དགེ་བའི་བཤེས་གཉེན་ཆེན་པོ་ལྷ་སྡེ་དགེ་འདུན་བསྟན་འཛིན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-03 00:06:39     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

         

266152561068100177.jpg

ལྷ་སྡེ་ཨ་ཁུ་དགེ་འདུན་བསྟན་འཛིན།    རྗེ་བཙུན་དགེ་འདུན་བསྟན་འཛིན་ནི་སྤྱི་ལོ་1920ལོའི་ཧོར་ཟླ་12པའི་ཚེས་13ཉིན་ཡུམ་ཨ་སྐྱིད་ཀྱི་སྲས་སུ་སྐུ་འཁྲུངས། ཆུང་དུས་ཀྱི་མཚན་ལ་སྙིང་ལྕགས་བྱམས་ཟེར། དགུང་ལོ་བདུན་པ་སྟེ་སྤྱི་ལོ་1926ལོར་རོང་བོ་གྲྭ་ཚང་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་གི་ལུང་རིགས་སྨྲ་བའི་ཁྱུ་མཆོག་དགེ་བཤེས་བསེ་རིན་པོ་ཆེའི་དྲུང་དུ་རབ་བྱུང་དང་དགེ་ཚུལ་བསྒྲུབས་ཏེ་མཚན་ལ་དགེ་འདུན་བསྟན་འཛིན་གསོལ། 

སྤྱི་ལོ་1928སྟེ་དགུང་ལོ་དགུ་བ་ནས་དགེ་བཤེས་བསེ་རིན་པོ་ཆེའི་དྲུང་དུ་བཅར་ཏེ་ཡི་གེ་བསླབས་ཤིང་ཤག་རོགས་དགེ་རྒན་ལྡོང་ངེ་འཇམ་དབྱངས་ཚུལ་ཁྲིམས་ཀྱིས་འདོན་ཆོག་རྫོགས་པར་བསླབས། དགུང་ལོ་བཅུ་གསུམ་ནས་བསེ་རིན་པོ་ཆེའི་དྲུང་དུ་མཁན་ཆེན་བསྡུས་གྲྭ་ཁྲིད་ཅིང་། སྐབས་བབ་ཀྱི་བརྩི་གཞག་བློར་འཛིན་མཛད། དགུང་ལོ་བཅོ་ལྔ་ནས་ས་དཀྱིལ་དགེ་བཤེས་ཨརྱ་ཞེས་པའི་དྲུང་ནས་དཔེ་ཁྲིད་ཞུས་ཏེ་བྱང་རྩེ་བློ་རྟགས་དང་ས་ལམ། དོན་བདུན་ཅུ། གྲུབ་མཐའ་སོགས་དཔེ་འཁྲིད་ཞུས།              

སྤྱི་ལོ1939(དགུང་ལོ་ཉི་ཤུ)ལོར་ཀ་རིང་ལུང་གཡོན་ཐང་དུ་སྐྱབས་རྗེ་རྡོ་རྗེ་འཆང་མ་ཧཱ་པཎྚི་ཏ་འཇིགས་མེད་དམ་ཆོས་རྒྱ་མཚོས་མཁན་སློབ་སྒྲགས་མ་དང་། གནས་ལྔ་རིག་པ་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་དཔལ་བཟང་བོའི་གསང་སྟོན། སྨྲ་བའི་སེང་ཆེན་དྲུང་ཆེན་སྐྱབས་རྗེ་དཔྱི་ས་བློ་གྲོས་རྒྱ་མཚོས་དུས་གོ་མཛད་དེ་ཡོངས་སུ་རྫོགས་པའི་དགེ་སློང་གི་སྡོམ་པ་ལེགས་པར་བཞེས་ཏེ་གདན་ས་ཆེན་པོར་ཕྱིར་ཕེབས། 

སྤྱི་ལོ་1940(དགུང་ལོ་ཉེར་གཅིག)ལོར་སྨྲ་བའི་དབང་ཕྱུག་ཐམས་ཅད་མཁྱེན་པ་ཡོངས་འཛིན་བློ་བཟང་དཔལ་ལྡན་སོགས་མཁས་དབང་མང་བོའི་ཞབས་ལ་བསྟེན་ཏེ་གཞུང་མང་བོར་ཐོས་བསམ་མཛད། སྤྱི་ལོ་1945ལོའི་ཧོར་ཟླ་4བའི་ཚེས་མགོར་དགའ་ལྡན་དུ་ཕེབས་ཏེ་ཀླུ་འབུམ་ཁམས་ཚན་གྱི་ཆོས་སྒོར་ཞུགས།          

སྤྱི་ལོ་1951ལོར་དགེ་ལེགས་དང་མཁན་པོ་སོགས་ཀྱིས་ད་ཐེངས་ཅིས་ཀྱང་འགྲོ་དགོས་ཚུལ་ཞུས་པ་ལ་སྐྱབས་མགོན་རྡོ་རྗེ་འཆང་གིས་ཀྱང་འགྲོ་དགོས་ཚུལ་གསུངས་པས་ཕྱིར་གདན་སར་ཕེབས། སྤྱི་ལོ་1958ལོར་སྲིད་ཇུས་ཀྱི་རྐྱེན་དབང་གིས་བཙོན་ཁང་དུ་ལོ་ཉི་ཤུའི་རིང་བཞུགས། སྤྱི་ལོ་1980ལོར་གདན་ས་ཆེན་པོ་རོང་བོ་དགོན་ཆེན་དུ་ཆོས་སྒོ་གསར་དུ་ཕྱེས་རྗེས་ཚོགས་ཆེན་དགེ་བསྐོས་དང་སྐྱབས་འཇུག་ཞུ་བ་བོའི་མཚན་གནང་སྟེ་ཡང་དར་བསྟན་པའི་རྨང་གཞི་སླར་གསོའི་ཐུགས་འགན་རྒྱ་ཆེར་བཞེས། 

སྤྱི་ལོ་1992ལོར་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་སྐུ་ཕྲེང་བརྒྱད་པ་བསྟན་འཛིན་སྐལ་ལྡན་འཇིགས་མེད་དཔལ་བཟང་བོའི་ཡོངས་འཛིན་དུ་བཞུགས། གཞན་ཡང་རོང་བོ་དཔལ་གྱི་དགོན་ཆེན་གྱི་དགེ་བཤེས་ཆེན་མོ་འཇིགས་མེད་ཐེག་མཆོག་དང་། བློ་བཟང་ཆོས་གྲགས། འཇམ་དབྱངས་ཆོས་འཕེལ། དགེ་རྒན་ཆེན་མོ་འཇམ་དབྱངས་གྲགས་པ་སོགས་མདོ་སྔགས་རིག་གནས་ལ་མཁས་པའི་བུ་སློབ་མང་པོ་བསྐྱངས། 

བརྩམས་ཆོས་ལ་(ལྟ་བ་ངན་པའི་མུན་པ་སེལ་བར་བྱེད་པའི་ཤེས་རབ་ཉི་མའི་སྣང་བ)སོགས་དབུ་མ་དང་འདུལ་བའི་སྐོར་དུ་མ་བཞུགས། མཐར་དགུང་ལོ་བརྒྱད་ཅུ་གྱ་བདུན་པ་སྤྱི་ལོ་2006ལོའི་ཟླ་7པའི་ཚེས་27ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ། 

165395378301096260.jpg

     གསལ་འདེབས།རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།   དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།