ཡོངས་ཀྱི་དགེ་བའི་བཤེས་གཉེན་རྗེ་དགེ་འདུན་རྒྱ་མཚོའི་རྣམ་ཐར་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2016-05-20 23:00:23     རྩོམ་པ་པོ།   ཀུན་བཟང་རྒྱ་མཚོ།    ཀློག་ཐེངས།  

        དགེ་འདུན་སྙན་བརྒྱུད་ཀྱི་གདམས་པའི་སྙན་བརྒྱུད་གཏེར་མཛོད་རྗེ་དགེ་འདུན་རྒྱ་མཚོ་ནི།ལ་མོ་བདེ་ཆེན་དགོན་པའི་ཉེ་འདབས་ཞྭ་ཁྲ་སྡེ་བའི་དཔོན་ཚང་དུ་ཡབ་ནེ་ཙོ་དང་ཡུམ་ཇོ་གཞིས་གཉིས་ཀྱི་སྲས་སུ་སྤྱི་ལོ༡༩༠༥ལོ་སྐུ་བལྟམས།

        དགུང་ལོ་་བདུན་སྟེང་ལ་མོ་བདེ་ཆེན་དགོན་པའི་ཆོས་སྒོར་ཞུགས། དགེ་བའི་བཤེས་གཉེན་ཆེན་པོ་དགའ་ལྡན་ལྷ་རམས་པ་རྗེ་བློ་བཟང་དགེ་འདུན་མཆོག་གིས་དྲུང་ནས་རབ་བྱུང་དང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་མནོས། མཚན་ལ་དགེ་འདུན་རྒྱ་མཚོ་ཞེས་གསོལ། 
ཆོས་རྗེ་བློ་བཟང་བསྟན་པ་རིན་པོ་ཆེ་མཆོག་གི་ཞབས་ལ་གཏུགས་ཏེ་དགོན་སྡེ་འདིའི་ཡིག་ཆ་ཀུན་མཁྱེན་འཇམ་དབྱངས་པཞད་པའི་གསུང་་རབ་དགོངས་་འགྲེལ་ཀྱི་བསྟན་བཅོས་དག་ལ་ཐོས་་བསམ་མཛད་པ་དང་ཞར་ལ་འདོན་ཆོས་སྤྱོད་སོགས་ལ་བསླབ། གཞུང་ལུགས་་རྒྱ་མཚོར་ཐོས་པ་་་འཚོལ་བ་ལ་དུས་རྒྱུན་རྣམ་གཡེང་དང་ལེ་ལོ་མི་བྱེད་པར་ཐུགས་བརྩོན་ཆེ་ཞིང་ཤེས་རབ་ཤིན་ཏུ་ཆེ་བས།རིགས་པའི་་རྣམ་དཔྱོད་ཀྱི་ཡོན་ཏན་ཀུན་ལས་མངོན་་པར་མཐོ་བ་བྱུང་། 
        དེ་ལྟར་ཚེ་རབས་སྔོན་མར་དམ་པའི་ཆོས་་ཀྱི་བདུད་རྩི་མྱངས་པའི་སྐལ་ལྡན་འཕྲོ་ཅན་གྱི་འབྲས་རྟགས་ཀྱི་མཚན་མ་མངོན་པར་གསལ་བ་ལ། ཆོས་རྗེ་བློ་བཟང་བསྟན་པ་མཆོག་གིས་སྐྱབས་རྗེ་བླ་ཁོ་རིན་པོ་ཆེ་ལ་ཐུགས་ལ་འདོགས་དགོས་ཀྱི་གསུང་བསྐུལ་དང་བཅོལ་པ་གདམས་བྱས་ཏེ་རྗེ་འདིའི་དྲུང་དུ་མངགས། དུས་དེ་ནས་བཟུང་སྐྱབས་རྗེ་བླ་ཁོ་རིན་པོ་ཆེ་མཆོག་གིས་བརྩེ་བའི་ཐུགས་ཀྱིས་བསྐྱངས་ཏེ་སྐུ་འདས་རག་བར་དུ་འབྲལ་མེད་ལྷན་དུ་བཞུགས།
        མདོ་སྔགས་གཞུང་ལུགས་ཀུན་ལ་གསན་སྦྱོང་རྒྱ་ཆེར་མཛད། ཁྱད་པར་དུ་སྐྱབས་རྗེ་བླ་ཁོ་རིན་པོ་ཆེའི་ཞལ་སྔ་ནས་མདོ་སྔགས་གཉིས་ཀྱི་དབང་ལུང་མན་ངག་རྗེས་གནང་གང་ཞིག་་གནང་སྐབས་སུ་མཆོད་དཔོན་གྱི་འགན་བཞེས་མཛད། དེ་ལྟར་དམ་པ་འདི་ཉིད་ཀྱི་དབང་་་ལུང་ཐམས་ཅད་ཀྱི་རྒྱུན་དང་ཕྱག་ལེན་ཐམས་ཅད་བྱང་ཆུབ་པར་ཐུགས་ལ་མངའ་བར་བྱས། 
        ད་ལྟའི་དུས་ཀྱི་བླ་བྲང་བཀྲ་་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་མཐའ་དག་ཁོང་གི་ཞབས་ལ་གཏུགས་ཏེ་དབང་ལུང་མན་ངག་གི་ཁྲིད་རྒྱུན་རྣམ་པར་དག་པ་ཐམས་་ཅད་དམ་པ་འདི་ཉིད་ཀྱི་བློ་གྲོས་ཀྱི་བང་མཛོད་ལས་བླངས་པ་ཤ་སྟག་ཡིན་པས་བཀའ་དྲིན་རྒྱ་མཚོ་ལས་གཏིང་ཟབ།
       བར་སྐབས་ཞིག་ལ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་དགུ་བ་མཚོ་རྒྱ་ཡུལ་ལ་ཕེབས་ཞོར་དུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་ཀུན་མཁྱེན་རིན་པོ་ཆེའི་བླ་བྲང་དུ་ཉིན་ཞག་ཁ་ཤས་ལ་བཞུགས་པ་དང་མཇལ། དུས་དེར་ཁོང་གིས་ཀུན་སློང་རྣམ་པར་དག་པའི་རྩིས་ཟིན་པའི་སྒོ་ནས་ཀུན་གཟིགས་རིན་ཆེ་པོ་བཞུགས་སའི་གཟིམས་ཁང་གི་འཁྲིས་སུ་བཞུགས་ནས་རྗེ་རིན་པོ་ཆེས་མཛད་པའི་དབུ་མ་དགོངས་པ་རབ་གསལ་ཡོངས་སུ་རྫོགས་པ་སྨྲ་བརྗོད་དག་ཅིང་དལ་བྲེལ་རན་པའི་ངང་ནས་ཐུགས་སྐྱོར་གནང་སྟེ་བླ་མ་དམ་པ་ཐུགས་དགྱེས་པའི་མཆོད་སྤྲིན་དུ་ཕུལ། 
        དེའི་ཕྱི་ཉིན་དྲུང་འཁོར་པ་ཞིག་འོངས་ནས་ཀུན་གཟིགས་རིན་པོ་ཆེ་མཆོག་གིས་སྐུ་མདུན་དུ་འབྱོན་དགོས་ཀྱི་གསུང་བསྐུར་གསེར་སྙན་དུ་ཞུས། སྐུ་མདུན་དུ་བཅར་པ་ལ་རིན་པོ་ཆེ་ཤུགས་དགྱེས་པའི་ངང་ནས་་གོས་ཕྲུག་སོགས་བྱ་དགའ་གྱ་ནོམ་པ་གནང་པ་དང་སློབ་གཉེར་ལ་ལྷོད་གཡེངས་མི་གནང་པར་ཧུར་ཐག་བྱ་དགོས་པའི་སྐོར་གྱི་བཀའ་སློབ་བཀའ་དྲིན་བསྩལ།
        སྐབས་ཞིག་ནས་ཕྱིར་རང་དགོན་ལ་མོ་བདེ་ཆེན་ལ་ཕེབས་ལ་མོ་གྲགས་རྒན་སྐུ་ཕྲེང་དྲུག་པ་རྗེ་འཇམ་དབྱངས་ལུང་རིགས་རྒྱ་མཚོ་སོགས་སྡེ་འདིར་བཞུགས་པའི་བླ་སྤྲུལ་དང་དགེ་འདུན་པ་རྣམས་ལ་སྐབས་སུ་གང་བབས་ཀྱི་དཔེ་ཁྲིད་གནང་སྟེ་རེ་ཞིག་གྲགས་རྒན་བླ་བྲང་དུ་རྒྱུན་བཞུགས་ལྟ་བུ་གནང་།
        རྨ་ཆུ་ཆག་ཝ་མའི་བེ་ཤིང་དགོན་པའི་གདན་ཞུས་ལྟར་ཕེབས་ནས་ཁོ་ཚོའི་འདོད་པ་ཇི་བཞིན་གསུང་ཆོས་དང་དཔེ་ཁྲིད་སོགས་ཟབ་རྒྱས་ཆོས་ཀྱིས་གདུལ་བྱ་ཚིམ་པར་བྱས། 
        སྤྱི་ལོ༡༩༥༨ལོར་མ་ཉེས་ཁ་གཡོགས་ཐེབས་ཏེ་བཙོན་ཁང་དུ་ཕེབས་དགོས་བྱུང་།ལོ་དུ་མའི་རྗེས་སུ་བཙོན་གྲོལ་ཐོབ་རྗེས་ཐོ་ལིའི་མདར་བཞིར་ཕེབས་ནས་ལོ་དུ་མར་བཞུགས།གོ་་སྐབས་དང་བསྟུན་ནས་ཟླ་རེའི་དུས་འབྲེལ་གསོ་སྦྱོང་གནང་བ་དང་།ཡུལ་མི་ཚོར་སྙུང་གནས་ཀྱི་ལུང་སོགས་ལན་དུ་མར་གནང་།
       སྤྱི་ལོ༡༩༨༠ལོ་སྐབས་དེའི་ཆབ་སྲིད་ལ་འགྱུར་ལྡོག་བྱུང་སྟེ་ཆོལ་ཁ་གསུམ་གྱི་ཡུལ་ཕྱོགས་སོ་སོར་རྒྱལ་བསྟན་རིན་པོ་ཆེ་བསྐྱར་དུ་འཕེལ་འགོ་ཚུགས།དེར་བརྟེན་ཁོང་སླར་ཡང་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་སྔོན་གྱི་གནས་མལ་སྐྱབས་རྗེ་བླ་ཁོ་རིན་པོ་ཆེའི་གཟིམ་ཁང་དུ་བཞུགས། བསྟན་པའི་རྩ་བ་སོ་ཐར་གྱི་སྡོམ་པ་ཡིན་པར་བརྟེན་རབ་བྱུང་དང་དགེ་ཚུལ་གྲངས་སྟོང་ཕྲག་ལྷག་བསྒྲུབས་ཏེ་བཀྲ་ཤིས་འཁྱིལ་དུ་བསྟན་པའི་རྨང་གཞི་ཚུགས།   

        ཁྱད་པར་དུ་རང་དགོན་ལ་མོ་བདེ་ཆེན་དང་རྨ་འགུར་རྣམ་རྒྱལ་གླིང་ལོ་རྡོ་བྲག་རྣམས་སུ་ཕེབས་ནས་གཞི་གསུམ་ཆོ་གའི་ཕྱག་ལེན་རྣམ་པར་དག་པ་བསྐྱར་དུ་བཙུགས།ལ་མོ་བདེ་ཆེན་དགོན་པའི་འདུས་མང་ཡོངས་ཀྱི་ཞུས་ངོར་བསྙེན་གནས་ཀྱི་ལུང་དང་གཞི་གསུམ་ཆོ་གའི་ཁྲིད་བསྩལ།སྡེ་འདིའི་འདུ་ཁང་ནང་དུ་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་བྱིན་རླབས་ཅན་མཐོ་ཚད་ལ་སྨི་་༡དང་ཕྱེད་ཡོད་པ་ཁྱད་དུ་འཕགས་པ་ཞིག་བཞེངས།
        སྤྱི་ལོ༡༩༨༡ལོའི་དགུན་ཁར་ལོ་རྡོ་བྲག་ཏུ་ཕེབས་ཏེ་གླས་གསུམ་སོགས་ཕྱོགས་སོ་སོ་་ཀྱི་དད་ལྡན་མང་བོར་ཐུགས་རྗེ་ཆེན་པོའི་ལུང་དང་བསྙེན་གནས་ཀྱི་སྡོམ་ལུང་གནང་། མཇུག་ཏུ་དེ་གའི་ལྷ་ཁང་རྟེན་བརྟེནཔ་དག་བསྐྱར་བཞེངས་དགོས་སྐོར་གྱི་བཀའ་གསུང་ནན་ཆེར་གནང་སྟེ་སྒོམ་ཆེན་ལྷ་ཁང་སོགས་བྲག་ངོས་ཀྱི་མཚམས་ཁང་དང་ནང་རྟེན་མཁས་པ་མི་གསུམ་གྱི་སྐུ་བརྙན་བཞེངས་ད་ལྟ་བཞུགས་པའི་སྐུ་བརྙན་ཡོངས་རྫོགས་བསྐྱར་བཞེངས་བྱེད་དུ་བཅུག་པ་དང་དེ་དག་གི་གཟུངས་གཞུག་དང་རབ་གནསས་ཀྱང་ཁོང་དབུ་བཞུགས་ཐོག་བདེ་ཆེན་དགོན་པའི་བླ་གྲྭ་་འགའ་དང་ལྷན་དུ་བསྒྲུབས། 
         བླ་བྲང་བཀྲ་ཤིས་འཁྱིལ་གྱི་འདུ་ཁང་ཆེན་མོར་མེ་སྐྱོན་བྱུང་བའི་རྗེས་སུ་བསྐུར་བཞེངས་སྐབས་ཁོང་གིས་བླ་མ་མཛད་པར་བྱས་ན་སྡེ་དེའི་དགེ་བཤེས་རྣམས་དང་ལྷན་དུ་དགེ་འདུན་འདུས་འཁོར་བསྒྲུབས། སྐྱབས་རྗེ་བླ་ཁོ་རིན་པོ་་ཆེ་མཆོག་གི་ཐུགས་དགོངས་རྫོགས་ཆེད་དུ་བླ་བྲང་ཧོར་གཙང་སྲང་མགོའི་དུས་འཁོར་མཆོད་རྟེན་བསྐྱར་བཞེངས་མཛད།
         དེ་ལྟར་ཆོས་ལྡན་གྱི་བྱ་པ་མཐའ་དག་བསྐྱར་གསོ་གང་ལེགས་མཛད་དེ་རྣམ་པར་དཀར་པའི་འཕྲིན་ལས་རྒྱས་པཞིན་པའི་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་དུ་སྤྱི་ལོ་༡༩༨༦་ཧོར་ཟླ་༡༠པའི་ཚེས་༢ཉིན་གྱི་ཞོགས་པར་སྐུ་མྱ་ངན་་ལས་འདས། སྐུ་གདུང་མཆོད་རྟེན་ལ་མོ༧གོང་ས༧རྗེ་བཙུན་བློ་བཟང་ལུང་རིགས་བསྟན་པ་རྒྱ་མཚོས་ཐུགས་བཀོད་ལྟར་བཞེངས་ཏེ་ལ་མོ་བདེ་ཆེན་དགོན་པའི་འདུ་ཁང་ནང་དུ་བཞུགས།
                     (ཁོང་གི་སྐུ་པར་གནང་མཁན་ཡོད་ན་སྐུ་དྲིན་ཆེ།)

གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             རྩོམ་ཁུངས།  རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།