དགེ་བའི་བཤེས་གཉེན་ཆེན་པོ་རྗེ་དགེ་འདུན་རྒྱ་མཚོའི་རྣམ་ཐར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2015-12-08 20:41:03     རྩོམ་པ་པོ།   བློབཟང་རྒྱ་མཚོ    ཀློག་ཐེངས།  

༄༅།།བཀའ་དྲིན་མཚུངས་ཟླ་མ་མཆིས་པའི་དཔལ་ལྡན་བླ་མ་དམ་པའི་ཡོན་ཏན་རྗེས་སུ་དྲན་པ་གདུང་སེལ་བདུད་རྩིའི་ཟེགས་མ་ཞེས་བྱ་བ་བཞུགས་སོ།

                              བློ་གྲོས་བཟང་བོས་འཇིགས་མེད་ཐུབ་བསྟན་མཛོད། །
                              ངོ་མཚར་གསང་གསུམ་བཀའ་ཡིས་དབང་བསྐྱུར་བ། །

                              ཆོས་སྲིད་འབྱོར་པའི་ཕྱོགས་ཀྱི་མཐའ་ཀླས་པ། །
                              ཉི་མ་ཇི་བཞིན་དཔལ་གྱིས་ལྷམ་མེར་མཛོད། །
                              རླབས་ཆེན་དགེ་ཚོགས་འདུན་པའི་རྒྱ་མཚོ་ཆེ། །
                              སྲས་བཅས་རྒྱལ་བའི་ཐུགས་སྨོན་འཁྱིལ་བའི་མཚོར། །
                              སྨིན་པའི་སྐུ་གསུམ་རིན་ཆེན་སྙིང་བོ་ཅན། །
                              ནམ་ཡང་འབྲལ་མེད་བདག་སྙིང་པད་མཚོར་རོལ། །
                              བཀའ་དྲིན་ཟླ་མེད་དགེ་བའི་བཤེས་གཉེན་མཆོག །
                              དད་འདུན་མོས་གུས་བརྟན་པོས་གསོལ་འདེབས་ན། །
                              གདུལ་བྱ་རྒྱ་མཚོའི་མགོན་དང་དཔུང་གཉེན་དུ། །
                              འབྱོན་པའི་ཐུགས་དམ་བསྙེལ་བ་མེད་པར་མཛོད། །
                             མཆོག་གསུམ་བྱིན་རླབས་ཚར་དུ་དངར་བའི་སྤྲིན། །
                             མཆོག་མཐུན་དངོས་གྲུབ་འདོད་པ་འཇོ་བའི་དཔྱིད། །
                             སྐལ་ལྡན་གདུལབྱའི་དད་གུས་ཞིང་ས་རུ། །
                             ཟབ་རྒྱས་ཆོས་ཀྱི་ཆར་ཆེན་དེང་འདིར་ཕོབས། །
        ཞེས་བླ་མ་དང་མཆོག་གསུམ་གྱི་ཐུགས་དམ་བསྐུལ་བའི་གཡས་འཁྱིལ་ཆོས་དུང་དཀར་བོའི་དབྱངས་སྙན་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྒྱན་དུ་བཀོད་དེ་གླེང་བར་བྱ་བ་ནི། ཇི་སྐད་དུ། མཁས་གྲུབ་ཐམས་ཅད་མཁྱེན་པའི་ཞལ་ནས། ལེགས་བཤད་འོད་བརྒྱའི་སྣང་བ་ཅན། ། བཤེས་གཉེན་ཉི་མ་གཅིག་གིས་ཀྱང་། ། ཐུབ་བསྟན་གླིང་བཞི་མ་ལུས་པ། ། གཅིག་ཆར་ཉིད་དུ་གསལ་བར་ནུས། ། ཞེས་གསུངས་པ་ལྟར་ནང་བསླབ་གསུམ་རིམ་གཉིས་ཀྱིས་བསྡུས་པའི་ཡོན་ཏན་མངོན་པར་མཐོ་བའི་གཟི་བྱིན་གྱི་རང་མདངས་ཕྱི་རོལ་དུ་ཤར་བའི་འཆད་རྩོད་རྩོམ་གསུམ་གྱི་ལེགས་པརབཤད་པའི་ཉིན་བྱེད་འོད་བརྒྱའི་སྣང་བ་རིས་སུ་མ་ཆད་པར་སྤྲོས་བས་མདོ་སྔགས་བཤད་སྒྲུབ་ཡོངས་སུ་རྫོགས་པའི་ཐུབ་པའི་བསྟན་པ་རིན་པོ་ཆེ་གླིང་བཞིའི་ཁྱོན་ཐམས་ཅད་གཅིག་ཆར་ཉིད་དུ་གསལ་བར་ནུས་པ།དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། ༧དགེ་འདུན་རྒྱ་མཚོ་དཔལ་བཟང་བོའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་ཞིག་གདུང་སེལ་འདོད་པ་འཇོ་བའི་གསོས་སུ་སྦྱིན་པར་བྱ་བ་ལ། དེ་ཡང་ནམ་མཁས་གར་ཁྱབ་ཏུ་གང་འདུལ་སྤྲུལ་བའི་རོལ་གར་རྒྱ་མཚོ་སྤྲིན་གྱི་རྗེས་སུ་འགྲོ་བས་གང་འཚམས་སྨིན་གྲོལ་གྱི་ལམ་ལ་འགོད་པའི་ཚུལ་ཅུང་ཟད་ཙམ་ཡང་བརྗོད་པར་རྔོ་མི་ཐོགས་ལ།བླུན་པོ་བདག་འདྲའི་སྣང་ཚུལ་གྱི་དབང་དུ་བྱས་ན། རྣམ་བར་ཐར་བ་ཆ་ཚང་བར་མདོར་བསྡུས་ཙམ་ཞིག་བརྗོད་པར་ནུས་ལ་བརྗོད་ཀྱང་འདོད་མོད་ཀྱི། རེ་ཞིག་བཏང་སྙོམས་སུ་བཞག་གོ །
       དེ་ཡང་འདི་སྐད་དུ་ཐོས་ཏེ། དཔལ་ལྡན་བླ་མ་དམ་པོ་རང་ཉིད་རབ་རྒྱལ་ཆུ་སྤྲེལ་ལོར་སྟོད་སོག་བེ་སིར་ཐེ་ཇུའི་ཐམ་རྟགས་ཀྱི་ཆོ་ལོ་ཐོབ་པའི་ཁྱིམ་དུ་ཡབ་དཀོན་མཆོག་སྐྱབས་དང་ཡུམ་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། དེ་ཡང་སྐུ་བལྟམས་པ་ལ་ཉེ་བའི་ཚེ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཨ་ཁུ་སངས་རྒྱས་རྒྱ་མཚོས་རང་གི་ཉེ་འབྲེལ་ལ་སྐད་བསྐུར་བཏང་ཞིང་དེ་ཡང་ངའི་རྨི་ལམ་དུ་ལྷ་མོའི་རུམ་ན་དུང་དཀར་བོ་ཆེ་ཞིང་དྲི་མ་མེད་པ་དུང་གི་ཁ་ཤིན་དུ་ཆེ་བ་ཞིག་ཡོད་པ་རྨིས། གལ་ཏེ་བུ་ཞིག་བཙས་ན་ང་ལ་སྟེར་དགོས་ཤིང་ནར་སོན་ཚེ་བླ་བྲང་དུ་བསྐྱལ་དགོས་ཞེས་གསུངས་པར་མ་བལྟམས་པའི་དུས་ལ་བབ་ཚེ་སོག་གུར་གྱི་ནང་ཐམས་ཅད་འོད་དཀར་པོས་ཁྱབ་པ་སོགས་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་བལྟམས་པ་ནས་བག་ཡོད་ཀྱི་སྤྱོད་པས་དགུང་ལོ་ལྔར་སླེབས་པའི་ཚེ་པཎ་ཆེན་སྣང་བ་མཐའ་ཡས་སྐུ་ཕྲེང་དགུ་བ་རྗེ་བཙུན་ཆོས་ཀྱི་ཉི་མ་མཆོག་བླ་བྲང་བཀྲ་ཤིས་འཁྱིལ་དུ་དུས་འཁོར་དབང་ཆེན་གནང་བར་མཇལ་དུ་ཕེབས་ཤིང་དེ་དུས་གདུགས་རྒྱལ་མཚན་དང་མཆོད་རྫས་བསྟར་ཏེ་དབང་བསྐུར་བའི་སྟངས་ཀའི་རྣམ་པ་ད་ལྟ་ཡང་བརྗེད་མེད་ཅིང་གསལ་ལེར་དྲན་པ་ཞིག་ཡོད་ཚུལ་གསུངས་འཕྲོས་སུ་བསྩལ་བའི་བཀའ་དྲིན་ཐོབ། དེ་དུས་ཕྱིར་འཁྲུངས་ཡུལ་ལ་ཕེབས་ལམ་དུ་རྟའི་འཕོངས་ནས་ལྷུང་བ་རྟ་ཞོན་མཁན་གྱིས་མ་ཚོར་ཞིང་ཁོང་ལ་ཡང་དངངས་སྐྲག་སོགས་གང་ཡང་མ་བྱུང་ལ་དགའ་སྤྲོའི་རྣམ་པས་མེ་ཏོག་སེར་པོའི་ཚལ་སྟུག་པོ་ཞིག་ཏུ་མེ་ཏོག་འཐུ་བཞིན་བཞུགས་པ་ཕྱིས་ཀྱི་འགྲུལ་བས་མཐོང་བ་ལ་ཇི་མི་སྙམ་པར་འཛུམ་སྟེ་བཞུགས་དེར་བྱེས་འགྲུལ་ཚོས་ཧ་ཅང་ངོ་མཚར་ཏེ་པང་དུ་བཟུང་ནས་ཆིབས་དང་བཅས་ཏེ་བྱོན་སྐབས་སུ་སྔོན་རྟའི་འཕོངས་ལ་འཛིན་མཁན་གྱི་ཉེ་འབྲེལ་ཚོས་ད་གཟོད་རྟའི་འཕོངས་ནས་ལྷུང་སོང་བ་ཤེས་ནས་ཧང་སངས་བས་ཕྱིར་བཙལ་བར་འོང་བ་རྣམས་དང་འཕྲད་དེ་ཉེ་འབྲེལ་རྣམས་ལ་སྤྲད་པའི་ཚུལ་འདི་ཡང་རིང་མིན་ཆོས་ཀྱི་དགའ་ཚལ་དུ་བློ་གསལ་བུང་བའི་ཚོགས་དང་ལྷན་དུ་ལུང་རིགས་བདུད་རྩིའི་དཔལ་ལ་རོལ་བའི་སྔ་ལྟས་སུ་འཁུམས་སོ། །
        དགུང་ལོ་དྲུག་གི་སྟེང་བླ་བྲང་བཀྲ་ཤིས་འཁྱིལ་དུ་བསྐྱལ་རྒྱུ་བྱས་ཡོད་ཅིང་སང་ཉིན་འགྲོ་བའི་མཚན་མོར་ཡབ་གསང་ཐབས་ཀྱིས་འགྲོ་བར་དོགས་ཏེ་ཡབ་ཀྱི་རུམ་ནས་མཚན་རིང་བོར་གཉིད་དུ་འགྲོར་མ་བཅུག་ཅེས་སོགས་ཕྲན་ལ་གསུང་གླེང་ཕེབས་ཚུལ་སོགས་ལ་བསམ་པས་དད་གདུང་སྤྲོ་གསུམ་འགྲན་པའི་བརྗོད་མེད་ཀྱི་རོ་འཛིན་པར་གྱུར་ཏོ། །
        དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་ཁོང་ཨ་ལགས་རིན་པོ་ཆེ་༧རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་བོ་ལས་རབ་བྱུང་དང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས། ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་ཨ་ཁུ་སངས་རྒྱས་རྒྱ་མཚོ་བ་གནས་དང་ཀློག་གི་སློབ་དཔོན་དུ་བསྟེན་ཏེ་ཅི་གསུང་བཀའ་བཞིན་སྒྲུབ་ཅིང་ཨ་ཁུ་དགུང་ལོ་དོན་དགུའི་ཐོག་སྐུ་སྙུང་བཞེས་སྐབས་སུ་ཁོང་དགོང་ལོ་བརྒྱད་ཙམ་བཞེས་པ་ཡིན་པ་ལ་ཅི་ནུས་ཅི་ལྕོགས་ཀྱིས་གསོལ་ཇ་འདྲེན་པ་དང་དྲི་ཆེན་དྲི་ཆུ་སོགས་ཕྱག་གིས་གཙང་སེལ་བྱས་པ་སོགས་དེ་དུས་ནས་བཟུང་དགེ་བའི་བཤེས་གཉེན་བསྟེན་ཚུལ་འབྲོམ་སྟོན་པ་གཉིས་པ་ལྟ་བུར་གྱུར་སྣང་ངོ་། །
        ཁོང་རིནཔོ་ཆེ་དགོང་ལོ་སྨིན་པའི་དུས་སུ་ཕྲན་དང་ཉེ་གནས་རྣམས་ལ་ད་ལྟ་ང་ལ་བྱ་བ་ལམ་འགྲོ་རེ་འབྱུང་གིན་ཡོད་པ་འདི་ཆུང་དུས་ནས་བཟུང་བླ་མ་བསྟེན་ཚུལ་ལེགས་པ་དང་ཁྱད་པར་དུ་ཨ་ཁུ་སངས་རྒྱས་རྒྱ་མཚོ་ཚང་ལ་གཙང་བཙོག་དང་དཀའ་ཚེགས་ཀྱི་སྣང་བ་མེད་པར་ཕྱག་གཡོག་རེ་བྱས་པའི་རྒྱུ་རྐྱེན་གྱིས་ཡིན་ཞེས་ཕྱག་ཐལ་མོ་སྦྱར་བ་ཡང་ཡང་གནང་། གསུང་འདི་ཙམ་རེས་ཀྱང་ལེགས་ཚོགས་ཀྱི་རྩ་བ་ཅི་ལྟར་ཚུགས་ཚུལ་རྗེན་པར་བསྟན་འདུག་ཀྱང་ང་དང་ང་འདྲའི་གླེང་མོལ་ལས་ཉམས་ལེན་གྱི་གནད་ཕྲ་མོ་ཞིག་གསུངས་པར་དཔོག་ནུས་སོ། །
        ལོ་དེ་ཀར་ཨ་ཁུ་ཚང་སྐུ་ཞི་བར་གཤེགས་པ་ལ་ཉེ་སྐབས་སུ། རྗེས་སོར་ངའི་ངོ་ཤེས་ཨ་མཆོག་གསུང་རབ་དང་དེ་མ་གྲུབ་ན་ཁོང་གི་སྤུན་ཟླ་ཨ་ཁུ་བཤད་སྒྲུབ་དང་གལ་ཏེ་དེ་དག་ཀྱང་མ་གྲུབ་ན་སོག་ཕྲུག་འཇིགས་མེད་གསུམ་པོ་ཅི་རིགས་གནས་ཀྱི་སློབ་དཔོན་དུབསྟེན་རྒྱུ་བྱོས། ངས་ཇི་ལྟར་ཁ་ཆེམས་བཞག་ཡོད་ཅེས་ཁོ་ཚོ་ལ་ཤོད་ཅེས་གསུངས་པ་ལྟར་ཡབ་དཀོན་མཆོག་སྐྱབས་ཀྱིས་ཁོང་ཨ་ཁུ་བཀའ་དྲིན་ཅན་ཁྲིད་དེ་ཐོག་མར་ཨ་ཁུ་གསུང་རབ་ཚང་ལ་གནས་ཚུལ་དེ་ལྟར་ཞུས་པས། ཐུགས་དགྱེས་བཞིན་དུ་ཞལ་གྱིས་བཞེས་པ་ནས་བཟུང་ཞབས་རྡུལ་སྤྱི་བོས་བླངས་ཏེ་སྐུ་མྱ་ངན་འདས་པའི་བར་དུཉེ་གནས་དམ་པར་གྱུར་ཏོ། །
        དེ་ནས་མཁས་བཙུན་བཟང་གསུམ་གྱི་བདག་ཉིད་དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་གསུང་རབ་རྒྱ་མཚོ་བ་དང་དེའི་ཞལ་སློབ་ཀྱི་མཆོག་ལུང་རྟོགས་ཡོན་ཏན་གྱི་གཏེར་མཛོད་རྗེ་བཙུན་་བསྟན་པ་རྒྱ་མཚོདང། མདོ་སྔགས་བསྟན་པའི་མངའ་བདག་མཁས་གྲུབ་བྱེ་བའི་གཙུག་རྒྱན་རྗེ་བཙུན་འཇིགས་མེད་རྒྱ་མཚོ་དང་། མཁས་གྲུབ་ཆེན་པོ་ཨ་ཁུ་ཁྱ་དགེ་ཚང་དུ་གྲགས་པ་དང། རྗེ་བཙུན་སྦྱིན་པ་རྒྱ་མཚོ་སོགས་ཟླ་བྲལ་དགེ་བའི་བཤེས་གཉེན་རྣམས་ལས་རྣམ་འགྲེལ་ནས་བཟུང་ཕར་མཛོད་འདུལ་ཟུར་བཀོད་བཅས་དང་བཀའ་པོཏ་ལྔས་མཚོན་མདོ་སྔགས་རིག་གནས་རིས་སུ་མ་ཆད་པ་ལ་གསན་བསམ་རྒྱ་ཆེན་མཛད་དེ་འཆད་རྩོད་རྩོམ་གསུམ་མཁས་བཙུན་བཟང་གསུམ་གྱི་སྒོ་ནས་རིག་པ་དང་གྲོལ་བར་སྨྲ་བའི་མཁས་མང་འདུས་པ་རྒྱ་མཚོའི་གཙུག་རྒྱན་དུ་གྱུར་ཏོ ། །
       བདེ་ཐང་མཁན་ཆེན་རྗེ་བཙུན་ཆོས་ཀྱི་ཉི་མ་མཆོག་གི་དྲུང་ནས་ལྔ་ཚོགས་ཀྱི་བསྙེན་པར་རྫོགས་པ་ནས་དམ་སྡོམ་མིག་འབྲས་སྲུང་བ་གཞིར་བཅས། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེངལྔ་བ་ཆེན་མོ་རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ། ཀུན་མཁྱེན་འཇམ་དབྱངསབཞད་པ་སྐུ་ཕྲེང་དྲུག་པ་ཆེན་མོ་རྗེ་བཙུན་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་བོ། སྤྱན་རས་གཟིགས་དབང་རྒྱལ་བའི་དབང་བོའི་ཞལ་སྔ་ནས། པན་ཆེན་ཐམས་ཅད་མཁྱེན་སྐུ་ཕྲེང་དགུ་བ་རྗེ་བཙུན་ཆོས་ཀྱི་ཉི་མ་མཆོག པཎ་ཆེན་སྣང་བ་མཐའ་ཡས་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན། ཡོངས་འཛིན་རྒྱ་ཡག་མཆོག་སྤྲུལ་རིན་པོ་ཆེ། ཐེག་པ་མཆོག་གི་དགེ་བའི་བཤེས་གཉེན་ཆེན་པོ་སྙིང་རྗེ་རང་གཟུགས་རྗེ་བཙུན་དགེ་འདུན་རྒྱ་མཚོ་དཔལ་བཟང་བོ། འཇམ་པའི་དབྱངས་གར་དུ་ཟློས་པ་རྗེ་བཙུན་འཇིགས་མེད་བསྟན་པའི་དབང་ཕྱུག་དཔལ་བཟང་བོ། ལ་མོ་ཡོངས་འཛིན་ཆོས་ཀྱི་རྒྱལ་བོ་རྗེ་བཙུན་་བློ་བཟང་མཁས་གྲུབ་རྒྱ་མཚོ་མཆོག གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཅིང་ཟབ་རྒྱས་མན་ངག་གི་གཏེར་མཛོད་རྗེ་བཙུན་་བསམ་གཏན་རྒྱ་མཚོའི་ཞལ་སྔ་ནས་ཟུང་འཇུག་སྙིང་རྗེའི་གར་བསྒྱུར་བདེ་སྟོང་མཆོག་གི་ཉམས་རྩལ་རྫོགས་པ་བདེ་ཐང་ཞབས་དྲུང་ཚང་རྗེ་བཙུན་དཀོན་མཆོག་མཁྱེན་རབ་རྒྱ་མཚོ། མཁས་གྲུབ་ཀུན་གྱི་གཙུག་རྒྱན་སྟག་གེ་ཚང་སྐལ་བཟང་ཆོས་གྲགས་རྒྱ་མཚོ། མཁས་གྲུབ་གཉིས་འཛོམས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བཀའ་འགྱུར་བ་རྗེ་བཙུན་་བསྟན་འཛིན་རྒྱ་མཚོ་དཔལ་བཟང་བོ། ལུང་རྟོགས་ཡོན་ཏན་གྱི་གཏེར་མཛོད་རྗེ་བཙུན་ཡེ་ཤེས་རྒྱ་མཚོ་བ་སོགས་བཅུ་ཕྲག་གསུམ་ལ་ཉེ་བའི་དགེ་བའི་བཤེས་གཉེན་རྣམས་ཀྱི་ཞབས་པད་གཙུག་ཏུ་བསྟེན་ནས་འདུལ་བ་ཀཱ་རི་ག་ནས་དཔལ་གསང་བ་འདུས་པའི་བར་གྱི་དབང་དང་མན་ངག་ཁྲིད་ཞལ་ལུང་སོགས་ཀྱི་རྒྱུན་ཐུགས་སྟོབས་ཆེན་པོས་བཙལ་ཏེ་བུམ་པ་གང་བྱོས་ཚུལ་དུ་མདོ་དང་སྔགས་ཀྱིས་བསྡུས་པའི་ཟབ་རྒྱས་མན་ངག་གི་བདུད་རྩིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས་པར་གྱུར་ཏོ། ། 
        ཐུགས་འཛིན་གྱི་རིམ་པ་ཡང་གྲྭ་ཚང་གི་ཚོགས་འདོན་གྱི་རིམ་པ་ཐམས་ཅད་དང་དེ་དག་གི་འདོན་རྟ་དབྱངས་ཚུན་ཆད་ལདོགས་པ་ཆོད་ངེས་སུ་བསླབ་པ་དང་།བསྡུས་གྲྭའི་རྩ་ཚིག་བསྡུས་སྦྱོར་སྙིང་བོ། བསེ་ཚང་གི་བསྡུས་གྲྭའི་མཐའ་དཔྱོད། གྲུབ་མཐའི་རྩ་བ་འཁྲུལ་བྲལ་གདོང་ལྔའི་སྒྲ་དབྱངས། གྲུབ་མཐའ་རིན་ཆེན་ཕྲེང་བ། ཐེག་པ་གསུམ་གྱི་ས་ལམ་གྱི་རྣམ་བཞག། རྣམ་འགྲེལ་རྩ་བ། བློ་རྟགས་ཀྱི་མཐའ་དཔྱོད། མངོན་རྟོགས་རྒྱན། འགྲེལབ་དོན་གསལ། བྱམས་ཆོས་ཕྱི་མ་བཞི། གསེར་ཕྲེང་སྐབས་དང་པོ་དང་གསུམ་པ། སྤྱོད་འཇུག་ཆེན་མྲོ ཕར་ཕྱིན་མཐའ་དཔྱོད། ཀུན་གཞིའི་རྩ་བ། དྲངས་ངེས་ལེགས་བཤད་སྙིང་བོ། སྐབས་བཞི་བའི་སྡོམ་ཚིག དབུ་མ་རྩ་བ་ཤེས་རབ། དབུ་མ་འཇུག་པ། རྣམ་བཤད་དགོངས་པ་རབ་གསལ། དབུ་མ་ལུང་རིགས་སྒྲོན་མེ། འཇུག་ཊིཀ་གསལ་བའི་མེ་ལོང་། ཆོས་མངོན་པའི་མཛོད་ཀྱི་རྩ་བ་དང་ས་བཅད། མཛོད་སྡོམ། འདུལ་བ་མདོ་རྩ་བ།འདུལབ་རྒྱ་མཚོའི་སྙིང་བོ། འདུལ་བའི་སྡོམ་ཚིག ལམ་རིམ་ཆེན་པོ་ཡང་སྐབས་སོ་སོར་ཐུགས་ཐོག་ནས་ཅི་འདོད་དུ་ཐོན་པ། སྔགས་རིམ་ཡང་དེ་དང་འདྲ་སྟེ་རྒྱུན་གྱི་ཞལ་འདོན་དུ་མཛད། དབྱངས་ཅན་སྒྲ་མདོ། སྔགས་ཀྱི་སྤྱི་དོན། བདེ་གསང་འཇིགསགསུམ་གྱི་ཆོ་ག དེའི་ཆོ་ག་ཕྱག་ལེན་རྡུལ་ཚོན་གྱི་རིམ་པ་ཐུགས་ཐོག་ནས་ཐོན་པ་སོགས་ཆུ་བར་གྱི་མིག་གིས་མཐོང་ཚུལ་གཞིར་བཞག་པའོ། །
        མདོར་ན།ཐུན་མོང་སྣང་ངོར་ཡང་བླ་མར་གང་བསྟེན་ལ་དམ་ཚིག་གི་སེལ་མ་ཞུགས་པར་མདོ་རྒྱུད་ལས་འབྱུང་བ་ལྟར་གྱི་བསྟེན་ཚུལ་ཁྱད་དུའཕགས་པ་དང་། སྡོམ་གསུམ་ཉམས་ལེན་གྱི་མཐིལ་དུ་བཟུང་སྟེ་སྐུ་་ཚེ་ཧྲིལ་བོར་ཚ་གྲང་ལྟོགས་སྐོམ་ངལ་དུབ་ཁྱད་དུ་བསད་ནས་ཚོགས་གསོག་སྒྲིབ་སྦྱོང་དང་ཉིན་མཚན་འཁོར་མོ་ཡུག་ཏུ་འཆད་རྩོད་རྩོམ་གསུམ་ཐོས་བསམ་སྒོམ་གསུམ་གྱི་བྱ་བས་དུས་འདའ་བར་མཛད་ཅིང། རྒྱལ་བསྟན་རིན་པོ་ཆར་ཡང་དར་གྱི་ཐབས་ཚུལ་སྲོག་ལ་བབ་ཀྱང་མི་འདོར་ཞིང་མི་འཇིགས་པའི་ཐུགས་སྟོབས་ཀྱི་གོ་ཆ་ལྷུར་བཞེས་ཏེ་གང་ལ་གང་འཚམ་གྱིས་ཅི་འདོད་ལྟར་དཔེ་ཁྲིད་དང་ཁྲིད་བཤད་ལུང་དབང་རྗེས་གནང་རྒྱ་ཆེ་བའི་ལུང་རྒྱུན་སྤེལ་བ་སོགས་མཁས་བཙུན་བཟང་གསུམ་དང་རླབས་ཆེན་འཁོར་ལོ་གསུམ་གྱི་མཛད་བཟང་རྨད་དུབྱུང་བའི་ཚུལ་འདི་ཉིད་བདག་གི་ཐེག་པ་མཆོག་གི་དགེ་བའི་བཤེས་གཉེན་ཨ་ཁུ་བཀའ་དྲིན་ཅན་གྱི་རྣམ་པར་ཐར་བ་རྒྱ་མཚོ་ལྟ་བུ་ལས་ཡང་སྙིང་ཆུ་ཐིགས་ཀྱི་ཆ་ཤས་ཙམ་ཞིག་མདོར་བསྡུས་པའི་ཚུལ་དུ་བུ་སློབབླ་མ་དགེ་བའི་བཤེས་གཉེན་སྐར་ཚོགས་ལྟ་བུའི་གྲལ་མཐར་བརྟེན་པ་ཉེ་གནས་པ་བཙུན་གཟུགས་བློ་བཟང་རྒྱ་མཚོས་ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པའི་རྒྱུར་དམིགས་ཏེ་བྲིས་པའོ། །
        མཐར་སྨོན་གནས་སུ་བསྔོ་བ་ནི། རྒྱལ་བ་གཉིས་པའི་མདོ་སྔགས་བསྟན། ། ལུངདང་རིགས་པས་སྟོན་བཞིན་པའི། ། མཚན་དཔེའི་གཟི་བྱིན་འབར་བའི་སྐུའི། ། སྣང་བ་ཅི་འདོད་འཆར་བར་ཤོག ། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི། ། ཟབ་ཟབ་མན་ངག་ཆོས་ཀྱི་སྒྲ། ། དབྱངས་སྙན་ཡན་ལག་དྲུག་ཅུའི་གསུང་། ། རྒྱུན་མི་ཆད་པར་ཐོས་པར་ཤོ ། སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང། ། ཐུགས་རྗེ་བྱིན་རླབས་བདེན་སྟོབས་ཀྱིས། ། བསླབ་གསུམ་རིམ་གཉིས་ཉམས་ལེན་གྱི། ། བདུད་རྩིས་བདག་རྒྱུད་གང་བར་ཤོག ། དཔལ་ལྡན་བླ་མ་བཀའ་དྲིན་ཅན། ། མོས་གུས་སྙིང་ནས་གསོལ་འདེབས་ན། །གང་དུ་བཞུགས་བའི་ཤིང་ཁམས་དེར། ། རིང་མིན་ཞལ་བཟང་མངོན་འགྱུར་ཤོག །

                                གུང་ཐང་རིན་པོ་ཆེའི་རྣམ་ཐར་ལས་བཤུས།

                                                           རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།


གསལ་འདེབས།                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།