ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བཙུན་བློ་བཟང་རྒྱ་མཚོ་དཔལ་བཟང་མཆོག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2015-12-06 23:40:21     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

 

དགེ་བཤེས་བློ་བཟང་རྒྱ་མཚོ།.jpg

        ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བཙུན་བློ་བཟང་རྒྱ་མཚོ་དཔལ་བཟང་མཆོག་ནི་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་མཐའ་བ་གོང་མ་རུ་ཡབ་སྔགས་འཆང་ཚེ་རིང་རྒྱལ་དང་། ཡུམ་པད་མ་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཉི་སྒྲོལ་བྱེད་ཅེས་པ་ཤིང་ཕོ་སྤྲེལ་(༡༩༤༤)ལོའི་ཧོར་ཟླ་བཅུ་གཉིས་པའི་དུས་ཚེས་བཟང་བོར་སྐུ་བལྟམས།

        དགུང་གྲངས་དྲུག་བཞེས་པ་རབ་རྒྱལ་ས་གླང་(༡༩༤༩)ལོར་རྒྱ་ཞབས་དྲུང་སྐུ་འཕྲེང་བཞི་བ་རྗེ་སྐལ་བཟང་གྲགས་པ་རྒྱ་མཚོ་དཔལ་བཟང་བོའི་ཞལ་སྔར་རབ་ཏུ་བྱུང་ཞིང་མཚན་བློ་བཟང་རྒྱ་མཚོར་གསོལ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྨད་བྱུང་ཐོས་བསམ་གླིང་དུ་ཞུགས། 
དགེ་བའི་བཤེས་གཉེན་རབ་བརྟན་རྒྱ་མཚོ་བསྟེན་ཏེ་ཆོ་ག་ཆོས་སྤྱོད་དང་གཞུང་ལུགས་མང་བོ་ཐུགས་འཛིན་མཛད། དཔེ་ཁྲིད་དང་ཆོས་གྲྭ་སོགས་ཆག་མེད་བྱས་པས་རྣམ་དཔྱོད་མེ་བཞིན་དུ་འབར། 
        རབ་རྒྱལ་ས་ཁྱི་ (༡༩༥༨)ལོར་དུས་འགྱུར་ཆེན་པོ་བྱུང་ན་ཡང་། ཁོང་གིས་བགྲང་བྱ་བཅུ་ཟུང་ལྷག་ལ་ལྐོག་ཏུ་རྒྱ་བོད་གཞུང་ལུགས་དུ་མ་ཐུགས་འཛིན་དང་གཟིགས་རྟོག་གནང་། དགུང་གྲངས་ཉེར་བརྒྱད་པར་རྗེ་འཇིགས་མེད་རྒྱ་མཚོ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། སླར་ཡང་ཆོས་སྒོ་ཕྱེས་པ་ནས་ཕྱིར་གདན་སར་ཕེབས་ཏེ་རྗེ་དགེ་འདུན་རྒྱ་མཚོ་སོགས་བཤེས་གཉེན་དུ་མ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ནས་གཞུང་བཀའ་པོད་ལྔ་དང་སྔགས་རྒྱུད་སྡེ་བཞི་བཅས་མདོ་སྔགས་རིག་གནས་དང་བཅས་པར་གསན་སྦྱོང་མཐར་ཕྱིན་པར་མཛད།《བྱང་ཆུབ་ལམ་རིམ་ཆེན་མོ》དང་། 《སྔགས་རིམ་ཆེན་མོ》སོགས་གཞུང་ཆེན་མང་བོ་ཐུགས་འཛིན་གྱིས་ཚོགས་རྒྱུགས་ལ་ཕུལ། 
        རབ་རྒྱལ་ཤིང་བྱི(༡༩༨༤)ལོའི་སྤྱི་ཟླ་བརྒྱད་པའི་ནང་ནས་སི་ཁྲོན་མཛོད་དགེའི་བཞག་སྡོམ་བོད་ཡིག་སློབ་འབྲིང་དུ་རྔ་བ་ཁུལ་ཀྱིས་དུས་ཐུང་སྦྱོང་བརྡར་ཐེངས་བཞི་བ་བཙུགས་པའི་གྲལ་དུ་ཕེབས་ཏེ་མ་ཧྭ་པཎྡི་ཏ་དམུ་དགེ་བསམ་གཏན་རྒྱ་མཚོའི་ཞལ་སྔར་《སྐར་རྩིས་རིགས་ལྡན་མཆོད་པའི་འོད་སྣང་》དང་།《སྙན་ངག་ཡང་གསལ་སྣང་མཛོད》《བློ་གསལ་འཇུག་ངོགས》《དབྱངས་ཅན་སྒྲ་ཊཱིཀ》སོགས་ལ་སྦྱོང་བརྩོན་གནང་། 
        རབ་གནས་ས་སྦྲུལ(༡༩༨༩ )ལོའི་དགུན་ཁར་ཧྭར་བ་འཇམ་དབྱངས་བློ་གྲོས་མཆོག་གིས་གཙོས་གསོལ་བ་བཏབ་པ་བཞིན་རྔ་ཡུལ་སྒོ་མང་དགོན་པའི་དགེ་རྒན་དུ་ཕེབས།ལོ་བཅུ་ཕྲག་ལྷག་ལ་འཛིན་གྲྭ་སོ་སོར་བཀའ་པོད་ལྔའི་དཔེ་ཁྲིད་གང་འདོད་དུ་གནང་། འགྲིག་ལམ་ཀུན་སྤྱོད་ཐམས་ཅད་ལ་གཟིགས་སྐྱོང་མཛད་ཅིང་སྔ་ཕྱིར་རབ་བྱུང་དང་། དགེ་ཚུལ། བསྙེན་རྫོགས་བཅས་བརྒྱ་ཕྲག་གཉིས་ལ་ཉེ་བར་བསྒྲུབས། རིགས་གསུམ་སྤྱི་སྒྲུབ། འཇམ་དབྱངས་དམར་སེར། སེང་གདོང་གཙོ་རྐྱང་། རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང་། སྐྱབས་ཁྲིད། དབང་དོན་དེ་ཉིད་རབ་གསལ། ཚེ་གཅིག་ཉམས་ལེན་། སྡོམ་གསུམ་བསླབ་བྱ། དབལ་མང་པཎྚི་ཏས་མཛད་པའི་《རྒྱུད་སྡེ་སྤྱིའི་རྣམ་པར་བཞག་པ་སྔགས་ལ་འཇུག་པའི་སྒོ།》གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་འཇིགས་བྱེད་དཔའ་བོ་གཅིག་པའི་བསྐྱེད་རིམ། ལམ་རིམ་འཇམ་དཔལ་ཞལ་ལུང་། འགྲེལ་བ་བཞི་སྦྲགས་ཀྱི་ས་ཁུངས་སྦྱར་ཚུལ། དགའ་ལྡན་ལྷ་བརྒྱ་མ། ཡོན་ཏན་གཞིར་གྱུར་མ། ས་ལམ། གསང་བདེ་འཇིགས་གསུམ་གྱི་ཐིག་དང་བློས་བསླང་བཞེངས་ཚུལ་སོགས་ཀྱི་ཁྲིད། ཐར་མདོའི་ལུང་སོགས་མང་དུ་གནང་། ཆོས་དང་འཇིག་རྟེན་གྱི་བསླབ་བྱ་ཡང་གང་མང་གནང་བས་དགོན་འདིའི་འགྲིག་ལམ་ཀུན་སྤྱོད། འཆད་ཉན་བཤད་སྒྲུབ་ཀྱི་བྱ་བར་འཕེལ་རྒྱས་བླ་ན་མེད་པ་བྱུང་། 
        ལྕགས་རྟ(༡༩༩༠)ལོར་གདན་ས་ཆེན་པོ་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་རྡོ་རྗེ་འཛིན་པ་དང་། མཚོ་སྔོན་ཐར་ཤུལ་དགོན་རྣམ་དག་ཁྲིམས་ལྡན་གླིང་གི་དགེ་རྒན་མཛད། སྔ་རྗེས་སུ་རྗེ་གསུང་འབུམ་གྱི་བཀླག་ལུང་དང་འཇིགས་བྱེད་ཀྱི་དབང་། ཆོས་རྒྱལ་གྱི་རྗེས་གནང་སོགས་དབང་ལུང་མན་ངག་གི་སྐོར་དང་། བསྡུས་གྲྭ་དང་རྟགས་རིགས། གྲུབ་དོན་ས་གསུམ། སྡོམ་གསུམ་བསླབ་བྱ། ཕར་ཕྱིན་གྱི་སྐོར་དང་སྔགས་ཀྱི་ས་ལམ་སོགས་ཀྱི་གཟབ་ཁྲིད་གནང་།
ཤིང་ཁྱི(༡༩༩༤)ལོ་ནས་མཚོ་སྔོན་ཁྲི་ཀ་རྫོང་གི་ཇོ་བོའི་ལྷ་ཁང་དུ་ཕྱོགས་ལ་ལུང་གི་དགོན་སྡེ་མང་བོ་ནས་ཕེབས་པའི་དགེ་འདུན་པ་དང་དད་ལྡན་བགྲང་ལས་འདས་པར་ལོ་ཁ་ཤས་སུ་བཀའ་འགྱུར་དང་། བསྟན་འགྱུར་ཆེན་མོ་གཉིས་ཀྱི་ལུང་ཆ་ཚང་བར་གནང་། མཚོ་སྔོན་ཕྱོགས་ཀྱི་དགོན་སྡེ་ཆེ་ཕྲ་མང་བོར་དབང་བཀའ་ཆོས་ཁྲིད་མན་ངག་སོགས་གང་འདོད་གནང་། 
       ཤིང་ཕག (༡༩༩༥ )ལོའི་ཧོར་ཟླ་བདུན་པར་སྒོ་མང་དགོན་པའི་ཚོགས་ཆེན་འདུ་ཁང་གི་གནས་བཅུའི་ལྷ་ཁང་དུ་རྗེ་ཙོང་ཁ་བ་ཆེན་པོའི་གསུང་འབུམ་ཆ་ཚང་གི་ལྗགས་ལུང་ཟླ་གཅིག་གི་ཡུན་ལ་བསྩལ།
       མེ་བྱི་(༡༩༩༦)ལོའི་ཧོར་ཟླ་ལྔ་བའི་ནང་རྒྱལ་ཚབ་དར་མ་རིན་ཆེན་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་གཉིས་ཀྱི་གསུང་འབུམ་ཆ་ཚང་གི་ལྗགས་ལུང་བསྩལ། སྔོ་ཤུལ་དགོན་གྱི་གདན་དྲངས་པ་བཞིན་ཕེབས་ཏེ་མཁའ་སྤྱོད་མའི་རྗེས་གནང་སོགས་འདོད་ཆོས་ཅི་རིགས་བསྩལ། ཧོར་ཟླ་དྲུག་པའི་ནང་གདོང་རི་དགོན་གྱིས་གདན་དྲངས་པ་བཞིན་ཕེབས་ཏེ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ་ལས་རྒྱུད་སྡེའི་སྐོར་སོགས་པོད་གསུམ་གྱི་ལུང་གནང་། 
མེ་གླང་(༡༩༩༧)ལོར་རྔ་ཡུལ་སྒོ་མང་དགོན་པར་《སྔགས་རིམ་ཆེན་མོའི་》བཤད་ལུང་དང་། ས་སྟག་(༡༩༩༨)ལོར་《བྱང་ཆུབ་ལམ་རིམ་ཆེན་མོའི་》ཞི་གནས་བར་དུ་བཤད་ལུང་ཞིབ་རྒྱས་སུ་བསྩལ། ཀུན་མཁྱེན་མཆོག་ནས་སོག་པོ་མདའ་ཚན་དགོན་གྱི་ཁྲིར་བསྐོས་པ་བཞིན་ཕེབས་ཏེ་བདག་སྐྱོང་ཚད་མེད་གནང་ཞིང། བསྒྲུབ་བྱ་མང་བོ་ཚངས་སྤྱོད་ངུར་སྨྲིག་འཛིན་པའི་དཔལ་ལ་བཀོད། ཐུགས་རྗེ་ཆེན་པོའི་དབང་སོགས་ཟབ་ཆོས་ཅི་རིགས་བསྩལ། ལོ་འདིའི་ཧོར་ཟླ་དགུ་བར་རྔ་ཡུལ་སྒོ་མང་དགོན་གྱི་ཁྲི་བར་བཞུགས་ཏེ་བཤད་སྒྲུབ་འཁོར་ལོ་གསུམ་བྱ་བ་གོང་དུ་སྤེལ། 
        ས་ཡོས(༡༩༩༩)ལོའི་ཧོར་ཟླ་དང་བོའི་ཚེས་མགོར་སོག་པོ་མདའ་ཚན་དགོན་དུ་ཕེབས་ཏེ་སྨོན་ལམ་གསུང་ཆོས་སོགས་སྔར་སྲོལ་བཞིན་གནང་། ཚེས་བཅུ་ཉིན་རྔ་བ་སྒོ་མང་དུ་ཕེབས་ཤིང་ཚེས་བཅུ་གཅིག་ནས་གསུང་ཆོས་དང་སྨོན་ལམ་སོགས་ཀྱི་མགོན་དུ་ཕེབས། ཚེས་བཅུ་བདུན་ཉིན་ཕྱིར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཆིབས་བསྒྱུར་མཛད། ཀུན་མཁྱེན་བླ་མའི་ཐུགས་དགོངས་བཞིན་ཚེས་བཅུ་དགུ་ནས་གདན་ས་དེར་རྗེ་ཡབ་སྲས་རྣམ་གསུམ་གྱི་གསུང་འབུམ་གྱི་ལྗགས་ལུང་གནང་བ།
       ཆུ་ལུག (༢༠༠༣)ལོར་ཡོངས་འཛིན་རིན་པོ་ཆེ་བཞེད་དགོངས་བཞིན་ལ་མོ་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་གྱི་རིགས་ཀྱི་ཅོད་པཎ་དུ་བཀུར། ལོ་ལྔའི་རིང་མཆོག་སྤྲུལ་རིན་པོ་ཆེ་སྤྱན་གྱི་འབྲས་བུ་བཞིན་དུ་བསྐྱངས་ནས་གང་གིས་གཙོས་མཚན་ཉིད་ཞབས་ཞུ་དག་ལ་བསྡུས་གྲྭ་དང་། བློ་རྟགས། ས་ལམ་གྲུབ་མཐའ། ཕར་ཕྱིན་ཐལ་ཕྲེང་ཟུར་བཀོད་སོགས་ལ་སྨིན་བྱེད་དབང་དང་། གྲོལ་བྱེད་ཁྲིད། རྒྱབ་བརྟེན་ལུང་སོགས་ཟབ་ཆོས་མང་བོ་བུམ་པ་གང་བྱོའི་ཚུལ་དུ་གནང་། ཁྱད་པར་ཡོངས་འཛིན་ཆོས་ཀྱི་རྒྱལ་བོས་ཁོང་ལ་དེ་རིང་ནས་ཁྱེད་ཀྱིས་བདག་གི་ཚབ་བྱས་ཏེ་ལ་མོ་གོང་ས་མཆོག་ལ་དབང་ལུང་མན་ངག་དང་དཔེ་ཁྲིད་གང་རྒྱས་གནང་རྒྱུ་དང་གདན་ས་འདིའི་ཆོས་སྲིད་གང་ཅིའི་ཐད་གཟིགས་སྐྱོང་གནང་དགོས་ཞེས་རྗེ་བླ་མའི་སྐུ་དང་གོས་བཟང་བཅས་གནང་། ཁོང་ནས་ང་རང་འདྲ་བའི་དེ་འདྲའི་ཁུར་མི་ཐེག་ཅེས་སྤྱན་ཆབ་འདོན་བཞིན་ཞུ་བ་ཕུལ་ཀྱང་ཁོང་གིས་ཁྱེད་ཀྱིས་ངའི་ཚབ་བྱས་ནས་དགོན་པ་འདིར་ཅིས་ཀྱང་བཞུགས་དགོས། དེ་ལྟར་བྱས་ན་བདག་གི་བསམ་དོན་ཡིད་བཞིན་དུ་འགྲུབ་པ་ཡིན་ཞེས་གསུངས་ཏེ་རྒྱལ་ཚབ་དུ་བསྐོས། 
        དེ་ནས་བཟུང་ཁོང་གིས་དགོན་འདི་སྤྱན་གྱི་འབྲས་བུ་བཞིན་དུ་བསྐྱངས་ནས་མདོ་གདུགས་སྒྲོལ་གསུམ། བླ་མ་མཆོད་པ། གནས་བཅུའི་ཕྱག་མཆོད་སོགས་ཆོས་གྲྭའི་སྐུ་རིམ་ཡོངས་རྫོགས་ལ་རིན་པོ་ཆེའི་ཚབ་བྱས་ནས་དབྱངས་ཆགས་གང་མང་བྱས་པ་མ་ཟད་དང་། ནམ་རྒྱུན་བཞིན་ཆོས་གྲྭར་ཕེབས་ནས་འཛིན་གྲྭ་རེ་རེའི་རྟགས་གསལ་གཏོང་ཐེངས་དང་དམ་བཅའ་འདུག་ཕྱོགས་སོགས་ལ་གཟིགས་སྐྱོང་གནང་བ་སོགས་ཆོས་སྲིད་ལེགས་ཚོགས་མཐའ་དག་ཡོངས་འཛིན་ཆོས་ཀྱི་རྒྱལ་བོའི་ཐུགས་དགོངས་བཞིན་སྤེལ་བར་མཛད། ༢༠༠༥ལོར་རང་དགོན་དུ་རྗེའི་གསུང་འབུམ་གྱི་ལུང་གནང་བ་སོགས་གསང་ཟབ་ཆོས་ཀྱི་ཆར་བ་ཕབ།
        རྗེ་འདི་ཉིད་ཀྱིས་ལ་མོའི་ཡོངས་འཛིན་སོགས་དགེ་བའི་བཤེས་གཉེན་བཅུ་ཕྲག་འགའ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པ་སྦྱོང་བ་མཐར་ཕྱིན་པར་མཛད་ཅིང་དབང་ལུང་མན་ངག་རྒྱ་མཚོ་བུམ་པ་གང་བྱོའི་ཚུལ་དུ་གསན། སྔ་རྗེས་སུ་བོད་དང་རྒྱ་ནག་གི་དགོན་པ་མང་བོ་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་དབང་ལུང་རྗེས་གསུམ་དང་དཔེ་ཁྲིད་གང་འདོད་དུ་གནང་བ་སོགས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པའི་རྒྱལ་མཚན་ཕྱོགས་སུ་བསྒྲེངས་པར་མཛད།
        ༢༠༠༩ལོའི་ཟླ་ལྔ་བའི་ཚེས་ཉི་ཤུ་ཉིན་བླ་བྲང་བཀྲ་ཤིས་འཁྱིལ་དུ་དགོངས་པ་ཆོས་ཀྱི་དབྱིངས་སུ་གཞོལ་བའི་ཚུལ་བསྟན། གསུང་རྩོམ་ལ་ལ་མོའི་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོའི་རྣམ་ཐར་འཇམ་མགོན་བསྟན་པའི་མཛེས་རྒྱན་དང་། བོད་ཀྱི་རིག་གནས་ཆེན་པོ་ལྔའི་རྣམ་གཞག་སོགས་བཞུགས་ཤིང་གསུང་ལས་སྐྱེས་པའི་སློབ་མ་ལ་ལ་མོ་ཆོས་ཀྱི་རྒྱལ་བོ་སོགས་ལུང་རིགས་སྨྲ་བའི་དགེ་བཤེས་དང་གནའ་དེང་གི་རིག་གནས་ལ་ནང་བྱན་ཆུབ་པའི་རྒྱ་བོད་བགྲང་ལས་འདས་སོ། །

                                           རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།


གསལ་འདེབས།                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།