྲིད་གནང་བ་ལས་གཞན་ཉིན་མཚན་ཁོར་མོ་ཡུག་ཏུ་དཔེ་གཟིགས་དང་ཐུགས་དམ་ཉམས་ལེན་ལ་གཞོལ།ཁྱད་པར་འགྲོ་འདུག་སྤྱོད་གསུམ་མཐའ་དག་ཆོས་འདུལ་བའི་བཅས་པ་ཇི་བཞིན་བསྐྱངས་ཏེ་ཕྱི་འདུ་འཛིས་དབེན་པ་དང་ནང་རྣམ་རྟོག་གིས་དབེན་པའི་བཀའ་གདམས་པའི་རྣམ་ཐར་འབའ་ཞིག་ལྷུར་བཞེས་མཛད། 
ཁོང་དགུང་ལོ་དོན་བརྒྱད་བཞེས་པ་རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་འབྲུག་ལོའི(སྤྱི་ལོ༢༠༠༠ལོ)ཧོར་ཟླ་བཅུ་བའི་ཚེས་གསུམ་ལ་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ནས་དགོངས་པ་ཆོས་དབྱིངས་སུ་ཐིམ།
        ཁོང་གིས་བསྐྱངས་པའི་སློབ་མ་ཡང་རྙེ་དགོན་བཤད་སྒྲུབ་དར་རྒྱས་དགེ་འཕེལ་གླིང་གི་རིགས་པ་སྨྲ་བ་མཐའ་དག་སྟེ། དེ་ལ་མདོ་སྔགས་རིག་གནས་དང་བཅས་པར་ནང་བྱན་ཆུད་ཅིང་བསྟན་པའི་གསོས་སུ་གྱུར་པ་ཡེ་ཤེས་ཟླ་བ། འབའ་བརྩོན་འགྲུས་རྒྱ་མཚོ།  རུ་མང་བསམ་གཏན་་རྒྱ་མཚོ་སོགས་མང་དུ་བཞུགས་པ་མ་ཟད།  དཔལ་ལྡན་འབྲས་དཀར་སྤུངས་པའི་ལྷ་རམས་པ་འཇམ་དབྱངས་བསྟན་དར་དང་།ལྷ་རམས་པ་སོ་ནག་ཆོས་འཕེལ། ལྷ་རམས་པ་བློ་བཟང་ཆོས་འཕེལ་སོགས་བསྟན་པའི་ཁུར་ཆེན་འདེགས་པའི་སྐྱེས་བུ་དམ་པ་མང་དུ་བཞུགས་སོ།། 

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།