ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་གྲགས་པ་རྒྱ་མཚོའི་རྣམ་ཐར་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2016-05-20 22:41:42     རྩོམ་པ་པོ།   གྱི་ལིང་འཇིགས་མེད།    ཀློག་ཐེངས།  

微信图片_20170530215249.jpg

        ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་གྲགས་པ་རྒྱ་མཚོ་མཆོག་ནི་མདོ་སྨད་རྔ་ཡུལ་གྱི་སྟོད་སྣ་ཤུལ་སྡེ་བའི་ནང་སྤྱི་ལོ་༡༩༣༨ལོར་འཁྲུངས། 

        དགུང་ལོ་དྲུག་བདུན་ནས་རང་གི་ཡབ་ཀྱི་དྲུང་དུ་ཡི་གེའི་ཀློག་བསླབས་པས་ཚེགས་མེད་དུ་མཁྱེན། 

        དགུང་ལོ་བཅུ་གཅིག་སྟེང་ཆོས་སྡེ་ཆེན་པོ་རྔ་བའི་སྒོ་མང་བཤད་སྒྲུབ་འཕེལ་རྒྱས་གླིང་གི་ཆོས་སྒོར་ཞུགས་ནས་དགེ་བའི་བཤེས་གཉེན་ཆེན་པོ་འདུལ་བ་འཛིན་པ་ཡེ་ཤེས་རྒྱ་མཚོའི་ཞལ་སྔ་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་བསླབ་པའི་གནས་ཕྲ་ཞིང་ཕྲ་ཀུན་ཀྱང་མིག་འབྲས་བཞིན་བསྲུངས། 

        དགུང་ལོ་བཅུ་བཞིའི་སྟེང་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ནས་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་རྔ་བ་སྦྱིན་པ་རྒྱ་མཚོ་མཆོག་གིས་གཙོས་བཤེས་གཉེན་དུ་མའི་མདུན་སར་མགོ་བསྡུས་གྲྭ་ནས་བརྩམས་ཏེ་རྣམ་འགྲེལ་སོགས་ལ་སློབ་གཉེར་དཔྱིས་ཕྱིན་པ་གནང་། 

        དགུང་ལོ་ཉེར་གཅིག་པ་སྟེ་སྤྱི་ལོ་༡༩༥༨ལོར་དམངས་གཙོ་བཅོས་བསྒྱུར་བྱས་པས་ཕྱིར་འཁྲུངས་ཡུལ་དུ་ཕེབས་ནས་ངལ་རྩོལ་ལ་ཞུགས། སྤྱི་ལོ་༡༩༦༢ལོར་བླ་བྲང་དུ་ཆོས་སྒོ་ཕྱེས་པ་གསན་ཏེ་སླར་བླ་བྲང་དུ་ཕེབས་ནས་དགེ་བའི་བཤེས་གཉེན་ཆེན་པོ་འདུལ་བ་འཛིན་པ་བསྟན་འཛིན་རྒྱ་མཚོ་བའི་སྤྱན་སྔར་ཚིགས་གོང་མ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་རྣམ་འགྲེལ་སོགས་སྔར་གྱི་སློབ་གཉེར་གྱི་འཕྲོ་བསྐྱངས། 

         ༡༩༦༣ལོར་ཆོས་སྒོ་བརྒྱབས་པས་དེ་ནས་བཟུང་དགུང་ལོ་ཞེ་གཉིས་བཞེས་པ་སྤྱི་ལོ་༡༩༧༩ལོའི་བར་བླ་བྲང་དགོན་པའི་ཉེ་འཁོར་ཡས་མས་སུ་མངོན་ཆུང་གིས་བཞུགས་ཤིང་སྐུ་ངལ་མང་དུ་མྱངས། 

        ༡༩༧༩ལོའི་བཅུ་བའི་ལྔ་མཆོད་ལ་ཆོས་སྒོ་ཅུང་ཟད་ཕྱེས། ༡༩༨༠ལོའི་ཟླ་བ་༧པའི་རིགས་གྲྭ་མདོར་བསྡུས་ཤིག་འཚོགས་སྐབས་ཁོང་གིས་ཡུལ་ཕྱོགས་འདི་ལ་ཆོས་སྒྲ་སླར་ཡང་སྒྲོག་པའི་རྟེན་འབྲེལ་ལྟ་བུར་ཆོས་འཁོར་གྱི་ཚོགས་གླེང་ངོ་མཚར་བ་གནང་། 

        ༡༩༨༡ལོ་ནས་སླར་ཡང་དགོན་པར་ཕེབས་ནས་ཕར་ཕྱིན། དབུ་མ། མཛོད། འདུལ་བ་བཅས་པོད་ཆེན་གཞན་རྣམས་ལ་ཐོས་བསམ་མཐར་ཕྱིན་པ་གནང་ཞིང་ཞར་དུ་ཆོས་སྡེ་རང་གི་བླ་མ་དགེ་བའི་བཤེས་གཉེན་རྣམ་པའི་བཀའ་ཆོས་གང་ཡོད་ལ་ཆག་མེད་དུ་ཕེབས་པས་རིན་ཆེན་གདམས་པ་བྱེ་བའི་བང་མཛོད་དུ་གྱུར། 

        ༡༩༨༥ལོ་ནས་ཀུན་མཁྱེན་རིན་པོ་ཆེའི་ཞལ་བཀོད་ལྟར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭའི་དགེ་རྒན་གྱི་ཐུགས་འགན་བཞེས། དགུང་ལོ་དྲུག་ཅུ་རེ་གཅིག་ནས་རྒྱུད་སྟོད་དང་རྒྱུད་སྨད་ཀྱི་མཁན་པོའི་ལས་ཁུར་ལོ་གསུམ་གསུམ་སྟེ་ལོ་དྲུག་ལ་གནང་སྟེ་བསྟན་པ་རིན་པོ་ཆེ་རྨང་ནས་གསོ་བའི་ཐུགས་འགན་རབ་ཏུ་ལྕི་བ་དག་བདག་གིར་བཞེས་པས་ཆོས་སྡེ་རང་གི་གྲྭ་ཚང་འདུས་པ་རིན་པོ་ཆེའི་ཏོག་ཏུ་གྱུར། 

        དེ་ནས་བཟུང་སྐུ་ཚེ་མཐའ་མའི་བར་དུ་གདན་ས་བཀྲ་ཤིས་འཁྱིལ་རང་གིས་གཙོས་རྗེ་ཐམས་ཅད་མཁྱེན་པའི་འཁྲུངས་གཞིས་ཀྱི་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་དང་། ངྷི་ཚ། རྔ་བ་སྒོ་མང་སོགས་ཕྱོགས་ཡས་མས་ཀྱི་ཆོས་སྡེ་མང་བོར་ཕེབས་ཏེ་དཔེ་ཁྲིད་གནང་བ་དང་། དབང་དང་བཀའ་ཆོས་སོགས་འདོད་མོས་ལྟར་སྩོལ་བའི་བཀའ་དྲིན་བསྐྱངས་པས། ཡང་དར་བསྟན་པའི་ཀ་ཆེན་ལྟ་བུར་གྱུར། 
        གསུང་རྩོམ་ལའང་འཇམ་དཔལ་ཞལ་ལུང་གི་ཟིན་བྲིས་དང་། བདེ་ལམ་གྱི་ཟིན་བྲིས། སྡོམ་གསུམ་བསླབ་བྱའི་ཟིན་བྲིས། བླ་མ་མཆོད་པའི་ཟིན་བྲིས། འདུལ་བའི་ཟིན་བྲིས། རྗེ་ཨ་བྷྱའི་མཛོད་ཟིན། རྗེ་རཏྣའི་མཛོད། རྗེ་དཱ་ནའི་མཛོད་ཀྱི་ཟིན་བྲིས་དང་། རྗེ་དཱ་ནའི་དབུ་མའི་དཔེ་ཁྲིད་ཟིན་བྲིས། རྗེ་དཱ་ནའི་ཕར་ཕྱིན་དཔེ་ཁྲིད་ཟིན་བྲིས། རྗེ་དཱ་ནའི་ཟུར་བཀོལ་བཞིའི་དཔེ་ཁྲིད་ཟིན་བྲིས། གཞན་ཡང་གསུང་ཐོར་བུ་བཅས་གསུང་འབུམ་པོད་གཉིས་བཞུགས་ཤིང་བུ་སློབ་ལ་ཡང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གཞུང་ལུགས་རབ་འབྱམས་སྦྲ་བ་ཀོའུ་བ་བརྩོན་འགྲུས་དང་། བཀྲ་ཤིས་རྒྱ་མཚོ། རྔ་བ་འཇམ་དབྱངས་རྒྱ་མཚོ་སོགས་ཕལ་ཆེར་ཕྱིས་ཀྱི་རིགས་པ་སྨྲ་བ་ཡོངས་དང་ངྷི་ཚའི་ལུང་རིགས་སོགས་ནམ་མཁའ་སྐར་ཚོགས་བཞིན་གྲངས་མང་བོས་ད་ལྟ་ཡང་བསྟན་པའི་ཆོས་འཆད་ཉན་གྱི་བྱ་བ་འབའ་ཞིག་གིས་དུས་འདའ་བར་ཡོད་དོ། །
        དེ་ལྟར་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་སོགས་མཁས་པའི་ལས་ཀྱིས་སྐུ་ཚེ་ཧྲིལ་བོར་བསྟན་འགྲོའི་དོན་འབའ་ཞིག་ལ་བརྩོན་ཅིང་། སྐུ་ཚེ་ཐ་མའི་ཚེ་ནའང་པེ་ཅིན་དུ་ཕེབས་ཏེ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་དཔེ་ཁྲིད་གནང་ཞིང་། གདན་ས་བཀྲ་ཤིས་འཁྱིལ་དུ་བླམ་དང་དགེ་བའི་བཤེས་གཉེན་རྡོ་རམས་དང་བཀའ་རམས་བརྒྱ་ཕྲག་བརྒལ་བ་དང་། གཞན་ཡང་ཕྱོགས་སོ་སོ་ནས་ཕེབས་པའི་དོན་གཉེར་བ་བརྒྱ་ཕྲག་དུ་མ་ལ་ཕར་ཕྱིན་མཐའ་དཔྱོད་དང་གསེར་ཕྲེང་། རྗེ་བསྟན་པའི་སྒྲོན་མེའི་མཆན་གསུམ་སྦྲགས་ཏེ་མཐའ་དཔྱོད་རྒྱས་པ་དང་བཅས་དཔེ་ཁྲིད་གནང་ཞིང་སྐབས་དང་བོ་མ་རྫོགས་ཙམ་ལ་གློ་བུར་དུ་སྤྱི་ལོ་༢༠༡༠ལོའི་ལུགས་རྙིང་ཟླ་ལྔ་བའི་ཚེས་ལྔའི་ཉིན་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་མཛད་དོ། །

ཁོང་གི་སྐུ་པར་གནང་མཁན་ཡོདན་བཀའ་དྲིན་ཆེ།

གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             རྩོམ་ཁུངས།  རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།