རྗེ་ཕུན་ཚོགས་དར་རྒྱས་ཚང་གི་རྣམ་ཐར་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2016-05-20 22:56:04     རྩོམ་པ་པོ།   སེང་གཤོང་དགེ་འདུན་འཇིགས་མེད།    ཀློག་ཐེངས།  

904674056065042185.jpg

༄༅། །གཞུང་ལུགས་རབ་འབྱམས་སྨྲ་བའི་རིགས་པའི་དབང་ཕྱུག་ཆེན་མོ་ ༧ རྗེ་བཙུན་ཕུན་ཚོགས་དར་རྒྱས་དཔལ་བཟང་བོ་མཆོག་ནི། ཀ་རིང་གཤོང་ས་ཞེས་པའི་སྡེ་བར་ཡབ་མགོན་པོ་ཚེ་རིང་དང་། ཡུམ་བཀྲ་ཤིས་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་བགྲང་བྱ་ཞེ་གསུམ་པ་ས་མོ་བྱ་སྤྱི་ལོ་ ༡༩༠༩ ལོའི་ས་ག་ཟླ་བའི་ཚེས་བཅུ་གཅིག་ལ་སྐུའི་མཚན་དཔེ་མེ་ཏོག་དང་བོར་བཞད། དགུང་ལོ་གཉིས་ཀྱི་སྟེང་ཡབ་ཡུམ་གཉིས་ཞལ་མ་འཆམ་པར་སོ་སོར་གྱེས་པས་ཁོང་ནི་མ་ཡུམ་གྱི་ཕ་ཡུལ་རེབ་གོང་ཞོ་འོང་ཀ་ཤུལ་དུ་ཕྱིན། དགུང་ལོ་གསུམ་བཞེས་པའི་ལོ་མགོར་མ་ཡི་ཞང་བོ་དགེ་བའི་བཤེས་གཉེན་ཨ་ཁུ་ཞོ་འོང་འཇམ་བསམ་ཚང་ལ་བསྐོར་བྱེད་དུ། ཁོང་མ་བུ་གཉིས་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་སུ་ཕྱིན། སྐབས་དེར་ཞྭ་དམར་རྡོ་རྗེ་འཆང་ལ་མཇལ་ཁ་ཞུས་པས་དམ་པ་དེས་ཀྱང་ཁོང་ལ་སྲུང་མདུད་སེར་བོ་དང་། མ་ཡུམ་སོགས་ལ་སྲུང་མདུད་དམར་བོ་རེ་གནང་བ་སྐུ་མདུན་པས་བྱིས་པ་འདི་ནི་གཞན་དང་མི་མཚུངས་པ་ཞིག་ཡིན་ཚོད་འདུག མ་འོངས་པར་རྡོ་རྗེ་འཆང་གི་གདན་ས་འདིའི་ཆོས་སྲིད་ལ་ལོངས་སྤྱོད་མཁན་ཞིག་ཡིན་ནམ་སྙམ་ཞེས་གསུངས། དགུང་ལོ་བཅུ་བའི་སྟོན་ཁར་ཕྱུགས་མ་སྐྱོང་བའི་སྐབས་ཤིག་ལ་གློ་བུར་དུ་ཆར་ཞོད་ཆེན་པོ་བབས་པས་ཡུགས་ས་མོ་ཞིག་གིས་ཆུ་ཕྱིང་གིས་བཀབ། དེའི་རྐྱེན་གྱིས་སྙུན་གྲིབ་བཞེས་པས་རིམ་གྲོ་གཏོས་ཆེ་བ་བསྒྲུབས་ཀྱང་ཕན་བསྐྱེད་མ་བྱུང་། དེའི་སྐབས་གྲུབ་པའི་དབང་ཕྱུག་འཇིགས་མེད་དམ་ཆོས་རྒྱ་མཚོ་མཆོག་ལུག་ར་སྒར་གསར་དུ་འཇིགས་བྱེད་ཀྱི་གཞི་བསྙེན་ཆེན་མོ་བཞུགས་་པའི་སྐུ་མདུན་དུ་བཅར། གྲུབ་་དབང་དེ་ཉིད་ཀྱིས་བྱབས་ཁྲུས་གནང་བས་སྙུན་ལས་གྲོལ། མ་ཡུམ་གྱིས་ཁྱེའུ་འདི་ཁྱེད་ཀྱིཞབས་གྲས་སུ་ཕུལ་བ་ཞལ་བཞེས་གནང་སྟེ་ཁོང་གི་ཞབས་པད་སྤྱི་བོའི་རྒྱན་དུ་ལེན་པའི་སྐལ་བཟང་མངོན་དུ་གྱུར་ཏོ། །

དེ་ནས་གྲུབ་པའི་དབང་ཕྱུག་ཆེན་པོ་སྤྱན་སྔ་བ་དཀོན་མཆོག་ཕུན་ཚོགས་ཚང་ལས་རབ་བྱུང་གི་སྡོམ་པ་མནོས་ཤིང་། མཚན་ཕུན་ཚོགས་དར་རྒྱས་སུ་གསོལ། བླ་མ་གྲུབ་པའི་དབང་ཕྱུག་དེ་ཉིད་ཀྱིས་གནས་བརྟན་ཆེན་པོ་བློ་བཟང་ཟེར་བ་ལ་གཏད་དེ་ཕྲལ་ཀློག་དང་སྦྱོར་ཀློག་དག་པར་སློབ་དགོས་པའི་བཀོད་ཁྱབ་བསྩལ་པ་བཞིན་ཡི་གེ་འབྲི་ཀློག་དང་། འདོན་ཆོས་ཀྱི་རིགས་ལ་སྦྱང་བའི་དབུ་ཚུགས། སྨོན་ལམ་རྣམ་ལྔ། བླ་མཆོད། ཀུན་རིག་སོགས་ཚེགས་མེད་དུ་མཁྱེན། དེ་ནས་ཞོ་འོང་སྒར་གསར་དུ་ཚོགས་ཞུགས་གནང་ནས་ལོ་ཤས་རིང་དགོན་དེར་བཞུགས། དགུང་ལོ་བཅུ་དགུ་བ་མེ་ཡོས་སྤྱི་ལོ་ ༡༩༢༧ ལོའི་དགུན་དུས་སུ། རྡོ་རྗེ་འཆང་ཨ་བྷྱའི་མཚན་ཅན་གྱི་བཀས་བསྐུལ་མ་བྱུང་བ་བཞིན་སློབ་གཉེར་ལ་འབྱོན་པར་ཐག་བཅད་དེ་བྱང་རྒྱུད་ཀྱི་ནཱ་ལེནྡྲ་གཉིས་པ་དྷཱིཿཚ་དགེ་ལྡན་བཀྲ་ཤིས་ཆོས་སྡིངས་སུ་ཕེབས་་ཏེ་ཚོགས་ཞུགས་གནང་། དགེ་བའི་བཤེས་གཉེན་ཆེན་པོ་བིས་མདོ་འཇམ་དབྱངས་གྲགས་པ་ཚང་དགེ་རྒན་དུ་བསྟེན། བསྡུས་གཞུང་ལེགས་བཤད་ཉི་མའི་འོད་ཟེར་གྱི་སྟེང་ནས་ཐོག་མའི་མཛུབ་ཁྲིད་གསུང་འཕྲལ་དུང་བརྡ་བཏང་བྱུང་བར། ཐོག་མའི་སྐབས་ནས་ཀྱང་འདི་ལྟ་བུའི་རྟེན་འབྲེལ་ཆེ་ལེགས་བྱུང་། ཆོས་གྲྭར་ཕེབས་ཏེ་ལོ་ངོ་གསུམ་གྱི་རིང་ལ་བསྡུས་གྲྭ་ཡོངས་སུ་རྫོགས་པར་བྱས་ཤིང་། རྣམ་དཔྱོད་དང་གོ་རིགས་ན་མཉམ་གྱི་ཁྲོད་ན་འགྲན་པའི་ཟླ་དང་བྲལ་བར་གྱུར། དེ་དུས་རིགས་པ་སྨྲ་བའི་དབང་བོ་དུ་མས་ཆོས་གྲྭར་རྩོད་པ་གནང་བའི་སྐབས་ཤིག་ལ། འོ་ཤོགདཀར་གཙང་གི་ངོས་ལ་རལ་གྲི་མཐའ་ན་མེ་རི་ཚོན་མདོག་ཏུ་བྲིས་པ་ཞིག་ནམ་མཁའ་ལས་བབས་པ་ཐམས་ཅད་ཀྱིས་ལག་ཏུ་གང་ཐོན་དུ་འཕྲོག་རྩོད་བགྱིས་པར་དམ་པ་འདིའི་ཕྱག་ཏུ་ཐོན། དམ་པ་རྣམས་ཀྱིས་རིག་པ་བཟང་བའི་རྟེན་འབྲེལ་ཆེ་ལེགས་སུ་གསུངས། ཆོས་མཚམས་ཀྱི་སྐབས་དགོན་ལུང་དབང་ཕྱུག་ཚང་གི་མདུན་སར་ལན་ཝར་དབུ་ཅན་དབུ་མེད་སོགས་བྲིས་སྣ་ཚོགས་ཁྲིད་དེ་ཡིག་གཟུགས་ལ་འགྲན་དུ་མི་བཟོད་པ་བྱུང་། ཕྱིས་ཡབ་རྗེ་ཞྭ་དམར་རྡོ་རྗེ་འཆང་གི་སྐུ་བར་བ་དང་ཁོང་གི་ཡོངས་འཛིན་རྣམ་གཉིས་ཀྱི་དྲུང་ཡིག་ཀྱང་མཛད།

དགུང་ལོ་ཉེར་གཉིས་སྟེང་སྐུ་ཕྱོགས་རྒྱལ་ཚབ་རིན་པོ་ཆེ་ངག་དབང་མཁས་བཙུན་རྒྱ་མཚོ་མཆོག་ལ་རི་ཁྲོད་པའི་སྐྱབས་འཇུག་ཞུ་གནང་མཛད་དེ་བྱ་བཏང་བའི་རྣམ་ཐར་བདག་གིར་བཞེས། དེ་ནས་བཟུང་ཞོགས་པར་བརྒྱ་རྩ་དང་བླ་མཆོད་དང་འབྲེལ་བར་མཆོད་པ་མཎྜལ་སེམས་བསྐྱེད་ལམ་མཆོག་སྒོ་འབྱེད། དགུང་མོ་མཆོད་མེ། བར་སྐབས་སུ་བླ་མའི་རྒྱང་འབོད། ཕྱག་ཆེན་རྩ་བ། གསང་འདུས་རྩ་རྒྱུད། མདུན་ལེགས་མ། ཉམས་མགུར་སོགས་ཞལ་འདོན་གནང་སྟེ་ཚོགས་བསགས་སྒྲིབ་སྦྱངས་དང་ཐོས་བསམ་ཡ་མ་བྲལ་བར་བསྐྱངས། ཆོས་མཚམས་སུ་ཨ་བྷྱ་རྡོ་རྗེ་འཆང་གི་སྐུ་མདུན་དུ་་ཕེབས་ཏེ་དཔེ་ཁྲིད་དང་བཀའ་ཆོས་གསན།

དགུང་ལོ་ཉེར་ལྔ་བཞེས་པ་ཆུ་བྱ་ལོའི་ཟླ་དང་བོའི་ཚེས་བཅོ་ལྔ་ལ་བླ་མ་རྡོ་རྗེ་འཆང་འཇིགས་མེད་དམ་ཆོས་རྒྱ་མཚོ་མཆོག་གིས་སྟག་དགོན་པར་དཔལ་དུས་ཀྱི་འཁོར་ལོའི་དབང་མོ་ཆེ་གནང་སྐབས་དེར་ཕེབས། དུས་དེར་དྷཱིཿཚ་དང་བྱ་ཁྱུང་། སྟག་ཚང་ལྷ་མོ་སོགས་ནས་ལྷགས་པའི་དཔེ་ཆ་བ་རྣམས་བླ་མ་རིན་པོ་ཆེའི་གཟིམ་ཆུང་ར་བར་འཚོགས་ཏེ་བརྒལ་བརྟག་གནང་བཅུག་པར། དམ་པ་འདིའི་རྣམ་དཔྱོད་ཀྱི་རྩལ་འབུར་དུ་ཐོན་པ་ལ་བསྔགས་བརྗོད་གནང་། ལོ་འདིའི་ཟླ་གསུམ་པར་་རྗེ་བླ་ཁོ་རྡོ་རྗེ་འཆང་འཇིགས་མེད་འཕྲིན་ལས་རྒྱ་མཚོ་ཚང་དྷཱིཿཚར་ཕེབས་པའི་ཞལ་སྔར་དབང་ལུང་མན་ངག་བྱེ་བའི་བདུད་རྩི་ཐུགས་ཀྱི་བུམ་པར་བསྐྱིལ། སྐབས་ཤིག་ལ་སངས་རྒྱས་སྣང་བ་མཐའ་ཡས་ངུར་སྨྲིག་གར་དུ་རྩེན་པ་པཎ་ཆེན་ཆོས་ཀྱི་ཉི་མ་མཆོག་གདན་སར་ཆིབས་ཞལ་བསྒྱུར། འདུ་ཁང་གི་རབ་གསལ་དུ་བཞུགས་ཏེ་རྩོད་རྒྱུགས་བཞེས། རྗེ་འདི་བས། འཇུག་པ་རང་འགྲེལ་ལས་བརྩམས་པའི་བགྲོ་གླེང་རྒྱ་ཆེར་ཕུལ་པས། ཐམས་ཅད་མཁྱེན་གཟིགས་མཆོག་ཀྱང་ཐུགས་དགྱེས་ཚོར་ཆེན་པོ་གནང་། གནས་ལྔ་གཟིགས་པའི་པཎྜི་ཏ་རྗེ་འཇིགས་མེད་རིག་པའི་བློ་གྲོས་ཚང་ལས་སྐར་རྩིས་དང་རྒྱ་རྩིས་སོགས་ཟླ་གཉིས་ཙམ་ལ་ཀ་རིང་དུ་གསན། སྙན་བརྒྱུད་ཀྱི་བསྟན་པའི་བདག་པོ་མ་ཏི་སི་གྲགས་པ་རྒྱ་མཚོ་ལས་ཐུན་མོང་གི་རིག་པའི་གནས་སྤྱི་དང་སུམ་རྟགས་དག་གསུམ་སྙན་ངག་སོགས་དང་། སྒྲ་མདོ་དབྱངས་ཅན་མ་དང་། ཀ་ལ་བ་རྣམས་ཀྱི་ཁྲིད། འཇམ་དབྱངས་ཞི་ཁྲོ་སྦྲགས་སྒྲུབ་ཐུན་མོང་མ་ཡིན་པ་ཆིག་བརྒྱུད་ཀྱི་མན་ངག་དང་། གཞན་ཁྲིད་དང་བཤད་ལུང་རྗེས་གནང་སོགས་གང་རྒྱས་སུ་གསན། དགུང་ལོ་སུམ་ཅུར་ཕེབས་པའི་སྐབས། དགེ་ལྡན་ལྔ་མཆོད་ཆེན་མོ་དང་འབྲེལ་བར་ཉིན་ལྔ་ལ་ཕར་ཕྱིན་དམ་བཅའ་ཡོངས་སུ་རྫོགས། ལོ་དེའི་དགུན་ཁར་འཛིན་གྲྭ་དབུ་མར་འཕར། ཆོས་གྲྭ་ནམ་ཡོད་ལ་ཆག་མེད་དུ་ཕེབས་ཏེ་དབུ་ཚད་སེང་གེའི་མཇིང་བ་བསྣོལ་བའི་ལུང་རིགས་ཀྱི་གད་རྒྱངས་གསང་མཐོར་བསྒྲགས་པ་ན་དམ་པ་མང་བོས་ཡིད་སྨོན་འཆོར། གཞུང་བརྒྱའི་མངའ་བདག་འབྲས་སྤུངས་ཀླུ་འབུམ་ལྷ་རམས་པ་རྡོ་སྦིས་དགེ་བཤེས་ཆེན་མོ་རྗེ་ཤེས་རབ་རྒྱ་མཚོ་ཚང་གདན་སར་ཕེབས་ཏེ་རྩོད་རྒྱུགས་བཞེས། རྗེ་འདིས་ལེགས་བཤད་གསེར་གྱི་ཕྲེང་བར། གདུལ་བྱ་དང་བ་སྐྱེད་པའི་ཡན་ལག་མཆོད་བརྗོད་དང་། རྟོགས་ལྡན་བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་འབྲེལ་གཉིས་ཞེས་པ་ལས་འཕྲོས་ཏེ། རྟོགས་ལྡན་བསྟན་བཅོས་ལ་འཇུག་པའི་ཡན་ལག་ལ་མཆོད་བརྗོད་འཇོག་མིན་སོགས་ལས་བརྒལ་བརྟག་གནང་བར་ལྷ་རམས་པས་བསྔགས་བརྗོད་གནང་། དགུང་ལོ་སོ་གཉིས་བར་དབུ་མའི་འཆད་ཉན་ལེགས་པར་མཐར་ཕྱིན། ལོ་དེའི་དགུན་ཁར་འཛིན་གྲྭ་མཛོད་དུ་འཕར། ལོ་གཉིས་ལ་མཛོད་ཡོངས་སུ་རྫོགས་པར་བྱས། དགུང་ལོ་སོ་བཞིའི་དགུན་ཁར་འདུལ་བར་འཆད་ཉན་གྱི་དབུ་ཚུགས། ལོ་འཁོར་གཉིས་ཀྱི་རིང་དུ་འདུལ་བར་ཐོས་བསམ་གྱི་འཇུག་པ་མཐར་ཕྱིན་པར་མཛད། དེ་ནས་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་རྣམ་བཞིའི་དགོངས་དོན་དཔྱིས་ཕྱིན་པར་འབྱེད་པའི་བློ་གྲོས་ཀྱི་དབྱར་མཚོ་འཕེལ་བར་གྱུར་ཏོ། །ཡོངས་འཛིན་ཆེན་པོ་དོན་གྲུབ་རྒྱ་མཚོ་ཚང་ལས་བླ་ཁོ་རྡོ་རྗེ་འཆང་དང་རྗེ་དགེ་འདུན་རྒྱ་མཚོ་རྣམ་གཉིས་ཀྱི་གསུང་འབུམ་དང་། བཀའ་འགྱུར་གྱི་ལུང་རྣམས་གསན་ཅིང་། ཕྱིས་བཀའ་འགྱུར་གྱི་ལུང་མ་ཟིན་ཙམ་ནས་ཡོངས་འཛིན་ཚང་ཞི་བར་གཞོལ། ཡོངས་འཛིན་ཚང་གི་རྣམ་ཐར་ཚིགས་བཅད་དུ་བསྡེབས་པ་ཞིག་རྗེ་འདིས་མཛད་མོད་མ་ཕྱི་ལག་ཏུ་མ་ཆུད། སྤྱིར་ཡབ་རྗེ་ཞྭ་དམར་པཎྜི་ཏའི་མཆོག་སྤྲུལ་མཁའ་སྤྱོད་དབང་མོའི་རྣལ་འབྱོར་བ་དེ་དང་ཁོང་གི་ཡོངས་འཛིན་ཡབ་སྲས་ཟུང་ལ་ཆོས་ཀྱི་འབྲེལ་བ་ཟབ་ཅིང་དྲུང་གི་ཡིག་མཁན་ཚུན་ཆད་ཀྱི་སྲི་ཞུ་བསྒྲུབས།

སྤྱི་ལོ་ ༡༩༥༦ ལོར་ཡབ་རྗེ་ཞྭ་དམར་པཎྜི་ཏའི་མཆོག་སྤྲུལ་མཐོང་བ་དོན་ལྡན་བློ་བཟང་འཇིགས་མེད་བསྟན་འཛིན་རྒྱ་མཚོ་དཔལ་བཟང་བོ་གདན་སར་ཞུས། ཆོས་ཐོག་སོ་སོར་དགེ་ཕྲུག་རྣམས་ལ་དཔེ་ཁྲིད་དང་། འགའ་ཞིག་རབ་བྱུང་དང་བསྙེན་རྫོགས་ལ་བཀོད། ཚོགས་དང་ཆོས་གྲྭར་ཆག་མེད་དུ་ཕེབས།

སྤྱི་ལོ་ ༡༩༥༨ ལོའི་དཔྱིད་ཀར་སྐུ་མཆེད་རིན་པོ་ཆེར་མཇལ་ཕྱིར་ཟི་ལིང་དུ་ཕེབས། དེ་དང་སྟབས་གཅིག་ཏུ་སྒྲུབ་བརྒྱུད་ཀྱི་བསྟན་པའི་བདག་པོ་རེབ་གོང་སྐུ་ཕྱོགས་ཆེན་མོར་ཞལ་མཇལ་དུ་ཕྱིན། དེ་དུས་སྐུ་ཕྱོགས་དེ་ཉིད་ཀྱི་ཞལ་ནས། ཕྱིས་དགའ་ལྡན་དུ་ཐུག་རྒྱུ་བྱེད་ཅེས་དགོངས་པ་གཞན་དུ་གཏད་ཟིན་པའི་ཞལ་འཕྲོས་གནང་། ཚུལ་འདི་ལ་བླ་མ་རིན་པོ་ཆེས་ཁོ་བོ་དགའ་ལྡན་དུ་སྐྱེ་རྒྱུའི་ལུང་བསྟན་ཡོད་གསུངས། ལོ་དེའི་སྟོན་ཁར་བསྟན་པའི་གེགས་ཆག་ཆེན་མོ་བྱུང་། སྐབས་དེར་མཆོག་སྤྲུལ་རིན་པོ་ཆེ་དང་ལྷན་དུ་ཞོང་ཞན་དུ་བཞུགས་ཏེ་མཆོག་སྤྲུལ་རིན་པོ་ཆེར་བརྩེ་བའི་སྤྱན་རས་ཀྱིས་གཟིགས་པ་ལྷོད་མེད་དུ་བསྐྱངས། སྐབས་འདིར་མཁས་དབང་གསུང་རབ་རྒྱ་མཚོས་སྤྱན་དྲངས་པ་ལྟར་རྗེ་འདི་བ་ཚང་སོགས་གྲྭ་རིགས་སྐོར་གཅིག་ཟི་ལིང་དུ་ཕེབས། མི་རིགས་དཔེ་སྐྲུན་ཁང་དུ་གེ་སར་སྒྲུང་སོགས་བོད་ཡིག་གི་དཔེ་དེབ་སྐོར་ལ་ཞུ་དག་གནང་། རྡོ་སྦིས་ལྷ་རམས་པ་ཚང་དང་མཇལ་འཛོམས་བྱུང་། ལྷ་རམས་པ་མཆོག་གིས་སྔ་སོར་ཁྱེད་ནས་རྟགས་གསལ་བཏང་ཚུལ་གྱི་ཞལ་འཕྲོས་དང་། གདན་སའི་དགེ་བཤེས་དྲག་གྲས་རྒྱུས་ཡོད་རྣམས་བཀའ་འདྲི་གནང་བར་འོས་འགབ་ཀྱི་ལན་དང་། སྐབས་ཀྱི་གེགས་ཆག་རྣམས་སྙན་དུ་ཕུལ། ལོ་རེ་གཉིས་ལ་ཟི་ལིང་དུ་བཞུགས།

སྤྱི་ལོ་ ༡༩༦༡ ལོར་ཡང་བསྐྱར་བསྟན་པ་ཉམས་གསོའི་དོད་ཙམ་བྱུང་། བླ་མ་རིན་པོ་ཆེས་ལས་ཁུངས་ལས་གནང་བ་ཐོབ་པར་བྱས་ཏེ་གདན་སར་ཕེབས། གྲོགས་རིགས་སྨྲ་རྣམས་ཕྱོགས་མཚམས་ཐམས་ཅད་ནས་འདུས་ཏེ་དགོན་རྙིང་དགའ་ལྡན་ཆོས་འཕེལ་གླིང་དང་། གདན་ས་བཀྲ་ཤིས་ཆོས་སྡིངས་གཉིས་ལྷན་རྒྱས་སུ་འཚོགས། རྗེ་འདི་བས་དགེ་བསྐོས་གནང་སྟེ་སྐབས་ཀྱི་སྒྲིག་ལམ་ཞིབ་ཚགས་དང་། ཞོར་དུ་བློ་གསལ་དོན་གཉེར་ཅན་རྣམས་ལ་དཔེ་ཁྲིད་བསྩལ། སྐབས་འདིར་ལྷ་རམས་པ་མཆོག་གིས་ད་ལྟ་བསྟན་པ་ཉམས་གསོ་ལ་བསྔགས་པ་ནི། ཇི་སྐད་དུ། བྱ་ཁྱུང་ཆེན་མཁའ་ལ་ལྡིང་དང་གཅིག །དྷཱིཿརོང་གི་གུར་ཀུམ་བཞད་དང་གཉིས། །བདག་གླང་ཆེན་འཕག་པའི་སྟོབས་ཤུགས་ཀྱིས། །གསུམ་དབྱིངས་ནས་དགྱེས་པའི་མཆོད་པ་བསྐྲུན། །ཞེས་སོགས་ཀྱི་གསུང་འཕྲིན་ཀྱང་གནང་། ཡབ་རྗེ་ཞྭ་དམར་རྡོ་རྗེ་འཆང་གི་མཆོག་སྤྲུལ་བློ་བཟང་འཇིགས་མེད་བསྟན་འཛིན་རྒྱ་མཚོ་དཔལ་བཟང་བོས་རྗེ་འདི་བ་རང་གི་རིགས་ཀྱི་ཅོད་པན་དུ་བཀུར། གཟིམ་ཁང་བདེ་ཡངས་ཁང་གསར་དུ་སྤྱན་དྲངས། བླ་མ་རིན་པོ་ཆེས་ཀྱང་མཆོག་སྤྲུལ་ཉིད་ལ་གཟིགས་སྐྱོང་ཚད་མེད་གནང་། སྤྱི་ལོ་ ༡༩༦༦ ལོ་སྟེ་བླ་མ་རིན་པོ་ཆེ་དགུང་གྲངས་ང་བརྒྱད་ལ་ཕེབས་པ་མེ་རྟ་ལ་སླར་ཡང་དུས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་བས་བླ་མ་རིན་པོ་ཆེ་ཡང་དོར་ཤུལ་མ་ཀྱཱར་ཕེབས། མཆོག་སྤྲུལ་རིན་པོ་ཆེ་བླ་མ་སྐུ་དངོས་ཀྱིས་སྐྱེལ་མ་གནང་སྟེ་ཕྱག་ཡུལ་དུ་ཕེབས། སྐབས་དེར་མཁས་དབང་གསུང་རབ་རྒྱ་མཚོ་ཚང་དགེ་བསྙེན་དུ་བསྒྲུབས།

 སྤྱི་ལོ་ ༡༩༨༡ ལོ་གདན་ས་བཀྲ་ཤིས་ཆོས་སྡིངས་ཀྱི་ཆོས་སྒོ་ཕྱེས་ནས་བཟུང་གནས་བརྟན་བགྲེས་གཞོན་དང་། གསར་ཞུགས་ཀྱི་བུ་སློབ་མང་བོ་ངང་གིས་འདུས་པར་གྱུར་ཏོ། །ཟླ་བཞི་བའི་ཡར་ཚེས་ལ་དཔྱིད་ཆོས་ཆེན་མོའི་དབུ་ཚུགས། མཆོག་སྤྲུལ་རིན་པོ་ཆེ་གཙོ་བའི་གསན་མཁན་རྣམས་ལ་བསྡུས་གྲྭ་རིགས་པའི་སྒོ་འབྱེད་ཀྱི་སྟེང་ནས་མཛུབ་ཁྲིད་གནང་། ཞོར་དུ་ཐལ་སྐད་གཏོང་ལུགས། ལན་འདེབས་སྟངས་སོགས་ཀྱང་ཞིབ་ཁྲིད་མཛད། ཁོང་ཆོས་གྲྭར་ཕེབས་ཏེ་མུ་བཞི་བརྩི་ཚུལ་དང་ཚིག་གི་འཁྲི་ཚུལ་སྣ་ཚོགས་སོགས་བློ་ཁ་དང་འཚམ་པའི་རྩོད་པ་དམར་བའི་སྐུ་དྲིན་བསྐྱངས། སྤྱི་ལོ་ ༡༩༨༡ ལོའི་དགུན་ཆོས་སྐབས་བསྡུས་འབྲིང་བ་རྣམས་ལ་ཡུལ་ཡུལ་ཅན། དབལ་མང་སེམས་བྱུང་། གསར་སློབ་སྐོར་ལ་ཁ་དོག་དཀར་དམར་མཛུབ་ཁྲིད་བསྐྱངས། བླ་མ་རིན་པོ་ཆེ་འདི་བའི་ཐུགས་རྗེ་དང་ཐབས་འཕྲུལ་སྣ་ཚོགས་ལ་བརྟེན་ནས་ཡབ་རྗེ་ཞྭ་དམར་པཎྜི་ཏའི་དབུ་ཐོད་ཀྱི་ཚལ་བུ་དང་། འབྲལ་སྤངས་གའུ། བླ་བྲང་ཨ་ལགས་རིན་པོ་ཆེའི་ཚེམས། རྟ་མགྲིན་ཡང་གསང་བདུད་རྩི་འབབ་བཞིན་པ། སྨྲྀ་ཏིའི་ཕྱག་ཚྭ། རྗེ་གསེར་ཁང་བའི་ཕྱག་ཕྲེང་། ཀླུ་འཇིམ་ལས་གྲུབ་པའི་མཛད་བཅུ། རྗེ་ཁ་གྱ་ཚང་གི་ཕྱག་འཁོར། གོང་ས་བཅུ་གསུམ་པའི་ཕྱག་ཐེལ་ཅན་གྱི་ཐང་ག་རྣམས་ཕྱིར་གདན་སར་འབྱོར། སྤྱི་ལོ་ ༡༩༨༢ ལོར་དགེ་ཕྲུག་རྣམས་ལ་ལམ་ཁྲིད་དགེ་ལེགས་འོད་སྣང་འགྱེད་པའི་ཉིན་བྱེད་ཀྱི་བཤད་ལུང་རྒྱས་པར་བསྩལ། སྤྱི་ལོ་ ༡༩༨༣ ལོའི་ཟླ་དང་བོའི་ཡར་ཚེས་ལ་དབུ་བཙུགས་ཏེ་ལམ་རིམ་ཆེན་མོའི་བཤད་ལུང་ཟླ་གཉིས་ལ་ཉེ་བར་སྐུ་དྲིན་བསྐྱངས། ལོ་འདིར་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པར་ཚེ་བུམ་འབུལ་དུ་པེ་ཅིན་དུ་ཕེབས། ཀུན་གཟིགས་ཡེ་ཤེས་ཀྱི་ཉི་མ་མཆོག་གིས་དགྱེས་བརྩེ་གནང་ཞིང་། ཤོག་ཐང་སྐོར་རྟེན་སྐལ་དུ་བསྩལ། སྤྱི་ལོ་ ༡༩༨༤ ལོའི་ལོ་གསར་གསུང་ཆོས་ལ་བསྟན་བཅོས་ལེགས་བཤད་སྙིང་བོའི་བཤད་ལུང་གནང་། རྒྱུན་དུ་ཁ་ཆར་སོགས་ལ་གཏན་མི་འཛེམས་པར་གསོལ་ཁ་བས་ཕྱག་ནས་སྐྱོར་བཞིན་ཚོགས་དང་ཆོས་གྲྭར་ཆག་མེད་དུ་འགྲིམ།

   སྤྱི་ལོ་ ༡༩༨༤ ལོའི་ལོ་གསར་སྐབས་སྒྲ་ཀ་ལ་བའི་རྣམ་བཤད་ས་བཟང་པཎ་ཆེན་གྱི་གསུང་གི་སྟེང་ནས་ཁྲིད་རྒྱུན་གནང་།   ད་ལྟའང་བྱང་ཁ་ན་འདིའི་ཁྲིད་རྒྱུན་མ་ཆད་པར་གནས་པ་ནི་རྗེ་འདིའི་བཀའ་དྲིན་ཁོ་ན་ཡིན་ནོ། །

སྤྱི་ལོ་ ༡༩༨༥ ལོའི་ལོ་གསར་སྐབས་བཀའ་གདམས་ཕ་ཆོས་བུ་ཆོས་གཉིས་ཀྱི་བཤད་ལུང་གནང་། ལྔ་བའི་ཚེས་གཅིག་ནས་འཇམ་སྡུད་བཟང་གསུམ་དང་། འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ། སྨོན་ལམ་རྣམ་ལྔ། སྨན་ཐུང་སོགས་ཀྱི་ལུང་གནང་། ཚེས་གསུམ་ནས་ཨ་ཀྱཱ་ཡོངས་འཛིན་གྱི་རྟགས་འཇུག་སྟེང་ནས་དཔེ་ཁྲིད་གནང་། གདན་ས་ཆེན་པོའི་འདུ་ཁང་རྟེན་དང་བཅས་པ་གསར་བཞེངས་སྐབས། བླ་མ་རིན་པོ་ཆེས་ཡོན་སྦྱར་ཏེ་འདུ་ཁང་དུ་བྱམས་པའི་ཞིང་བཀོད་ཀྱི་གྱན་ཐང་བཞེངས་པ་ཁོང་གི་སྐྱེ་སྒོ་ཡིན་ཞེས་ལྷའི་བཟོ་བོར་ཞིབ་ཚགས་དང་ལྗགས་བཀོད་མཛད། སྤྱི་ལོ་ ༡༩༨༧ ལོའི་ལོ་གསར་སྐབས་སྤྱོད་འཇུག་ཆེན་མོའི་བཤད་ལུང་། རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང་། སྨན་ཐུང་གི་ལུང་སོགས་བཀའ་དྲིན་བསྐྱངས། ཟླ་གཉིས་པའི་འཆར་ཅན་མཆོད་འབུལ་ཆེན་མོའི་སྐབས་ཁོང་གི་བླ་མ་མ་ཏི་སི་གྲགས་པ་རྒྱ་མཚོའི་དུས་མཆོད་དང་འབྲེལ་དགུང་ལོ་བརྒྱད་ཅུ་བཞེས་པའི་ལོ་སྟོན་ཕུན་ཚོགས་ཚོགས་པས་བསྙེན་བཀུར་བྱས། སྤྱི་ལོ་ ༡༩༨༨ ལོའི་ལོ་གསར་གྱི་སྔ་ཕྱིའི་སྐབས་ཡབ་རྗེ་ཞྭ་དམར་རྡོ་རྗེ་འཆང་གི་རྣམ་ཐར་ཆེན་མོའི་ལུང་སོགས་བསྩལ། སྤྱི་ལོ་ ༡༩༨༩ ལོར་ཟླ་དྲུག་པའི་ནང་འདྲེན་མཆོག་དམ་པ་གསང་སྒྲོག་སྤྲུལ་བའི་སྐུས་ཞུས་ངོར་གསང་སྒྲོག་དགོན་དུ་ཕེབས། གཞི་གསུམ་ཞུ་དག་དང་བྱམས་སྐུ་ཆེན་མོར་གཟུངས་གཞུག་ཕུལ། འདུ་ཁང་ལ་རབ་གནས་དང་སྨན་འཇིམ་ལས་གྲུབ་པའི་བདེ་གཤེགས་བརྒྱད་ཀྱི་སྐུ་བརྙན་བཞེངས། སྤྱི་ལོ་ ༡༩༩༠ལོའི་ལོ་གསར་གྱི་གསུང་ཆོས་དང་འཛིན་གྲྭ་སོ་སོའི་དཔེ་ཁྲིད་སྔར་ལྟར་གནང་བཞིན་ཚོགས་ཆོས་ཆག་མེད་དུ་འགྲིམས་ནས་སྐུ་ཚེ་དང་སྙོམས་པར་མཛད། ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན། གསོ་སྦྱོང་གི་དབུར་ཕེབས་ཏེ་ཉིད་ནས་སོ་ཐར་གྱི་མདོ་འཆད། གསོ་སྦྱོང་གྲོལ་ནས་གནས་བརྟན་ཆེན་མོ་ཨ་ཁུ་བློ་བཟང་རྒྱ་མཚོ་བར་ངས་དེང་ཕྱིན་ཆད་མདོ་འདོན་རྒྱུར་མི་འགྲོ་བས་ཕྱིས་ཁྱེད་ཀྱིས་ཐོན་ཞེས་དགོངས་པ་གཞན་དུ་གཏད་པའི་གསུང་འཕྲོས་བསྩལ།  ཚེས་བཅུ་དྲུག་གི་ཕྱི་དྲོར་ཚོགས་གྲོལ་འཕྲལ་བླ་མ་རིན་པོ་ཆེས་ཕྱག་ཏུ་མཇལ་དར་བསྣམས་ཏེ་འདུ་ཁང་ཆེན་མོར་ཞིབ་མཇལ་གནང་། ཚེས་བཅུ་བདུན་གྱི་ཞོགས་པར་དུང་བརྡ་བཏང་བ་དང་མལ་ལས་བཞེངས། ཞལ་ནས་ཅུང་མི་བདེ་བས་དེ་རིང་ཚོགས་ལ་འགྲོ་མི་ནུས་གསུངས་ཏེ་བཞུགས་གདན་ལ་འཁོད་པར་ཞལ་འདོན་གནང་ནས་གཟིམ་མལ་བསྟེན་དགོས་བྱུང་། ཚེས་བཅོ་བརྒྱད་ཀྱི་ཉིན་གུང་ཆུ་ཚོད་གཅིག་ཙམ་ལ་སྒེའུ་ཁུང་གི་ཡོལ་བ་ཕྱག་གིས་བཏེགས་ཏེ་དགེ་ཕྲུག་ཚོས་ཞབས་བརྟན་སྒྲུབ་བཞིན་པར་ཡུད་ཙམ་གཟིགས་འཕྲལ་ཞབས་སྐྱིལ་ཀྲུང་གིས་ཞལ་ནུབ་ཕྱོགས་སུ་འཁོད་དེ་གུང་ཚིག་གཏོར་བསྔོས་གསུངས་ནས་བཞེསཔ་ཅུང་ཙམ་གནང་རྗེས་སྐུ་དྲང་བོར་བསྲིངས་ཏེ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ། །དྷཱིཿཚའི་གདན་རབས་གསལ་བའི་རིན་ཆེན་ནོར་བུའི་མེ་ལོང་སོགས་ལྗགས་རྩོམ་མང་དུ་བཞུགས། ཞེས་པ་འདི་ནི་ཡོངས་འཛིན་དམ་པ་གང་གི་སློབ་བུ་དྷཱིཿཚ་དགེ་ལྡན་བཀྲ་ཤིས་ཆོས་སྡིངས་ཀྱི་གྲྭ་རིགས་སེང་གཤོང་དགེ་འདུན་འཇིགས་མེད་ཀྱིས་བསྒྲིགས་པའོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།


གསལ་འདེབས།                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།