ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་བརྩོན་འགྲུས་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་རྣམ་ཐར་མདོར་བསྡུས།
དེ་ཡང་མདོ་སྨད་བསྟན་པའི་འབྱུང་གནས་ཆོས་སྡེ་ཆེན་པོ་རྗེ་སྐུ་འབུམ་བྱམས་པ་གླིང་གི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་བརྩོན་འགྲུས་རྒྱ་མཚོ་མཆོག་ནི་ཡུལ་མདོ་སྨད་ཙོང་ཁའི་ཉེ་འདབས་བཱ་ཡན་གསེར་མོ་ལྗོངས་སྟག་ལུང་ཡུལ་ཚོ་རྒྱ་རྒྱ་སྡེ་བར་རིགས་རུས་ཕུན་སུམ་ཚོགས་པ་ཡབ་སྔགས་འཆང་རྡོ་རྗེ་བསོད་ནམས་དང་ཡུམ་འབྲུག་མོ་སྐྱིད་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅོ་ལྔ་བའི་ས་ལུག་(སྤྱི་ལོ་༡༩༡༩)ལ་ངོ་མཚར་བའི་ལྟས་ཁྱད་པར་ཅན་དང་བཅས་སྐུ་འཁྲུངས། ཡབ་ཡུམ་གཉིས་ལ་སྲས་མིང་སྲིང་བཞི་ཡོད་པ་ལས་ཁོང་ནི་སྲས་ཆུང་བ་ཡིན།
དགུང་ལོ་བརྒྱད་ཀྱི་སྟེང་བྱང་གི་དགོན་ཆེན་བཞིའི་ཡ་གྱལ་དགོན་ལུང་དགོན་དུ་ཕེབས་ནས་བཤེས་གཉེན་ཆེན་པོ་མཁན་བློ་བཟང་སྙན་གྲགས་རྒྱ་མཚོའི་དྲུང་ལས་རབ་ཏུ་བྱུང་སྟེ་མཚན་ལ་བརྩོན་འགྲུས་རྒྱ་མཚོར་གསོལ། ལོ་དེར་དགོན་ལུང་དགོན་པའི་ཆོས་སྒོར་ཞུགས།དགེ་བའི་བཤེས་གཉེན་ཆེན་པོ་མཁན་བློ་བཟང་སྙན་གྲགས་རྒྱ་མཚོ་བསྟེན་ནས་ཆོ་ག་ཆོས་སྤྱོད་དང་སུམ་རྟགས་དག་གསུམ་སོགས་ཀྱི་རྨང་གཞི་བརྟན་པོར་ཚུགས།
དགུང་ལོ་བཅུ་གཉིས་ལྕགས་རྟ་(སྤྱི་ལོ་༡༩༣༠)ལ་ཆོས་སྡེ་ཆེན་པོ་རྗེ་སྐུ་འབུམ་བྱམས་པ་གླིང་དུ་ཕེབས་ནས་གཅེན་པོ་བློ་བཟང་མཆོག་གི་བཀའ་དྲིན་ལས་དགོན་འདིའི་ཆོས་སྒོར་ཞུགས། དགེ་བའི་བཤེས་གཉེན་ཆེན་པོ་ཨ་ཀྱཱ་བསྟན་པའི་རྒྱལ་མཚན་ཚང་དང་སོག་པོའི་དགེ་བཤེས་རབ་འབྱམས་པ་སྤྱན་རས་སྐྱབས། པེ་རུ་ཏི།བདེ་ཆེན་དགོན་པའི་ཨ་ཁུ་བློ་བཟང་བསྟན་པ།ཟི་ན་དགེ་རྒན་ཚང་སོགས་བཤེས་གཉེན་དུ་མ་བསྟེན་ནས་ཐུན་མོང་རིག་གནས་སྙན་ངག་སྡེབ་སྦྱོར་སྐར་རྩིས་སོགས་དང་དབང་ལུང་མན་ངག་དང་དཔེ་ཁྲིད་སོགས་ཆགས་མེད་དུ་ཕེབས་ཏེ་གཞུང་ཆེན་བཀའ་བོད་ལྔ་དང་སྔགས་སོགས་རྒྱུད་སྡེ་བཞི་ལ་ཉིན་མཚན་སྦྲེལ་ནས་བརྩོན་པ་དྲག་པོ་གནང་སྟེ་ཐོས་བསམ་རྒྱ་ཆེར་མཛད།
དགུང་གྲངས་ཉེར་དགུ་མེ་ཕག་(སྤྱི་ལོ༡༩༤༧)ལ་མདོ་སྔགས་བསྟན་པའི་མངའ་བདག་ཨ་ལགས་བླ་ཁོ་རིན་པོ་ཆེ་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་ཚང་གིས་མཁན་པོ་དང་པན་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་ཡོངས་འཛིན་བསང་ཁོག་ཨ་ཁུ་འཇིགས་མེད་ཚང་གིས་གསང་སྟོན་ཨ་ཀྱཱ་བསྟན་པའི་རྒྱལ་མཚན་མཆོག་དང་ལ་མོ་ཡོངས་འཛིན་མཁས་གྲུབ་རྒྱ་མཚོ་ཚང་ཨ་ཁུ་ཐབས་མཁས་ཚང་སོགས་ཀྱིས་ལས་གྲྭ་མཛད་དེ་དར་ཆོག་ཉེས་མེད་ཕུན་ཚོགས་ཀྱི་སྒོ་ནས་བསྙེན་པར་རྫོགས།
དགུང་ལོ་བཞི་བཅུ་སྟེ་ས་ཁྱི་(སྤྱི་ལོ་༡༩༥༨)ལ་དུས་འགྱུར་ཆེན་པོའི་དབང་གིས་སྐུ་འབུམ་ཆུ་དཀར་ཐང་དུ་ཕེབས་ནས་གཅེན་མོ་ཆུང་བ་ཚེ་མོ་ཐར་གྱི་གམ་དུ་མི་ལོ་བཅུའི་རིང་ལ་སྦས་སྟབས་ཀྱིས་ཉམས་ལེན་ལ་གཞོལ་ཅི་ཐུབ་གནང་།གནས་ཚུལ་ཛ་དྲག་ཏུ་གྱུར་ནས་སྐུ་འབུམ་ཆུ་དཀར་ཐང་དུ་འདུག་སྟབས་མ་འགྲིག་པར་གསང་སྟབས་ཀྱིས་ཕ་ཡུལ་བྱ་མདོ་ཡུལ་ཚོའི་ཀོ་རུ་མདོ་སྡེ་བར་ཕེབས་ནས་གཅེན་མོ་ཆེ་བ་བྱམས་ཁོའི་ཁྱིམ་དུ་ལོ་དུ་མར་བཞུགས།
དགུང་ལོ་ལྔ་བཅུ་ང་གཉིས་ལྕགས་ཁྱི་(སྤྱི་ལོ་༡༩༧༠)ལོའི་དཔྱིད་དུས་སུ་སྐུ་འབུམ་ཆུ་དཀར་ཐང་གི་དམངས་དམག་ཆེད་དུ་བྱ་མདོ་ལ་ཡོངས་ནས་འཛིན་བཟུང་བྱས།སེམས་དཔའ་ཆེན་པོ་ཁོང་ཉིད་བསྟན་པ་དང་འགྲོ་བ་ཁོ་ནའི་ཆེད་དུ་མི་ལོ་བཅུའི་རིང་ལ་བཙོན་ཁང་དུ་བཞུགས།
དགུང་གྲངས་༦༡ ས་ལུག་( སྤྱི་ལོ་༡༩༧༩)ལ་བཙོན་གྲོལ་ཐོབ་སྟེ་དཀར་འདོན་བྱས་རྗེས་ཆོས་སྡེ་ཆེན་པོ་རྗེ་སྐུ་འབུམ་བྱམས་པ་གླིང་དུ་ཕེབས་ནས་གྲྭ་ཚང་ལ་ཞབས་སུ་གང་ལེགས་ལོ་དུ་མར་གནང་། སྐལ་ལྡན་གྱི་སློབ་བུ་རབ་འབྱམས་པ་དཔལ་ལྡན་བློ་གྲོས། རབ་འབྱམས་པ་མཁྱེན་རབ་རྒྱལ་མཚན་བློ་བཟང་མཁས་གྲུབ་བློ་བཟང་ཚུལ་ཁྲིམས་སྐལ་བཟང་ཤེས་རབ་བློ་བཟང་བསྟན་འཛིན་སོགས་སློབ་མ་བརྒྱ་ཕྲག་ལྷག་ལ་གཞུང་ཆེན་བཀའ་བོད་ལྔ་དང་སྔགས་སོགས་རྒྱུད་སྡེ་བཞིའི་ཁྲིད་ལུང་མན་ངག་སོགས་ཆུ་བོའི་རྒྱུན་བཞིན་གནང་སྟེ་འཆད་ཉན་བཤད་སྒྲུབ་ཀྱི་བྱ་བ་རྒྱ་ཆེར་སྤེལ་ཞོར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་བསྟན་འགྱུར་དག་ཚར་རེ་ཞལ་འདོན་གནང་།
གཞན་གསེར་འོད་དམ་པ་མདོ་སྡེ་དམ་པ་དབང་བོའི་རྒྱལ་བོ་དང་གསང་འདུས་རྩ་རྒྱུད་རྡོ་རྗེ་གཅོད་པ་སྤྱོད་འཇུག་ཆེན་མོ་སོགས་སྟོང་ཚར་དུ་མ་རེ་དང་འཇིགས་བྱེད་དཔལ་རྟ་མཆོག་རོལ་བ་གཉིས་ཀྱི་བསྙེན་མཚམས་ལོ་རེར་རེས་མོས་ཀྱིས་ཆགས་མེད་གནང་བ་སོགས་མདོར་ན་སེམས་དཔའ་ཆེན་པོ་ཉིད་ཀྱི་སྐུ་ཚེ་གང་བོར་བསྟན་པ་དང་འགྲོ་བའི་དོན་གང་ལེགས་མཛད་དེ་དགུང་གྲངས་བརྒྱད་ཅུ་གྱ་བདུན་ཤིང་མོ་བྱ་སྟེ་(སྤྱི་ལོ་༢༠༠༥/༡༢ཚེས༡༥ལ)གཟའ་སྐར་འཕྲོད་སྦྱོར་བཟང་བ་རྒྱལ་ཕུར་འཛོམས་པའི་ཉིན་མོར་རྗེ་བླ་མའི་གདན་ས་རྗེ་སྐུ་འབུམ་བྱམས་པ་གླིང་དུ་གདུལ་བྱ་ཐུན་མོང་བའི་སྣང་ངོར་སེང་གེ་འགྱིང་སྟབས་ཀྱིས་བཞུགས་སྟངས་ངང་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན།
གསུང་ལས་སྐྱེས་པའི་སློབ་མ་ཡང་སྐུ་འབུམ་བྱམས་པ་གླིང་གི་དགེ་བའི་བཤེས་གཉེན་མང་དུ་བཞུགས་སོ།།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn