བཤེས་གཉེན་ངག་དབང་ཟླ་གྲགས་རིན་པོ་ཆེ་མཆོག་གི་རྣམ་ཐར་མདོར་བསྡུས

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2015-12-06 23:44:02     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

        

ཤར་ཟླ་གྲགས.jpg

             སྤྱི་ལོ་༡༩༣༡ལོ་སྟེ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ལུག་ལོར་ནག་ཆུ་ས་ཁུལ་ཨ་མདོ་ཤོག་ཁ་བརྒྱད་ཀྱི་ནང་ཚན་ག་གྱ་སྡེ་བ་ཞེས་པའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་ཡབ་མགོན་པོ་དང་ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། དགུང་ལོ་དགུའི་ཐོག་ལྷ་སར་ཕེབས་ཏེ་སེ་ར་ཐེག་ཆེན་གླིང་གི་ཆོས་སྒོར་ཞུགས་ནས་ལྷ་རམས་པ་འཇམ་དབྱངས་ཀུན་ཁྱབ་སོགས་སྐྱེས་ཆེན་གྱི་ཞལ་སྔ་ནས་ཡི་གེ་འབྲི་ཀློག་སྦྱངས་ཤིང་དམ་ཆོས་ཀྱི་བདུད་རྩི་ཐོག་མར་གསན། 
         དགུང་ལོ་བཅུ་གཅིག་སྟེང་སྟག་ལུང་རིན་པོ་ཆེའི་དྲུང་ནས་རབ་ཏུ་བྱུང་ཞིང་མཚན་ལ་ངག་དབང་ཟླ་གྲགས་སུ་གསོལ་ཏེ་ཚུལ་ཁྲིམས་སྤོས་དཀར་གྱི་མེ་ཏོག་ཐུགས་ཀྱི་བཅུད་དུ་འཛུམ།དེ་ནས་བཟུང་སེར་བྱེས་ཧར་གདོང་ཁང་ཚན་དུ་ཞུགས་ཏེ། རྟོགས་བརྗོད་ལས། དང་པོར་རྒྱ་ཆེའི་ཐོས་པ་མང་དུ་བཙལ། ཞེས་ཇི་སྐད་དུ་གསུངས་པ་བཞིན། སྡེ་སྣོད་གསུམ་གྱིས་བསྡུས་པའི་ཤེས་རབ་ཀྱི་གཟིངས་ལ་བརྟེན་ནས་འཇུག་པའི་སྦྱོར་བ་བདག་གིར་བཞེས་ནས། སེར་བྱེས་མཁན་ཟུར་ལྡན་མ་ངག་དབང་ལེགས་པ།ལྷ་ལྡན་སྨོན་ལམ་ཆེན་མོའི་རབ་འབྱམས་པ་ལྭ་བ་བྱམས་པ་ཆོས་འཕེལ་རྣམ་གཉིས་བསམ་སྦྱོར་དག་པས་ཚུལ་བཞིན་བསྟེན་ཏེ། དགུང་ལོ་ཉེར་དགུའི་བར་མི་ལོ་ཧྲིལ་པོ་བཅོ་བརྒྱད་ཙམ་གྱི་རིང་ལ། བསྡུས་གྲྭ་དང་། བློ་རྟགས། རྣམ་འགྲེལ། དྲང་ངེས། ཕར་ཕྱིན། དབུ་མ། འདུལ་བ་བཅས་ཀྱི་གཞུང་ལ་ཚིག་དོན་གཉིས་ཆར་དཔྱིས་ཕྱིན་སྦྱངས་པ་གནང་ཞིང་། དེ་ཡང་རྣམ་འགྲེལ་གྱི་སྐབས་ལྟ་བུར་མཚོན་ན། རྩ་བའི་ཚིག་ཆ་ཚང་བློ་འཛིན་གནང་ཐོག་རྣམ་བཤད་ཐར་ལམ་གསལ་བྱེད་དང་ཊིཀ་ཆེན་རིགས་པའི་རྒྱ་མཚོ་སོགས་ཀྱི་གཟབ་ཁྲིད་མནོས་པ་དང་འབྲེལ། ཞིབ་གཟིགས་བརྟག་དཔྱད་དང་ཆོས་རྭའི་རྩོད་པ་ཤིན་ཏུ་བྱང་བ་བྱུང་བས།དངོས་པོའི་སྟོབས་ཤུགས་ཀྱི་རིགས་པའི་རྒྱབ་རྫོང་ལས་སྟོན་དང་བསྟན་པ་སྐྱོན་མེད་དུ་འཇོག་པའི་སྤོབས་པ་རང་སྟོབས་ཀྱིས་རྙེད་ཅིང་། འཇང་དགུན་ཆོས་སུའང་མཁས་མང་ཁྲི་ཕྲག་འདུ་བའི་སར་རྗེ་འདིས་ལུང་རིགས་ཀྱི་རྣམ་དཔྱོད་གཞན་ལས་ཁྱད་པར་འཕགས་པར་གྲགས། དེ་བཞིན་ཕར་ཕྱིན་སྐབས་སུ་ཡང་། རྗེ་བཙུན་པའི་ཡིག་ཆའི་ཟུར་བཀོད་བཞི་དང་། སྤྱི་དོན་རོལ་མཚོ་སྐབས་དང་པོ་སོགས་ཐུགས་འཛིན་གནང་བ་མ་ཟད། ཉིན་རེ་བཞིན་མངོན་རྟོགས་རྒྱན་རྩ་བ་འཆར་ཅན་དུ་སྐྱོར་ཏེ་འགྲེལ་ཆུང་དོན་གསལ་དང་སྦྲགས་ནས་ཞིབ་གཟིགས་མཛད་ཅིང་། རྣམ་བཤད་སྙིང་པོ་རྒྱན། ལེགས་བཤད་གསེར་ཕྲེང་། རྟོགས་དཀའི་སྣང་བ་སོགས་རྗེ་ཡབ་སྲས་ཀྱི་གཞུང་ལ་སྦྱངས་བརྩོན་རྣལ་མའི་སྦྱོར་བ་ལྷུར་བཞེས་པས། འཕགས་སེང་གི་དགོངས་པ་སྤྱི་དང་། ཁྱད་པར་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་དངོས་བསྟན་བརྒྱད་དོན་བདུན་ཅུར་དྲིལ་ནས་ཉམས་སུ་ལེན་ཚུལ་ལ་རྐང་ཚུགས་པའི་ངེས་ཤེས་འཁྲུངས། ཕར་ཕྱིན་གྱི་སྡོམ་ཚིག་མང་པོ་བློ་འཛིན་བྱས་པ་སོགས་སྐབས་འདི་ཤེད་ཅིག་ཏུ་པོད་ལྔའི་རྩ་བས་མཚོན་དབུས་དཔར་མདའ་ཚད་མ་ལྡེབ་གྲངས་བདུན་བརྒྱ་ལྷག་ཐུགས་ཐོག་ནས་ཤར་ཤར་སྐྱོར་ཐུབ་བྱུང་། དབུ་མའི་འཅད་ཉན་གྱི་དུས་ལྷག་ཏུ་དཀའ་སྤྱད་སྡུག་རུས་བློ་ཡུལ་ལས་འདས་པ་མཛད་དེ་ལོ་ངོ་བཞིའི་རིང་དགུན་ཐོག་འཇང་དགུན་ཆོས་ལ་རེ་ཟུང་ཕེབས་པ་ལས་གཞན་དགོན་པའི་གླིང་གི་ཕྱི་རོལ་ཙམ་དུའང་མ་ཕེབས་པར་ཐོས་བསམ་ཁོ་ནས་ཉིན་མཚན་འདའ་བར་བྱས། དེ་རྗེ་བཙུན་པའི་དབུ་མའི་སྤྱི་དོན་སྐལ་བཟང་མགུལ་རྒྱན་དང་། དྲང་ངེས་ལེགས་བཤད་སྙིང་པོ། དབུ་མ་འཇུག་པ་སོགས་ཐུགས་འཛིན་གནང་ཞིང་། རྩ་འཇུག་གི་རྣམ་བཤད་རྣམ་པ་གཉིས་ཀྱི་མཛུབ་ཁྲིད་གསན་པའི་ཞར་ལ། འཕགས་བོད་ཀྱི་མཁས་པ་དུ་མའི་གཞུང་ལ་རིས་སུ་མ་ཆད་པའི་སྦྱངས་བརྩོན་ཆུ་བོའི་རྒྱུན་ལྟར་མཛད་པས། རིགས་ཚོགས་དང་། འཇུག་པ་རྩ་འགྲེལ། རྗེ་ཙོང་ཁ་བ་ཆེན་པོའི་ལྟ་བའི་ལེགས་བཤད་ལ་སོགས་པའི་ཚིག་དོན་ཤིན་ཏུ་བྱང་བ་ཐུགས་སུ་ཆུད་ཅིང་། དབུ་མའི་ལྟ་བ་དེ་ཚིག་ཙམ་དུ་མ་སོང་བར་གོ་བ་བོགས་ཚོད་དུ་ལེན་ཐུབ་པ་བྱུང་བས་འཕགས་པ་ཡབ་སྲས་དང་རྗེ་ཙོང་ཁ་བ་ཆེན་པོའི་ལེགས་བཤད་ལ་ཤེས་ནས་མི་ཕྱེད་པའི་དད་པ་ཟློག་མེད་འཁྲུངས་པ་དང་། དེ་ལྟར་ཞིབ་ནས་ཞིབ་ཏུ་དཔྱད་པས་ཐུབ་བསྟན་རིན་ཆེན་ཞུན་མའི་སྙིང་པོ། དཔལ་ལྡན་འཕགས་པ་ཀླུའི་བཞེད་དགོངས། རྒྱལ་བ་འཇམ་དཔལ་སྙིང་པོའི་རང་ལུགས། སྣང་སྟོང་འགལ་མེད་དབུ་མ་ཆེན་མོའི་ལྟ་བ་སྟེ། ཆོས་ཐམས་ཅད་མིང་གིས་ཕར་བཏགས་པ་ཙམ་ལས་རང་ངོས་ནས་གྲུབ་པ་རྡུལ་ཙམ་མེད་པ་ལ། རྟེན་འབྲེད་བྱ་བྱེད་ཀྱི་རྣམ་བཞག་བསྙོན་མེད་དུ་འཇོག་ཚུལ་སྒྲ་སྤྱི་ཙམ་དུ་མ་སོང་བར་མྱོང་ཐོག་ནས་རྗེན་ཆར་དུ་གཟིགས། རྗེ་ཉིད་ཀྱིས་ཁེངས་སྐྱུངས་ཏེ་ནམ་རྒྱུན་ངས་ལྟ་བ་རྟོགས་མེད་ཅེས་གསུང་གི་ཡོད་ནའང་། རིགས་ནི་མཚན་མ་དག་ལས་ཤེས། །ཞེས་པ་ལྟར་གྱི་སྒྲུབ་བྱེད་ལ་བརྟེན་ནས། རྗེ་འདི་པས་ལྟ་བ་རྟོགས་ཡོད་ཚུལ་གྱི་སྐད་ཆ་གྲྭ་ས་སོ་སོ་ན་ཀུན་གྱིས་གླེང་བར་མཆིས། གངས་རིའི་མགོན་པོའི་རིགས་ཀྱི་ཅོད་པན་ཡོངས་འཛིན་གླིང་ཆེན་པོའི་ཞལ་སྔར་བརྙེན་པར་རྫོགས་ཤིང་། འདུལ་བ་ལག་ལེན་གྱི་སྟེང་ནས་བསླབ་དགོས་པ་སོགས་བཀའ་གདམས་གོང་མའི་རྣམ་ཐར་བདག་གིར་མཛད་ངོས་སུ། འདུལ་བའི་གཞུང་གི་འཆད་ཉན་དང་འབྲེལ་ཏེ་ཡོ་བྱད་བྱིན་རླབས་རུང་ཆུ་འདེབས་པ་ཡན་གྱི་བཅད་མཚམས་ཕ་ཞིང་ཕྲ་བ་མིག་འབྲས་ལྟ་བུར་བསྲུངས། དེ་ལྟར་ཐོས་བསམ་གཙང་མའི་ལས་ཀྱི་དུས་ ཀྱི་འདས་ནས་དགུང་ལོ་ཉེར་དགུ་རུ་སླེབས་དུས། ཞིང་འདིར་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་ བའི་རྐྱེན་གྱིས་ལོ་ཁ་ཤས་ལ་ངལ་རྩོལ་ལས་སུ་ཞུགས་དགོས་བྱུང་དུས་བླ་སློབ་རིམ་བྱུང་གིས་ཉར་ཚགས་བྱས་པའི་རྟེན་འགངས་ཆེན་གྱི་དཔེ་ཆ་པོད་བཞི་བརྒྱ་ལོངས་པ་ཙམ་ལྭ་བ་ཁང་ཚན་གྱི་ཁང་ཕུགས་ཤིག་ཏུ་བཅུགས་ཏེ། དཔལ་ལྡན་ལྷ་མོ་དང་འཕྲིན་ལས་ཀྱི་རྒྱལ་པོའི་ཞལ་ཐང་རེ་སྲུང་མར་བསྐོས་ཤིང་། དེའི་ཕྱི་རོལ་ཏུ་བརྩིག་པས་ཞལ་ཞ་བཏང་ནས་ཉར་ཚགས་བྱས་པ་ཡང་སྐྱོན་མེད་འགོ་ཐོན་བྱུང་བ་དང་། ཞབས་ལ་རྨས་སྐྱོན་འཚབ་ཆེན་ཐེབས་པས་རུས་པ་གས་ཆག་སོང་བ་བརྟེན་ངལ་གསོ་བའི་གོ་སྐབས་རེ་ཞིག་ཐོབ་ཅིང་།་རྗེས་ནས་དྲག་སྐྱེད་ཅུང་ཟད་བྱུང་ན་ཡང་དེ་ནས་བཟུང་ལོ་བཅུ་གཉིས་ལྷག་གི་རིང་ཚ་བ་ཁང་ཚན་གྱི་ཤག་ཆུང་ཆུང་ཞིག་གི་ནང་དུ་ཞབས་རྐང་པ་ཞ་བོར་གྱུར་བའི་ཟོལ་གྱིས་གཏན་བཞུགས་གནང་བར་མ་ཟད།རྟོགས་བརྗོད་ལས༑བར་དུ་ཞུང་ལུགས་ཐམས་ཅད་གདམས་པར་ཤར། ཞེས་གསུངས་པ་བཞིན༑ སྐུ་ཚེ་སྟོད་དུ་འཕགས་བོད་ཀྱི་ཤིང་རྟ་ཆེན་པོ་དག་གི་ལེགས་བཤད་ལ་ཕྱོགས་མ་ལྷུང་བའི་ཐོས་བརྩོན་གྱིས་འཇུག་པ་རྒྱ་ཆེན་མཛད་པ་རྣམས་ཀྱི་དོན་ལ་ཞིབ་ཏུ་བསམ་ཞིང་དཔྱད་པ་ན།གདུལ་བྱའི་ཁམས་དང་མོས་པ་སྣ་ཚོགས་པ་རྗེས་སུ་མཐུན་པར་བཀའ་བསྩལ་བའི་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་མཐའ་དག་ཡིག་འབྲུ་གཅིག་ཀྱང་མ་ལུས་པར་གང་ཟག་གཅིག་ཚང་རྒྱ་ཆེ་བའི་ཆ་རྐྱེན་དུ་གོ་ཞིང། གོ་བ་ལྟར་གྱི་དོན་རྩེ་གཅིག་ཏུ་ཉམས་སུ་བླངས། ཅེས་ཇི་སྐད་གསུངས་པ་ལྟར།སྲིད་པའི་རྩེ་མོོ་ནས་མནར་མེད་ཀྱི་བར་གྱི་འཁོར་བའི་ཕུན་ཚོགས་དག་སྡུག་བསྔལ་བའི་རང་བཞིན་དུ་མཐོང་ནས་སྐྱོ་བ་ཤུགས་དྲག་པོ་སྐྱེས་ཤིང།དེ་ཡང་རྒྱུའི་རྩ་བ་བདག་དང་བདག་གིར་འཛིན་པ་ལས་བྱུང་བར་ངེས་པས། ཆོས་དང་གང་ཟག་གི་བདག་མེད་པ་སྒོམ་པའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་འགྲུས་པ་དང། བདག་མེད་པ་ཙམ་སྒོམ་པས་འཁོར་བའི་སྡུག་བསྔལ་དང་བྲལ་བ་ཞིག་ཐོབ་ནའང་དེས་སེམས་ཅན་གྱི་དོན་རླབས་པོ་ཆེ་སྒྲུབ་མི་ཐུབ་པར་དགོངས་ནས། ཐེགས་པ་ཆེན་པོའི་ལམ་གྱི་རྩ་བ་བྱངས་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་དེ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བསྡུས་པའི་བྱ་དཀའ་བ་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོར་རྟག་ཏུ་སློབ་པར་མཛད་ཅིང། འདི་དུས་སུ་དངོས་དང་ཉམས་སྣང་ཅི་རིགས་ལ་ཉམས་རྟོགས་འཕེལ་བའི་བརྡ་དང་མཚན་མ་བྱུང་ཡོད་པ་གོར་མ་ཆག་ཀྱང་ཤིན་ཏུ་གསང་ནས་མི་གསུང་བར་འདུག།ཞལ་སྒྲོས་སུ།་ངས་དེ་དུས་བསྟན་པ་ཁོ་ན་ལ་དམིགས་ནས་པོད་ཏི་ལྔའི་རྩ་བ་ཉིན་རེར་ཆག་མེད་དུ་སྐྱོར་ཡོད། ཅེས་གསུང་བར་ལས་ཀྱང་ཁོང་ནི་དུས་དང་བསྐལ་བ་ཅི་འདྲ་ཞིག་ཡིན་ནའང་དམ་པའི་རང་བཞིན་རྟགས་ལྷུན་ཆགས་སུ་མངའ་བའི་སེམས་དཔའ་ཆེན་པོ་ཞིག་ཡིན་པ་བསྙོན་མེེད་དུ་སྒྲུབ། དེ་ནས་སྤྱི་ལོ་༡༩༨༠སྟོད་རྗེ་ཉིད་དགུང་གྲངས་༥༠ཐོག་སླར་ཡང་བོད་ཀྱི་ཡུལ་གྲུ་ཁག་ཏུ་ཆོས་སྒོ་རིམ་གྱིས་ཕྱེས་པ་ན། རྟོགས་བརྗོད་ལས། ཀུན་ཀྱང་ཐུབ་བསྟན་རྒྱས་པའི་ཆེད་དུ་བསྔོས། ཞེས་གསུངས་པ་ལྟར། རྗེ་ཉིད་ནས་ངའི་ཚེ་གང་བོར་ཐོས་བསམ་སྒོམ་གསུམ་གྱི་ལས་སུ་གཞོལ་བ་དེ་བསྟན་པ་རྒྱས་པའི་ཆ་རྐྱེན་དུ་འགྱུར་དགོས་སྙམ་དུ་དགོངས་ཏེ། སེར་དགོན་སླར་གསོ་དང་དོ་དམ་གྱི་འགན་བཞེས་ཤིང། སྐལ་བ་དང་ལྡན་པའི་སློབ་ཚོགས་ལ་ཟབ་རྒྱས་ཆོས་ཀྱི་ཁོར་ལོ་རྒྱ་ཆེར་བསྐོར། སྤྱི་ལོ་༡༩༩༢སྟེ་རྗེ་ཉིད་དགུང་གྲངས་༦༢ལ་ཕེབས་པའི་ལོར་ཁོང་ནས་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་པར་བཀའ་མོལ་གནང་ནས་ཆོག་མཆན་ཐོབ་སྟེ་སེ་ར་དགོན་པར་ཐེངས་དང་པོར་སེ་འབྲས་དགའ་གསུམ་གྱི་མཁས་མང་འཛོམ་ནས། མི་ལོ་སུམ་ཅུ་ལྷག་གི་དུས་ཚོད་རིང་རྒྱུན་ཆད་པའི་འཇང་དགུན་ཆོས་ཆེན་མོ་བསྐྱར་གསོ་གནང་ཞིང། ༡༩༩༣ནང་རྒྱ་གར་ལ་གསང་བའི་ཚུལ་གྱི་ཕེབས་ཏེ་༧གོང་ས་མཆོག་དང་མཇལ་འཕྲད་ཀྱི་སྐབས་སུ་རྒྱལ་བའི་བཀའ་དགོངས་བཞིན་བོད་དུ་ཕྱིར་ལོག་གནང་ཏེ་སངས་རྒྱས་ཀྱི་བསྟན་པ་དེ་ཉིད་ཉིན་མ་ལྟར་ཕྱོགས་ཀུན་ཏུ་ཁྱབ་པར་མཛད་གནང་ཡོད་པ་རེད། དེ་བཞིན་ད་ལྟའི་བར་དུ་བོད་ནས་རྒྱ་གར་དུ་གདན་ས་གསུམ་ཏུ་དགེ་ཕྲུག་སློབ་གཉེར་བ་༥༠༠ལྷག་ཙམ་གཏོང་གནང་མཛད་པ་སོགས་སངས་བརྒྱས་ཀྱི་བསྟན་པའི་ཆེད་དུ་སྐུ་ཚེ་གང་བོར་གཏོང་གནང་མཛད་ཡོད་དོ།
       ད་ལྟའི་བར་མཁས་མང་སྟོང་ཕྲག་གི་འབེལ་གཏམ་གྱི་འཕྲེང་བ་བསྟན་པའི་རྒྱན་དུ་སྒྲོགས་པ་ནི་རྗེ་ཉིད་ཀྱི་བཀའ་དྲིན་ཁོ་ན་ཡིན་ལ། དེ་བཞིན་སྔ་རྗེས་སུ་བུ་སློབ་མང་པོའི་རེ་འདུན་ལྟར་ཨ་མདོའི་ཡུལ་གྲུ་ཁག་ཏུའང་ཞབས་ཀྱི་བཅགས་ཏེ། རོང་བོ་དགོན་ཆེན་དང་གཙང་ར་རྒྱ་གསུམ་པོར་འཇང་དགུན་ཆོས་ཚུགས་པ་དང།ཁོང་གི་ཞལ་བཀོད་ལྟར་རྫ་ཆུའི་དགོན་སྡེ་མང་པོར་ཡང་ལྷན་དུ་འཇང་དགུན་ཆོས་ཆེན་མོ་གསར་འཛུགས་མཛད་པ་སོགས་རྒྱལ་བསྟན་མི་ནུབ་བའི་རྒྱལ་མཚན་འཛམ་གླིང་གི་རྒྱན་དུ་བཏེགས། སྤྱི་ལོ་༢༠༡༣ཟླ་བ་༡༡པའི་སྤྱི་ཚེས་༥གཟའ་མིག་དམར་ཆུ་ཚོད་༩སྐར་ཆ༤༠ཐོག་དགོངས་པ་ཆོས་དབྱིངས་སུ་ཐིམ།

                                       རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།


གསལ་འདེབས།                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།