རྗེ་ལམ་རིམ་པའི་རྣམ་ཐར་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2015-12-08 20:29:33     རྩོམ་པ་པོ།   དོར་ཞི་གདོང་དྲུག་སྙེམས་བློ།    ཀློག་ཐེངས།  

    

153212wgmqwecmndmzhw7m.jpg

                                                                                  153212wgmqwecmndmzhw7m.jpg      

          

དུས་གསུམ་རྒྱལ་བ་ཀུན་གྱི་གཤེགས་ཤུལ། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་ཉིང་ཁུ་བྱང་ཆུབ་ལམ་གྱི་རིམ་པ་ཐོས་བསམ་གྱིས་གཏན་ལ་ཕེབས་ཤིང་། རང་གི་སྒོ་གསུམ་སྤྱོད་པའི་ཉམས་ལེན་གྱི་མཐུལ་དུ་མཛད་པ་དང་། རིགས་ཅན་གསུམ་གྱི་གདུལ་བྱ་མངོན་མཐོ་ལྷ་མི་དང་། ངེས་ལེགས་ཐར་བ་དང་ཐམས་ཅད་མཁྱེན་པའི་སར་འཁྲིད་པའི་ཐབས་ཀྱི་གཙོ་བ་ཡང་བྱང་ཆུབ་ལམ་གྱི་རིམ་པར་མཛད་ཅིང་། དེའི་འཕྲིན་ལས་ཤིན་ཏུ་རྒྱས་པས་ལམ་རིམ་པ་ཞེས་པའི་མཚན་སྙན་དབྱར་སྐྱེས་རྔ་གསང་འབུམ་དུ་དཀྲོལ་བའི་ངེས་དོན་གྱི་བསྟན་འཛིན་དམ་པ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་གང་དེ་ནི་བོད་རང་བྱུང་བཅོ་ལྔ་བའི་ཆུ་བྱི་སྟེ། སྤྱི་ལོ༡༩༢༢པ་ལ་ཡུན་ནན་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཐང་རྫོང་གི་མངའ་ཁོངས་རོང་ཡུལ་ནགས་སྟེང་བྱ་བར། བསམ་པ་དཀར་ཞིང་ཆོས་ལ་དད་པའི་བོད་རིགས་ཞིང་ཁྱིམ་དབུལ་བོ་ཡབ་ཀརྨ་ཚེ་རིང་དང་ཡུམ་ནམ་མཁའ་སྒྲོལ་མ་གཉིས་ཀྱི་སྲས་སུ་བལྟམས། 

           དགུང་ལོ་བདུན་གྱི་ཐོག་ཀློག་བསླབ་པས་བརྡ་བསྟན་པ་ཙམ་གྱིས་མཁྱེན། ལོ་གཉིས་གསུམ་རིང་ལ་འཇམ་དཔལ་མཚན་བརྗོད། ཆོས་སྤྱོད་རབ་གསལ། གསང་འདུས་ཆོ་ག་བསྐང་གསོལ་སོགས་འདོན་ཆོག་མང་བོ་བློར་བཟུང་། དགུང་ལོ་བཅུའི་སྟེང་རྒྱལ་ཐང་དགོན་ཆེན་གསུམ་རྩེན་གླིང་དུ་སྤང་ལུང་གོང་མའི་དྲུང་དུ་རབ་ཏུ་བྱུང་ཞིང་མཚན་ངག་དབང་ཕུན་ཚོགས་སུ་གསོལ། དགུང་ལོ་བཅུ་གཅིག་བཅུ་གཉིས་ཙམ་ནས་དབེན་ས་བསྟེན་ནས་སྒོམ་སྒྲུབ་བྱེད་པའི་འདུན་པ་ཤུགས་དྲག་འཁྲུངས་ཤིང་། དམ་པའི་རྣམ་ཐར་དང་ཆོས་དང་འབྲེལ་བའི་གཏམ་ཐོས་ཚེ་སྣང་བ་འགྱུར་བའི་དད་པ་རང་ཤུགས་ཀྱིས་སྐྱེས་པ་སོགས་སྔོན་གོམས་བག་ཆགས་སད་ལྟས་མང་བོ་ཞིག་ཡོད་པར་སྣང་། དགུང་ལོ་བཅུ་བཞིའི་སྟེང་ཕ་འདས་ཤིང་། ཕས་གཡར་བའི་བུ་ལོན་བསབ་པ་དང་། མ་དང་མིང་སྲིང་སོགས་ཀྱི་འཚོ་བའི་དོན་དུ་གཉེན་ཚན་སོགས་ཀྱིས་ཁོང་གཞན་གྱི་གསེར་རྐོ་བའི་གླ་བ་དང་། ཚོང་གཡོག་སོགས་སུ་བཏང་བས་དཀའ་སྡུག་ཚད་མེད་མྱང་། དགོང་ལོ་བཅུ་དྲུག་བཅུ་བདུན་ཙམ་ནས་རང་གིས་ཚོང་ཕྲན་བུ་བྱས་ཤིང་། ལོ་ཁ་ཤས་རྗེས་ནས་ཚོང་འགོ་ཅུང་ཐོན་འཚམས། འཁོར་བ་ལ་སྙིང་བོ་མེད་པར་གཟིགས་ནས་མཁས་གྲུབ་ཆེན་པོ་ཨ་བུ་རྡོ་རྗེ་འཆང་ལ་ལམ་རིམ་དམར་ཁྲིད་ཞུས་པར་ཕྱིན། སྔ་ཕྱིར་ལམ་རིམ་མྱུར་ལམ་དང་། ལམ་རིམ་ཆེ་བ་སོགས་ཀྱི་ཁྲིད་ཐོབ་ཅིང་། བློ་ལ་ཤིན་ཏུ་ཕན་པ་བྱུང་གསུངས། དེ་ནས་ཆོས་མ་གཏོགས་གཞན་གང་གིས་ཀྱང་ཕན་མི་ཐོགས་པར་དགོངས་ནས་བླ་མ་ལ་ཅི་གསུངས་བཀའ་བཞིན་སྒྲུབ་ཅིང་སྲོག་ལ་བབས་ཀྱང་ཚེ་བློས་བཏང་གི་ཆོས་གཤའ་མ་ཞིག་བྱེད་རྒྱུའི་དམ་བཅའ་ཕུལ་ཞིང་རེ་ཞིག་གི་བར་རི་ཁྲོད་འགྲིམ་ནས་བསགས་སྦྱང་དང་ལམ་གྱི་དམིགས་རྣམ་སྐྱོང་བའི་ཉམས་བཞེས་མཛད། 

     དགུང་ལོ་ཉེར་གཉིས་སྟེང་ལྷ་ས་ལ་སློབ་གཉེར་དུ་ཕྱིན། ཐོན་འཕྲལ་ཇོ་བོའི་མདུན་དུ་བསྟན་འགྲོའི་དོན་དུ་རང་སྲོག་བློས་གཏོང་ནུས་པར་ཤོག་ཅེས་སྨོན་ལམ་བཏབ་ཅིང་། རང་གི་ཐོབ་ཁུངས་ལྟར་འབྲས་སྤུངས་བློ་གླིང་དུ་ཚོགས་ཞུགས་གནང་ནས་དགུང་ལོ་སོ་བརྒྱད་བར་ལོ་ངོ་བཅོ་བརྒྱད་ཀྱི་རིང་ལ་དཀའ་སྤྱད་སྡུག་རུས་དཔེ་མེད་གནང་ནས་བསྡུས་ཚད། དབུ་ཕར། འདུལ་མཛོད་སོགས་བཀའ་པོད་ཀྱི་གཞུང་ཆེན་པོ་རྣམས་ལ། འཕགས་བོད་ཀྱི་གཞུང་འགྲེལ་ཡིག་ཆ་མང་བོར་དཔེ་ཁྲིད། དཔེ་ལྟོས། ཆོས་རའི་རྩོད་པ་གསུམ་སྤྲེལ་གྱིས་དཔྱིས་ཕྱིན་པར་སྦྱངས་ཤིང་། འཛིན་བཟང་བ་དང་ཐུགས་རིག་རྣོ་བ་སོགས་ཀྱིས་རྩོད་པ་ཤིན་ཏུ་སྨར་བ་བྱུང་ཞིང་དགེ་བཤེས་ཀྱི་མཚན་སྙན་རྒྱས། འདུལ་བ་ལག་ལེན་གྱི་སྟེང་ནས་བསླབ་དགོས་པར་དགོངས་ནས་ཡོ་བྱད་བྱིན་རླབས་དང་རུང་ཆུ་འདེབས་པ་ཡན་ཆད་ལག་ལེན་ལ་བཏབ་ཅིང་འདུལ་ཁྲིམས་གཙང་སིང་ངེ་བ་བསྲུངས། འཚོ་ཆས་ཤིན་ཏུ་དཀོན་པས་སྲན་རྡོག་འགའ་ཆུར་སྦང་ནས་བཞེས་དགོས་པའང་ལན་མང་དུ་བྱུང་། ཚོགས་སྐལ་དང་། གཞན་དག་གིས་ཟས་བྱིན་པའང་དཀོར་གྱི་ཉེས་པར་དགོངས་ནས་མ་བླངས་པར་འདུག འཛིན་གྲྭ་གོང་མར་ཐོན་སྐབས་ཆོས་འཚམས་སོགས་སུ་གསང་སྔགས་ཕོ་བྲང་། བྲག་རི་རི་ཁྲོད། དགོན་གསང་རི་ཁྲོད་སོགས་ལ་ཕེབས་ནས་ཆུ་གྲང་ཁོ་ནར་བརྟེན་ནས་སྒོམ་སྒྲུབ་ཡང་མང་དུ་མཛད།།

  བོད་ས་ཕག་སྟེ་སྤྱི་ལོ༡༩༥༩བ་ལ་ཀློང་བརྡོལ་རི་ཁྲོད་དུ་བཞུགས་སྐབས་རྒྱུ་མཚན་ཅི་ཡང་མེད་པར་བུ་སློབ་བདུན་བཅས་བཟུང་ནས་བཙོན་དུ་བཅུག བཙོན་དུ་བཞུགས་རིང་ཇི་ལྟར་ལྟོག་མནར་བྱུང་ཡང་དགུང་བཅད་བྱས་ནས་ཕྱི་དྲོའི་ཁ་ཟས་མི་བཞེས་པ་དང་། གྲང་ངར་ཤིན་ཏུ་ཆེ་དུས་དང་། ས་ལས་རྡོ་ལས་སོགས་བྱེད་དུས་ཇི་ལྟར་སྟབས་མི་བདེ་ཡང་སྐྱ་ཆས་ཕུ་ཐུང་གཏན་མི་མནབ་པ་དང་། བཙོན་མ་རྣམས་ལ་ཟས་སྐལ་རྩམ་པ་ཁེམ་བུ་ཆུང་ཆུང་གང་ལས་སྟེར་རྒྱུ་མེད་པས་གཟུགས་གཞི་ཤིན་ཏུ་ཞན་ཅིང་གཟུགས་པོ་ཡང་མི་ཐེག་པའི་ཚད་ལ་སླེབས་ཀྱང་། རང་གི་ཟས་སྐལ་ལས་ཅུང་ཟད་རེ་བླངས་ནས་བསགས་ཏེ་བཙོན་གྲོགས་གཞན་ལ་སྟེར་བ་སོགས་སྐྱེས་ཆེན་དམ་པའི་རྣམ་ཐར་བསམ་ལས་འདས་པ་ཤ་སྟག་ལྷུར་བཞེས། བཙོན་ལས་གྲོལ་ནས་རིགས་གནས་གསར་བརྗེ་བྱུང་རེག་གི་ལོ་བཞི་ཙམ་ལ་འབྲས་སྤུངས་དགོན་པར་འཚམས་བཅད་བྱས་ནས་བཀའ་འགྱུར་ཆ་ཚང་གཟིགས་རྟོག་མཛད་ཅིང་ཟིན་བྲས་ཡང་བཏབ། རིགས་ཚོགས་དང་། བྱམས་ཆོས་སོགས་ཐུགས་འཛིན་གནང་ནས། རྣམ་བཤད། གསེར་ཕྲེང་སོགས་འཕགས་བོད་ཀྱི་གཞུང་འགྲེལ་མང་བོ་སྦྲགས་ནས་དབུ་ཕར་ལ་བསྐྱར་གཟིགས་མཐའ་ཆོད་པར་མཛད་ཅིང་། རིགས་ཚོགས་ཀྱི་འགྲེལ་བ་གངས་རིའི་མགོན་པོ་དགྱེས་པའི་མཆོད་སྤྲིན་དུ་གྱུར་བ་ཡང་དེ་དུས་ལྗགས་རྩོམ་གནང་ཞིང་། ཡི་དམ་གྱི་མཚན་བསྙེན་དུ་མ་མཛད་ཅིང་། ལྐོག་ཏུ་ཁ་སྐོང་སྦྱིན་བསྲེག་ཀྱང་ལན་དྲུག་ཙམ་ཕུལ་འདུག རིག་གནས་གསར་བརྗེ་སྐབས་སུ་མགོ་ཁྲིད་རྣམས་པས་འབྲས་སྦུངས་དགོན་པར་ཚོགས་འདུ་བསྡུས་ནས་རྟེན་གསུམ་རྣམས་གཏོར་བརླག་བྱེད་དགོས་ཞེས་ཇུས་ངན་གཏོང་བའི་ཚེ། ངས་ནི་རྟེན་གསུམ་གཏོར་མི་ཐུབ་ཐག་ཆོད་ཡིན། ཉེས་ཆད་དུ་ཁོ་བོ་བཙོན་དུ་འཇུག་རོགས་གནོང་། རང་སྲོག་གཅོད་དགོས་ནའང་དེ་ལུགས་ཐག་གཅོད་བྱེད་པ་མཁྱེན་ཞེས་གསུངས་ནས་རྟེན་གསུམ་གཏོར་བ་མིག་གིས་མཐོང་སར་ཙམ་ཡང་མ་ཕེབས། གསུང་རབ་རྣམས་མེ་ལ་བསྲེག་ཅིང་། འཇིམ་སྐུ་རྣམས་གཏོར་བཅོམ་བྱེད་པ་དང་། གསེར་དངུལ་ཟངས་གསུམ་གྱི་སྐུ་དང་མཆོད་ཆ་སོགས་ལོ་ཟླ་སྤྲེལ་ནས་རླངས་འཁོར་གྱིས་ཕྱོགས་གཞན་དུ་དབོར་འདྲེན་བྱེད་པའི་སྐབས་སུ་གྲྭ་ཤག་སོ་སོར་ཕེབས་ནས་རང་གི་རྟེན་གསུམ་ནི་རང་ལ་དབང་བས་མ་གཏོར་ཅེས་བཀག་འགོག་ནན་ཆེར་བྱས་ཤིང་། སུ་གཅིག་ཀྱང་བཀག་མི་ཐུབ་པའི་ཚེ་འོ་ན་ངའི་སར་བསྐྱལ་ཤོག་དང་ངས་ཉར་ཚགས་བྱེད་ཆོག་ཅེས་པས་དགོན་པའི་ནང་ཙམ་དུ་མ་ཟད་ལྷ་སའི་ཡར་མར་གྱི་ཁྱིམ་ཚང་སོགས་ནས་ཀྱང་རྟེན་གསུམ་བསྐྱལ་ནས་འཇོག་ས་མེད་པའི་ཚོད་དུ་སོང་ནས་སྐུ་སྲོག་ལ་མ་བལྟས་པར་ཉར་ཚགས་བྱས་ཤིང་། དེ་དུས་སྐུ་གསུང་ཐུགས་རྟེན་བཤམ་རྒྱུ་ཕར་ཞོག་ཕྲེང་བ་ཙམ་ཡང་བཟུང་མི་ཆོག་པའི་ཁྲིམས་བཅོས་ཏེ། སུས་ཀྱང་མངོན་གསལ་དུ་མ་ཎི་ཙམ་ཡང་འདོན་མི་ཐུབ་པའི་མུན་ནག་ཏུ་གྱུར་བའི་ཚེ། གང་ཡང་མུན་ནག་ཏུ་སོང་ན་སྒྲོན་མེ་སྦར་དགོས་ཀྱི། ཉི་མ་ཤར་དུས་མི་དགོས་པ་ལྟར། བསྟན་པ་རྩ་མེད་དུ་སོང་བའི་དུས་སྐབས་འདི་ལྟ་བུར་ནུས་ཤུགས་ཡོད་ཚད་བཏོན་དགོས་ཀྱི། སླར་བསྟན་པ་ས་དར་རྡོ་དར་དུ་བྱུང་ཚེ་བཏང་སྙོམས་བྱེད་ཆོག་དགོངས་ནས་རྟེན་གསུམ་གྱི་དྲུང་དུ་མར་མེ་སོགས་མཆོད་སྤྲིན་ཚར་དུ་དངར་བ་བཤམས། ཚེས་བཟང་དུས་བཟང་སོགས་ལ་མར་རྒྱ་མ་བརྒྱ་ཕྲག་བརྒལ་བའི་མཆོད་མེ་དང་ཚོགས་འཁོར་རུ་ལྟར་བརྩིགས་ནས་གྲོགས་དུ་མ་དང་ལྷན་དུ་མཆོད་པའི་རོལ་དབྱངས་གདངས་དང་བཅས་པ་འཐེན་པ་སོགས་མི་རྣམས་ཀྱི་བློ་ཡུལ་དུ་མི་ཤོང་བ་ཙམ་བྱས་སོ། སྐབས་དེར་ལྷ་སའི་གཙུག་ལག་ཁང་སོགས་ཕྱོགས་ཕྱོགས་ཀྱི་རྟེན་མང་བོ་གཏོར་བཤིག་བྱས་པའི་གཟུངས་འཇུག་རྩ་ཆེན་ཕྱག་ཏུ་སོན་པས། མི་མང་བོ་སྲོག་ལས་བསྐྱབས་པའི་རྟེན་འདུས་རིལ་བུ་སྲིད་ན་དཀོན་པ་དེ་ཡང་དེ་དུས་བཟོས་པར་སྣང་ངོ་། རིག་གནས་གསར་བརྗེའི་རྗེས་སུ་རིམ་གྱིས་ཆོས་ལུགས་དད་མོས་ཀྱི་སྲིད་ཇུས་ཅུང་ཟད་ལྷོད་ཡངས་སུ་སོང་འཚམས། དངོས་དང་ཉམས་སྣང་ཅི་རིགས་སུ་ལྷ་བླ་མ་ཆོས་སྐྱོང་གི་བཀའ་ལུང་དང་། སེར་སྐྱ་མི་དམངས་ཀྱིས་ནན་ཞུས་བྱས་པར་བརྟེན་༡༩༨༤ལོ་ནས་ད་ལྟའི་བར་མི་ཁྲི་ཕྲག་བརྒལ་བར་དགེ་ཚུལ་སློང་དང་། དགེ་བསྙེན་གྱི་སྡོམ་པ་འབོགས་ཤིང་སོ་ཐར་གྱི་སྡོམ་རྒྱུད་རྒྱ་ཆེར་སྤེལ། ལོ་རེ་བཞིན་སྟོན་དཔྱིད་གཉིས་ལ་གསུང་ཆོས་ཆེན་མོ་བཙུགས་ནས་སྤྱོད་འཇུག་ཆེན་མོ། བླ་མཆོད། བློ་སྦྱོང་དོན་འདུན་མ་སོགས་ཀྱི་ཁྲིད་དང་། ལམ་རིམ་ཆེན་མོའི་ཉམས་ཁྲིད་རྒྱས་པ་སོགས་གསུང་ཆོས་ཀྱི་བདུད་རྩིའི་ཆར་ཆེན་ཕབ་ནས་སྐལ་ལྡན་གྱི་གདུལ་བྱ་འབུམ་ཕྲག་མང་བོའི་རྒྱུད་ལ་ཐར་བའི་ས་བོན་བསྐྲུན་པ་དང་། གཞན་ཡང་གཞུང་བཀའ་བོད་ཀྱི་དཔེ་ཁྲིད་མཛད་པ་དང་། གསུང་རབ་ཀྱི་དཔར་བརྐོར་བཅུག་པ་དང་། རྟེན་གསུམ་བཞེངས་པ་དང་། ཕྱག་རྩོམ་གནང་བ་སོགས་སྨག་ལ་སྒྲོན་མེ་སྦར་བ་བཞིན་རྒྱལ་བསྟན་རིན་ཆེན་རྒྱུན་མི་ཉམས་པར་འཛིན་པ་དང་། ཉམས་པ་སོར་ཆུད་གནས་པ་གོང་འཕེལ་གྱི་ཕྱོགས་ལ་ཕན་པའི་མཛད་སྤྱོད་ཤིན་ཏུ་རླབས་ཆེ་བ་མང་དུ་མཛད་འདུག་གོ །

  དེ་ཡང་མཛད་པ་ཀུན་ལས་གསུང་གི་ནི།། མཛད་པ་མཆོག་ཡིན་ཞེས་གསུངས་བ་ལྟར་ཡུལ་ཕྱོགས་ཀུན་ལ་ཁྱབ་པ་དང་། ཡུན་རིང་བའི་བར་དུ་གནས་ནས་སེམས་ཅན་ལ་ཕན་འདོགས་པ་གསུང་རབ་རིན་པོ་ཆེ་ལྟ་བུ་ལས་མེད་པས་གསུང་རྩོམ་མང་དུ་གནང་བ་ནི་དམ་པ་འདིའི་བསྟན་འགྲོར་ཕན་པའི་མཛད་རྗེས་བླ་ན་མེད་པ་ཞིག་གོ། དེ་ཡང་རྗེ་འདི་བའི་གསུང་རྩོམ་ཕལ་ཆེར་ཚིག་ཉུང་ལ་དོན་གྱི་འདུ་ཕུལ་ཆེ་བ། ཁ་གསལ་གོ་བདེ་ལྟོས་ཆོག་མཐོང་ཆོད། དོན་གྱི་ས་ཆོད་ཆེན་ཞིང་རིགས་པའི་ངར་དང་ལྡན་པ། གལ་འགག་ཟབ་གནད་ཀྱི་མདུད་མཁྲེགས་ཁྲོལ་བའི་གོ་བ་གསར་བ་དང་རིགས་འཕྲུལ་གསར་བ་མང་བ་དང་། བློ་ཁ་མཐོ་དམན་གང་ལ་ཡང་རང་གི་བློ་ཚོད་དང་མཐུན་པའི་བློ་སྐྱེད་ཐོབ་ཐུབ་པ་སོགས་མཁས་པའི་ལེགས་བཤད་ཀྱི་ཁྱད་ཆོས་མང་དུ་འདུག་གོ།

 ཅེས་པ་འདི་ནི་བོད་ཆེན་པོའི་ས་མཐའ་དཔའ་རིས་ཡུལ་དུ་སྐྱེས་པའི་རིགས་སྨྲའི་ཐ་ཤལ་དོར་ཞི་གདོང་དྲུག་སྙེམས་བློར་འབོད་པས༡༩༩༦ལོའི་ཟླ༤པའི་ཚེས༡༥ལ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་བྲིས།།

 

                                                 རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

 

 

གསལ་འདེབས།

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

 

བརྒྱུད་འགོད།