དགེ་བའི་བཤེས་གཉེན་སྐལ་བཟང་ལོ་ཡེ་རྣམ་ཐར་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2016-05-19 22:25:27     རྩོམ་པ་པོ།   བསྟན་པ་ཡར་འཕེལ།    ཀློག་ཐེངས།  

 

IMG_0002.jpg

            ༄༅། །རྒྱལ་ཀུན་གསང་གསུམ་ལི་ཁྲིའི་ཏི་ལི་ཀ། གཅིག་བསྡུས་རྒྱལ་བའི་ཡབ་གཅིག་འཇམ་དཔལ་དབྱངས།། མི་ཡི་རྣམ་རོལ་བཤེས་གཉེརྣ་དམ་པའི་ཞབས།། སྙིང་དབུས་ཆུ་སྐྱེས་འདབ་མར་བསྐལ་བརྒྱར་བཞུགས།། ཞེས་ཚིགས་སུ་བཅད་པའི་ལོ་ག་གཅིག་གིས་མདུན་བསུས་ཏེ་གང་གླེང་པར་བྱ་བ་ནི་མདོ་སྔགས་རབ་འབྱམས་མཐའ་དག་ལ་ནང་བྱན་ཆུད་པ་བསྟན་འཛིན་མཁས་མང་གསེར་རིའི་ཕྲེང་བའི་གཙུག་གི་རྒྱན་དུ་གྱུར་བ་རབ་འབྱམས་པ་སྐལ་བཟང་ཆོས་སྲུང་མཆོག་གི་རྣམ་པར་ཐར་བ་རྒྱ་མཚོ་ལྟ་བུ་ལས་ཉུང་པསྡུས་སྐྲ་རྩེ་ཆུ་ཐིགས་ཙམ་བརྗོད་པ་ལ།

            རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་དཔལ་ལྡན་བླ་མ་དམ་པ་གང་ཉིན་སྤྱི་༡༩༠༨ལོའི་ཟླ་བ་བཅུ་བའི་ཚེས་བརྒྱད་ཉིན་སོག་ཡུལ་ཧྭ་ར་ཆེན་ཞེས་བའི་ས་ལ་དགེ་བཅུའི་དཔལ་མོའི་མེ་ཏོག་བཞད་པའི་ཡུལ་དུ་ཡབ་གྲགས་པ་རྒྱལ་མཚན་དང་། ཡུམ་ཚ་ཝན་ཏཱ་རེ་སྟེ་སྒྲོལ་མ་དཀར་མོ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་མང་པོ་དང་བཅས་སྐུ་བལྟམས། ན་ཚོད་དང་པོའི་སྟོད་གཡོགས་མནབས་པ་ན། སོག་ཡིག་རྒྱ་ཡིག་ཡུ་གུར་རིགས་ཀྱི་ཡི་གེ་སོགས་ལ་སྦྱངས།

           དགུང་ལོ་བརྒྱད་ཀྱི་དུས་སུ་སྔོན་གྱི་བག་ཆགས་སད་པས་གནས་དེའི་བཀྲ་ཤིས་ཆོས་འཁོར་དགོན་དུ། རབ་འབྱམས་པ་ཚེ་དཔག་སྐྱབས་ཀྱི་མདུན་ནས་རབ་ཏུ་བྱུང་སྟེ་མཚན་ལ་སྐལ་བཟང་ཆོས་སྲུང་དུ་གསོལ། དམ་པ་གང་གི་ཞབས་ཀྱི་མེ་ཏོག་རྩིབས་སྟོང་འཁོར་ལོ་ཤར་ན་ལེནྡྲ་་གཉིས་པ་མདོ་སྨད་འཛིན་མའི་ཐིག་ལེ་འཇམ་མགོན་ཙོང་ཁ་བ་ཆེན་པའི་ལྟེ་བའི་མཚལ་ཐིགས་ས་ལ་འཕོས་པའི་གནས་སྐུ་འབུམ་ཆོས་ཀྱི་སྡེ་ཆེན་པོར་བསྒྱུར། ཨ་ཀྱཱ་ཡོངས་འཛིན་སོགས་དགེ་བའི་བཤེས་གཉེན་མང་པོའི་ཞབས་པད་སྤྱི་བོའི་བདེ་ཆེན་གྱི་འཁོར་ལོའི་རྒྱན་དུ་བཀོད།

           དེ་ནས་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ནས་སློབ་གཉེར་མཛད་སྐབས་འཛིན་གྲྭ་པར་ཕྱིན་སྐབས་དང་པོར་བསླེབས་པའི་བར་དུ་བཟུང་ན་ཚིག་མི་ཟིན་བསམ་ན་དོན་མི་གོ་བའི་ཚུལ་མཛད། ས་སྐྱ་པཎ་ཆེན་གྱིས་ལུང་བསྟན་པ་ལྟར་ཚེ་རབས་ཕྲེང་བར་བསྟེན་ཅིང་བསྒྲུབས་པའི་ལྷ་འཇམ་དཔལ་དབྱངས་དཀར་བོ་བསྒྲུབས་པས་ཉིན་བདུན་གྱི་ཤེས་རབ་ཇེ་འཕེལ་དུ་སོང་བའི་རྟགས་ཁྱད་པར་བ་ཞིག་ཐོན། དེ་ནས་འཇམ་པའི་དབྱངས་ཀྱི་སྔགས་འབུམ་ཐེར་་དྲུག་བརྒྱ་གསུངས་བ་ན་མཚན་ལམ་དུ་རབ་གྲི་དང་དུང་དཀར་ཀྱི་ཆར་འབབ་པ་དང་སྙིང་ཀར་རལ་གྲིའི་འཁོར་ལོ་འཁོར་བས་གཟིམ་དུ་ཡུར་དཀའ་བ་སོགས་ངོ་མཚར་བའི་གྲུབ་རྟགས་སྨད་དུ་བྱུང་སྟེ་ཉིན་རེར་མདའ་ཚད་མའི་དེབ་གྲངས་བདུན་ཅུ་རེ་ཐུགས་འཛིན་ཚེགས་མེད་དུ་ཐུབ་པ་བྱུང་ཞིང་རིག་པ་སྨྲ་བ་རྣམས་ཀྱི་ཁྱུ་མཆོག་དུ་གྱུར། ཕྱི་རོལ་མུ་སྟེགས་པའི་པཎྜཏ་ཇི་་ལྟ་བུ་ཞིག་ཡིན་ཡང་ཕམ་ཐུབ་སྙམ་པའི་གདེང་ཞིག་ཀྱང་བྱུང་གསུངས། གྲྭ་རྒན་གཞོན་ཀུན་གྱིས་བསྔགས་བརྗོད་ཀྱི་ཕྲེང་པ་དཀར་བོ་ཕྱོགས་ཀྱི་བུ་མོའི་རྣ་ཆར་བཀོད།

            དེ་དུས་འཚོ་བའི་མཐུན་རྐྱེན་ཤིན་ཏུ་དམན་པས་ཉིན་བདུན་ཕྲག་གཅིག་ལ་ཆུ་ལས་བཞེས་བ་གཞན་མེད་ཀྱང་སློབ་ གཉེར་ཁོ་ནར་འབད་པ་ལ་ཆོས་གྲོགས་འགས་བཀའ་དྲིན་མ་བསྐྱངས་ན་སྲོག་ཀྱང་ཤོར་བའི་ཉེན་ཁར་བསླེབས། བདག་གཞོན་དུས་ལྷ་བཤོས་ནི་མཆོག་ཏུ་གྱུར་བའི་ཁ་ཟས་ཡིན་དེང་སྐབས་ཁྱི་ ཡིས་ཀྱང་མི་ཟ་ཁྱོད་ཚོར་སློབ་གཉེར་ལ་དཀའ་ཐུབ་མེད་ཅེས་ བཀའ་བཀྱོན་ཡང་ཡང་གནང་། བདག་ནི་སྐྱིལ་ཀྲུང་ཞིག་ནས་གཉིད་མ་མྱོང་ལ་ཉིན་མཚན་ཀུན་དུ་སློབ་གཉེར་ལ་འབད་པ་བྱས་པ་ཡིན་གསུངས།

           དེ་ལྟར་གཡག་ཞར་གྱིས་རྩྭ་ཟོས་བ་ལྟར་མ་ཡིན་པར་སློབ་གཉེར་རྡོ་རུས་གཏུག་པ་མཛད། ཉིན་ཞིག་ཐུགསམི་བདེ་པའི་སྣང་བ་ཅུང་ཙམ་བྱང་བྱུང་སྟེ་ཤར་ཕྱོགས་པ་རིག་པའི་དཔའ་པོ་ཆོས་རྗེས་དོན་འགྲུབ་རིན་ཆེན་གྱིས་བྱིན་གྱིས་བརླབས་པའི་གནས་ཆུ་དཀར་རི་ཁྲོད་དུ་ཕེབས་ནས་ལམ་རིམ་ཆེན་མོའི་དོན་བསམ་བཞིན་ཐུགས་འཛིན་མཛད་པ་ན་མཚན་མོ་རེ་རེ་བཞིན་གསེར་སྡོང་ཆེན་མོའི་མཆོད་རྟེན་བུམ་པ་ལས་འཇའ་འོད་ཕྱོགས་བཅུར་འཕྲོ་བའི་ཀློང་ན་དགེ་ལྡན་བསྡན་པའི་སྲུང་མ་དམ་ཅན་ཆོས་རྒྱལ་གྱིས་གར་བྱེད་པ་ཡང་ཡང་རྨིས་ཐུགས་མི་བདེ་བ་ཡང་རང་སར་ཞི།

             དགུང་གྲངས་སོ་གཉིས་སྟེང་རབ་འབྱམས་པའི་གྲྭ་སྐོར་མཛད་སྐབས་གཞུང་ལུགས་ཆེན་མོ་ལྟ་ཅི་ཚིག་གི་འཁྲི་བ་ཕྲ་མོ་ཡན་ཆད་ལའང་སྒྲོ་འདོགས་མཐའ་ཆོད་པ་བྱེད་པའི་ལན་ཐོགས་མེད་དུ་མཛད་པས་རབ་འབྱམས་པ་སྐལ་བཟང་ཆོས་སྲུང་ཞེས་བའི་མཚན་སྙན་ཀྱི་གྲགས་པ་དཀར་བོའི་མེ་ཏོག་དགུང་དུ་མཐོར། དེ་དུས་དབུ་མ་ཆེན་མོའི་དོགས་དཔྱོད་འདི་བརྩམས་བུ་སློབ་གུར་ཀུམ་གྱི་དོག་པ་གསར་བས་ས་སྟེང་ཁྱབ།རབ་འབྱམས་པའི་མིང་བཏགས་ལེན་པའི་དུས་ལོངས་སྤྱོད་ཀྱི་འབྱོར་བ་ཤིན་ཏུ་དམན་པས་མིང་བཏགས་ཐོག་ནས་དམ་བཅའ་འཇོག་དཀའ་བྱུང་ནས་ལྷ་མོ་རིག་བྱེད་མ་བསྒྲུབས།
             ཉིན་ཞིག་ཚོགས་ལ་ཕེབས་པ་ན་བཞུགས་གདན་སྟེང་བུ་མེད་གཞོན་ནུ་མ་རྒྱན་ཆ་སྣ་ཚོགས་ཀྱིས་བརྒྱན་པ་གོས་འཇལ་ཚོན་གྱི་རིས་ཅན་གྱོན་པ་ཞིག་བསྡད་འདུག་ཁྱེད་ཀྱིས་འདི་ན་ཅི་བྱེད་འདི་ངའི་བཞུགས་ཁྲི་ཡིན་གསུངས་བ་ན་ང་ཁྱེད་ཀྱི་སྦྱིན་བདག་ཡིན་གསུངས་ནས་མི་སྣང་བར་གྱུར། དེ་ནས་བཟུང་ནོར་ལོངས་སྤྱོད་ཆར་བཞིན་དུ་བབས།་གཉིས་གཡུ་ཐོག་གཉིས་བ་ཛ་ཡ་ལྷ་རྗེའི་མདུན་དུ་གསོ་རིག་གསན་སྐབས་ཉིན་དྲུག་ཅུའི་ནང་རྒྱུད་བཞི་ཡོངས་སུ་རྫོགས་པའི་ཚིག་དོན་མ་ལུས་པ་ཐུགས་སུ་ཆུད་ནས་སློབ་དཔོན་ཡང་ཧ་ལས་པ་བྱུང་སྟེ་རང་ལས་མཁས་པའི་སློབ་མར་གྱུར།དགེ་བའི་བཤེས་གཉེན་ཨ་ཀྱྭཡོངས་འཛིན་ཚང་དང་ཚེ་ཤོས་པཎྡ་ཏ་ཨ་ཀྱུ་འཇམ་པའི་དབྱངས་བསྟན་པའི་རྒྱ་མཚན། ཁོང་ཨ་ལསས་བླ་ཁོ་རྔོ་རྗེ་འཆང་ཛ་ཡ་ལྷ་རྗེ་སོགས་་ཀྱི་མདུན་ནས་མདོ་སྔགས་རབ་འབྱམས་མཐའ་དག་གི་དཀའ་བའི་གནད་མ་ལས་བར་བཤད་ཁྲིད་དང་དམར་ཁྲིད་རྨྱོང་ཁྲིད་དང་།རྒྱས་ཁྲིད་དང་།དབང་ལུང་མན་ངག་བཅས་བ་གངས་ཅན་ཁ་འབབ་ཀློང་བཞིའི་རྒྱུན་བཞིན་དུ་གསན།ཁྱབ་བདག་རྡོ་རྗེ་འཆང་དབང་དཔལ་ལྡན་བླ་མ་དམ་པ་གང་ཉིད་ཀྱིས་ཀྱང་ཡིད་བཞིན་དབང་གི་རྒྱལ་བོའི་ནོར་བུ.རིན་པོ་ཆེ་རྙེད་པའི་ཕས་རང་གི་བུ་ལ་གཅེས་ནོར་ཕངས་དུ་སྟེར་བ་བཞིན་གཞུང་ཆེན་བཀའ་པོད་ལྔ་དང་དབང་ཁྲིད་མན་ངག་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་མཐའ་དག་ཉིན་མཚན་འཁོར་མོ་ཡུག་ཏུ་སྩལ་བས་སྨིན་པ་དང་གྲོལ་བའི་གདུལ་བྱ་ས་ཆེན་པའི་རྡུལ་ལ་འགྲན་བྱུང་།      

             རིག་གསར་གོད་ཆག་གི་སྐབས་ཁོང་རྡོ་རྗེ་འཆང་ཉིད་ལངས་སྤྲེའུ་རྒན་རྣམས་ཀྱི་མི་བཟུང་སྟེ། །མཇུག་མ་མེད་ཅེས་བཞད་གད་བྱེད། །ཟེར་བའི་དཔེ་ལྟར་མ་ཉེས་ཁ་ཡོག་ཐེབས་ནས་རང་ཡུལ་དུ་ཕེབས་དགོས་བ་བྱུང་སྟེ། ཕལ་བ་རྣམས་ཀྱི་གཡོག་དང་དོན་མེད་ཉེས་འགེལ་བྱེད་པ་སོགས་ཅི.འདྲ་མྱོང་ཡང་འཁོར་འི་རང་མཚང་རྗེན་པར་བཏོན་པ་ལ་དགོད་བྲོ་བ་དང་སྙིང་རྗེ་བ་ལས་མ་བྱུང་གསུངས། གཞན་ལ་ལས་གཡོག་བྱེད་པའི་ཞོར་དུ་རི་ནས་རྩྭ་སྨན་པོ་བཏུས་ནས་ནད་པ་མང་པོར་ཕན་བཏགས་པས་ཀུན་གྱིགཙུག་གི་ནོར་བུར་བཀུར། གསོ་བྱེད་ཀྱི་གཞུང་ལ་ལྗགས་ཀྱི་འདབ་མ་རབ་ཏུ་ཡངས་པའི་གསུང་ལས་སྐྱེ་པའི་བུ་སློབ་ཀྱིས་ས་སྟེང་བཀང་།

            ཁྱད་པར་དུ་ཁོང་གིས་བོད་ཡིག་གི་རྒྱུད་བཞི་སོག་སྐད་དུ་བསྒྱུར་ནས་སོག་པོའི་སྨན་པ་རྣམས་ལ་ཁྲིད་པས་གནས་དེའི་སློབ་དཔོན་ཆེན་མོར་གྱུར། ནས་རིམ་གྱིས་ཟླ་བ་སྤྲིན་རུམ་ལས་ཐོན་པ་བཞིན་བསྟན་པ་དར་གྱི་དགེ་མཚན་འོད་ཀྱི་དྲོད་རླབས་ཤར་བ་ན་ཁོང་རྡོ་རྔེ་འཆང་གི་མཚན་ལམ་དུའང་གསེར་ཏོག་ཚང་དང་། ཨ་ཀྱུ་ཚང་། ཁྱད་པར་དུ་རྩ་བའི་བླ་མ་ཆོ་ཤོས་པཎྡ་ཏས་རབ་དཀར་ལྷ་རྫས་དཀར་བོ་སྲིད་དུ་རིང་བ་ཞིག་གནང་སྟེ་གདན་འདྲེན་པ་ཡང་ཡང་རྨིས་བ་སོགས་རྟགས་ཁྱད་པར་ཅན་མང་པོ་བྱུང་བ་ལ་བརྟེན་ནས་སླར་ཡང་གདན་ས་ཆེན་པོ་བཀྲ་ཤིས་དཔལ་ལྡན་བྱམས་པ་གླིང་དུ་ཕེབས་ཏེ། དགེ་བསྙེན་རབ་བྱུང་དགེ་ཚུལ་དགེ་སློང་སོགས་བསྒྲབས་པ་ནི་ལྷན་གཅིག་ཏུ་འཚོགས་པ་སྲིད་ན་ན་ནམ་མཁའི་མཐོངས་ཀྱང་སེར་བོར་བ་སྒྱུར་བར་གོར་མ་ཆག ། 

            ཁྱད་པར་དུ་སྐལ་ལྡན་རྣམས་ལ་གང་ལ་གང་མཁོ་བཞིན་དབང་ལུང་མན་ངག་གི་རིགས་དང་། གཞུང་ཆེན་བཀའ་པོད་ལྔའི་དཀའ་བའི་གནད་ཀྱི་མདུད་པ་འགྲོལ་བའི་ཚུལ་འཛམ་གླིང་རྒྱན་དྲུག་མཆོག་གཉིས་དང་འཇམ་མགོན་བློ་བཟང་གྲགས་པའི་དཔལ་ཡང་ཁུག་པར་ཕྱེད། ཚུལ་ཁྲིམས་ཀྱི་དྲི་བསུང་མངར་བོ་ཧ་རིའི་ཙན་ེདན་གྱི་ལྗོན་པའི་དྲི་ངད་རླུང་གིས་བསྐྱོད་པའི་ཚུལ་ལས་རྒལ་བ་སྐྱེས་བོ་ཀུན་ལ་མཐུན་སྣང་དུ་གྲུབ་ལ། དམ་པ་ཉིད་ཀྱི་སྐུ་མཐོང་བ་ཙམ་གྱིས་ཀྱང་རང་དབང་མེད་པར་གཞན་ལ་དང་བ་འདྲེན། རྡོ་རྗེ་སེམས་དཔའི་སྒྲུབ་པ་མཛད་པས་ཞལ་གཟིགས་པ་དང་འཇིགས་བྱེད་བསྙེན་ཆེན་ཀྱི་དུས་རྟགས་ངོ་མཚར་བ་བྱུང་བ་དང་། རྗེ་བཙུན་སྒྲོལ་མའི་བསྙེན་ཆེན་དང་། སྔགས་གྲངས་འབུམ་ཐེར་སུམ་ཅུ་དང་། དེ་བཞིན་གཤེགས་པ་ངན་སོང་སྦྱོང་རྒྱལ་ཀྱི་སྔགས་ འབུམ་ཐེར་བཞི་བཅུ་སྔོན་འགྲོའི་ཁྲིད་ཆེན་པཞིའི་བསྙེན་པ་བཅུ་ཕྲག་རེ་རེ། རྒྱལ་བ་འོད་དཔག་མེད་ཀྱི་འཕོ་བ་དང་འབྲེལ་བའི་མཚན་འབུམ་ཐེར་བཞི་བརྒྱ་དང་། ཐུགས་རྗེ་ཆེན་པོའི་བསྙེན་ཆེན། མཁའ་སྤྱོད་དཔང་མོའི་བསྙེན་ཆེན། མྱུང་མཛད་མགོན་པོའི་བསྙེན་པ་སོགས་ཀྱི་སྐབས་ཞལ་གཟིགས་པ་སོགས་ངོ་མཚར་བའི་རྟགས་ཁྱད་པར་ཅན་བྱུང་བ་རྣམས་ནི་ཧ་ཅང་གསང་རྒྱ་ཆེ་བ་དང་བླ་མའི་བཀའ་གྲོལ་བའང་མེད་པས་མཁའ་འགྲོའི་བཀའ་ཆད་བྱུང་བ་ལ་འཇིགས་པས་རྣམ་ཐར་དུ་འབྲི་མ་སྤོབས།  

           དེང་དུས་ཀྱི་ལེ་ལོ་ཅན་ཅོལ་ཆུང་འགའ་ཞིག་གིས་རང་གི་མ་འཁྱོངས་པར་བཞག་སྟེང་མུ་ཏོ་བའི་གྲོ་ཕྱེ་ལྟ་བུའི་རིག་གནས་ཅུང་ཟང་ཤེས་བའི་སྤྲང་བོའི་པར་ཀ་གཡས་བསྐོར་དང་གཡོན་བསྐོར་བྱས་ཏེ་རང་དང་རང་འདྲའི་རིགས་ལ་ལྷ་མེད་ཀྱི་འཆལ་གཏམ་ཝ་བའི་ཕུང་བོ་ཆེ་ཆེར་བརྩེགས་པ་རྣམས་ལ་སྙིང་གིས་མ་བཟོད་པར་འགོ་འབུས་ཙམ་བྲིས་པ་ཡིན་ལ་འདིར་སྐབས་སུ་བབས་པའང་རྣམ་ཐར་མདོར་བསྡུས་ཡིན་པས་འདི་ཙམ་གྱི་འཐུས་བར་བྱས་བ་ཡིན། གཞོན་དུས་ལྟ་ཅི་དགུང་ལོ་བརྒྱད་ཅུའི་དུས་སུའང་ཉིན་མཚན་ཀུན་ཕལ་ཆེར་མི་གཟིམ་ལ་ཅུང་ཟད་ཙམ་གཟིམ་ནའང་མགོན་པོ་འོད་དཔག་མེད་ཀྱི་མཚན་བར་མེད་དུ་གསུངས་ཤིང་གཟིམ་མལ་དུ་གཟིམ་ཐུལ་ཡང་མེད། ཁྱད་པར་དུ་སྐུ་ལུས་ཀྱི་ཡང་ཟོར་བྱིས་པ་གཞོན་ནུ་དང་འདྲ་བར་ཕེབས་བཞུགས་ཀུན་ལ་ཉེས་ཞོ་ཡོངས་སུ་དབེན་པས་ངོ་མི་མཚར་བའི་སྐྱེས་པོ་སུ་ཡང་དབེན། ཁྱད་པར་དུ་བསྙུང་གནས་ཆོག་བརྒྱད་དུ་མ་ལོ་རེ་བཞིན་ཆག་མེད་དུ་སྲུང་བ་དང། རྒྱལ་བའི་བཀའ་འགྱུར་རོ་ཅོག་གསུངས་བ། ཁོང་རང་གིས་ཕྱག་བརྡར་དེ་སྐུ་གསུང་ཐུགས་རྟེན་བཞེངས་བ་སོགས་གྲངས་ལས་འདས། རྟགས་ཁྱད་པར་བ་ཡི་དམ་ལྷས་བསྐུལ་མ་བྱས་བ་ལ་བརྟེན་ནས་ཁྱུང་ཀྱུའི་བསམ་གཏམ་གླིང་དུ་ཐུགས་རྗེ་ཆེན་པོའི་ལྷ་ཁང་ཚད་ཀྱིས་བཞལ་མི་རུང་རྟེན་དང་བརྟེན་པར་བྱས་ཞིག་བཞེངས་ཏེ་བསྙུང་གནས་ཀྱི་རྒྱུན་བཙུགས།

            དགུང་གྲངས་གྱ་བརྒྱད་པ་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་གོ་ལྔ་ལོའི་ཟླ་བའི་ཚེས་གཅིག་ཉིན་ཞིང་འདིའི་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་གསུང་ལས་སྐྱེས་བའི་ཐུགས་སྲས་རྣམས་ལ་བདག་ནི་གྱིད་ཆེན་མདའ་འཕངས་བ་བཞིན་བདེ་ལྡན་ཞིང་དུ་ཕེབས་འགྲོ་ནམ་རྒྱུན་གསུངས་བ་བཞིན་ཉིན་དེ་ཡི་སྔ་དྲོ་བུ་སློབ་རྣམས་ལ་འཆི་བ་མི་རྟག་པའི་བསྐོར་དང་།བར་དོའི་འཕྲང་སྒྲོལ།   བྱང་ཆུབ་ལམ་རིམ་དང་། སྔགས་རིམ་སོགས་བསྡུས་བ་རེ་གསུངས་ཏེ་ གསུང་གི་མཐའ་མའི་དངོས་གྲུབ་སྩལ། དེ་ནས་ད་ནི་དུས་ལ་སླེབས་བྱུང་གསུང་ནས་ནམ་རྒྱུན་གྱི་ཐུགས་དམ་གྱི་རྟེན་རྒྱལ་བ་ འོད་སྣང་མཐའ་ཡས་ཀྱི་ཞིང་བཀོད་ཁྱེར་ཤོག་གསུང་ནས་ཞལ་ནུབ་ཕྱོགས་སུ་བསྒྱུར་ཏེ་ཐུགས་ཧ་ཅང་དགྱེས་ངང་དེ་བཞིན་གཤེགས་པ་རྒྱལ་བ་རིགས་ལྔའི་ས་བོན་དང་། ཆོས་ཐམས་ཅད་རྣམ་པར་ཐར་བའི་སྒོ་ལྟོང་བ་ཉིད་གསུང་བཞིན་དུ་ཧིག་ལན་གཅིག་བཏབ་སྟེ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས། ལྷ་མིའི་མཆོད་གདུང་ཆེན་མོ་སྐུ་གདུང་རིན་པོ་ཆེ་མེ་ལྷའི་ཕང་བར་ཕུལ་བ་ན། རིང་བསྲེལ་གྱི་རིལ་བུ་དཀར་བོ་སོགས་མདོག་མི་འདྲ་བ་ཆེ་ཆུང་མང་བོས་རབ་ཏུ་བཀང་བ། ད་ལྟ་ཞིང་འདིའི་གདུལ་བྱ་རྣམས་ལ་བསོད་ནམས་བསག་པའི་རྟེན་དུ་སྩལ་བ་མཆོག་དམན་ཀུན་གྱི་མཐུན་སྣང་དུ་དངོས་སུ་མཇལ་རྒྱུ་ཡོད་ལགས།

            དུས་གསུམ་རྒྱལ་བ་མ་ལུས་བའི་ཞལ་སྐྱིན་བཀའ་དྲིན་མཚུངས་མེད་བླ་མ་རྡོ་རྗེ་འཆང་ཉིད་ཀྱི་གསུང་འབུམ་ལ། དབུ་མ་ཆེན་མོའི་དོགས་དཔྱོད་འདི་དང་། བསམ་གཟུགས་དོགས་དཔྱོད། བསྡུས་གྲྭའི་དོགས་དཔྱོད། སྔགས་ཀྱི་དོགས་དཔྱོད། ཡིད་ཕངས་བ་ཞིག་ལ་མཚོན་བྱ་དོན་གྱི་དགེ་འདུན་ཉི.ཤུའི་དོགས་དཔྱོད་མདའ་ཚད་མའི་ཤོག་གྲངས་སུམ་བརྒྱ་ལྷག་ཅན་ངོ་མཚར་བ་ཞིག་བསྟན་པའི་བར་ཆད་ཀྱི་སྲེག་ཟས་ཁམས་སུ་དྲངས། བློ་སྦྱོང་དོན་བདུན་མའི་འགྲེལ་བ། སྔགས་བྱང་སེམས་ཀྱི་བསླབ་ཁྲིམས་ཀྱི་འགྲེལ་བ། བཀའ་བསྟན་ལས་བྱུང་བའི་དཔྱད་གཞིའི་ལུང་མང་བོ་ཕྱོགས་བསྒིགས། ཤེལ་གོང་ཕྲེང་གི་འགྲེལ་བ་རྒྱ་བོད་སོག་གསུམ་གྱི་ཡི་གེ་ཤན་སྦྱར་ཅན་རྩོམ་འཕྲོ། སྨན་གྱི་གཞུང་ལ་ཉེ་པར་མཁོ་བའི་སྲོག་ ཆགས་ཀྱི་རིག་ངོས་ཟིན་དཀའ་བ་མང་བོ་དང་། སྔོ་སྨན་གྱི་རིགས་ངོས་ཟིན་དཀའ་བ་མང་བོ།       རྡོ་སྨན་གྱི་རིགས་ངོས་ཟིན་དཀའ་བ་མང་བོའི་བརྙན་རིས་ཕྱོགས་བསྒྲིགས་དེབ་སུམ་ཅུ་ལོངས་བ་དང་།ཐོར་བུའི་སྐོར་མང་པོ་སོགས་བཞུགས།

            ཞེས་དཔལ་ལྡན་བླ་མ་དམ་པའི་རྣམ་བར་ཐར་བ་མདོར་བསྡུས་སུ་བཀོད་པ་དངོས་གྲུབ་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་འདི་ནི། དམ་པ་གང་གི་ཞབས་པད་ཡུན་རིང་བསྟེན་ཞིང་གསུང་གི་བདུད་རྩིའི་སྐལ་བ་ཐོབ་པའི་སློབ་བུའི་གྲལ་མཐའ་པ།ཁྲི་ཀ་བ་བསྟན་པ་ཡར་འཕེལ་དུ་འབོད་པས་བླ་མའི་རྣམ་པར་ཐར་བའི་བདུད་རྩི་ལ་རང་བཟོའི་རྙོགས་ཆུས་བསླད་མ་བཏབ་པར་སྦྱར་བ་འདི་ལ་ནོངས་བའི་ཚོགས་་མཆིས ༧ཡབ་རྗེ་བླ་མ་རྡོ་རྗེ་འཆང་མཚན་བརྗོད་པར་དཀའ་བ་གང་ཉིད་ལ་སྙིང་ནས་འཆགས་སོ།།

གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             རྩོམ་ཁུངས།  རྩོམ་འདིའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།