རྗེ་བཙུན་ཡེ་ཤེས་རྒྱ་མཚོའི་མཛད་རྣམ་ཉུང་བསྡུས་དྲི་མེད་ཤེལ་ཕྲེང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2015-12-06 23:38:10     རྩོམ་པ་པོ།   རྒྱལ་ཚང་སྤྲུལ་མིང་པ།    ཀློག་ཐེངས།  

རྗེ་ཡེ་ཤེས་རྒྱ་མཚོ།.jpg

          ཀ་དག་ཡེ་ཤེས་མཁྱེན་པའི་མེ་ལོང་ཤེས་བྱའི་རི་དྭགས་གཟུགས་བརྙན་གས ལ།།
          ཁ་བ་རི་བོའི་ལུགས་གཉིས་འདེགས་མཁས་གསུབ་ཏུ་བྲལ་བའི་མཛད་རྗེས་མཁན།།
          ག་བུར་ལེགས་གསུང་འོད་ཀྱི་ཟེགས་མས་གདུལ་བྱ་རྒྱ་མཚོའི་སྨག་མུན་བཅོམ།།
          ང་ཡི་སྐྱབས་གཅིག་མཚུངས་བྲལ་བཤེས་གཉེན་སྨྲ་བའི་ཟླ་བ་གཙུག་ཏུ་བསྟེན།།
         དྲི་མེད་མཁྱེན་གཏེར་འཇམ་དཔལ་གཞོན་ནུའི་སྐུ།།
         གདུལ་བྱའི་བློ་མུན་སེལ་ཕྱིར་རྣམ་རོལ་བར།།
         དད་པའི་མེ་ཏོག་ལན་བརྒྱར་སྙིང་ཟུམ་ན།།
         ལེགས་བཤད་འདོད་རྒུར་སྤྱོད་པའི་གྲུ་ཆར་ཕོབས།།
        ཞེས་ཤིས་པ་བརྗོད་པའི་སྙན་འགྱུར་འབུམ་སྡེའི་རྒྱུད་ལས་ཉེ་བར་དྲངས་པའི་སྐྱེ་བ་ལྔ་བའི་སྒྲ་དབྱངས་ཀྱིས་སྔུན་བསུས་ཏེ་སྐབས་སུ་གླེང་བར་བྱ་བ་ནི་༸རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན་པོ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་༸རྗེ་བཙུན་ཡེ་ཤེས་རྒྱ་མཚོའམ་མཚན་གཞན་དབྱངས་ཅན་གྲུབ་པའི་རྡོ་རྗེ་མཆོག་གི་གསང་གསུམ་མཛད་པའི་རོལ་གར་ཆ་རེ་ཙམ་ཡང་རྒྱལ་དང་རྒྱལ་བའི་མྱུ་གུ་དག་གིས་བརྗོད་ཀྱིས་མི་ལང་ན་ལས་ཉོན་གྱི་མ་རིག་པའི་མུན་དོང་དུ་འཁོད་པའི་སོ་སོ་སྐྱེ་བོས་ཇི་ལྟར་བརྗོད་པར་འཚལ། དེ་ལྟར་ནའང་དད་པའི་རྟེན་དུ་ཐུན་མོང་བའི་གདུལ་བྱའི་སྣང་ངོར་མཛད་པ་རྒྱ་མཚོའི་ཆུ་ཐིགས་ཙམ་ཞིག་ཀློག་མཁན་རྣམ་པའི་སྤྱན་སྔར་བསྟར་བར་བྱ་སྟེ། གངས་ཅན་སཱ་ལའི་སྨན་ལྗོངས་ལེགས་བཤད་འདོད་རྒུར་སྤྱོད་མཁན་མཁས་པའི་ཁྱུ་ཚོགས་ཀྱི་དབུས་ན་མདོ་སྔགས་གཞུང་ལུགས་རབ་འབྱམས་སྨྲ་བ་ལ་གཞན་དྲིང་མི་འཇོག་པའི་ལྗགས་ཀྱི་འདབ་མ་རང་དབང་དུ་བསྒྱུར་བ་བསྟན་པའི་མཛེས་རྒྱན་དམ་པ་༸རྗེ་བཙུན་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་གང་དུ་འཁྲུངས་པའི་ཡུལ་ནི། ཇི་སྐད་དུ། རྗེ་ཙོང་ཁ་བའི་རྣམ་ཐར་སྙན་ངག་མ་ལས། འདི་ནས་ཤར་གྱི་ཕྱོགས་ན་ཙོང་ཁ་ཞེས། །ས་ལ་གནས་ཀྱང་ལྷ་ཡི་འཇིག་རྟེན་དུ། །བརྟག་པར་བྱ་བ་ཡུལ་གྱི་དགེ་མཚན་ནི། །མ་ལུས་བགྲང་ལ་ཐུབ་རྣམས་ངལ་བ་ཡོད། །ཅེས་གསུངས་པ་ལྟར། སྡེ་བཞིའི་དགེ་མཚན་མེ་ཏོག་ཆར་དུ་བསྙིལ་བའི་ལང་ཚོའི་དཔལ་གྱིས་མངོན་པར་སྒེག་པའི་སྨན་ལྗོངས་བློ་བཟང་རྒྱལ་བ་འཁྲུངས་པའི་གནས་མཆོག་ཙོང་ལ་རིང་མོའི་ཉེ་འགྲམ། མདོ་སྨད་ས་ཡི་ཐིག་ལེ་བྱང་རྒྱུད་ཀྱི་བ་ཡན་གཅན་ཚའི་རིགས་ལ་རི་རྒན་ནང་ཟེར་བའི་ཡ་རབས་དད་ལྡན་དགེ་བཅུ་ཚང་བའི་གྲོང་གསེབ་ཅིག་ཏུ་ཡབ་བཀྲ་ཤིས་རྒྱ་མཚོ་དང་ཡུམ་པདྨ་མཚོ་གཉིས་ཀྱི་སྲས་སུ་ ༡༩༡༧ ལོར་རྨད་བྱུང་ངོ་མཚར་བའི་ལྟས་ཁྱད་འཕགས་དང་བཅས་སྐུ་བལྟམས། མཁས་གྲུབ་ཐམས་ཅད་མཁྱེན་པས། ལུས་ཀྱི་མྱུ་གུ་དང་པོར་གྱུར་པ་ཡི། །གནས་སྐབས་དེར་ཡང་ཡོན་ཏན་མེ་ཏོག་ནི། །དཔག་མེད་དྲི་བཟང་རྫོགས་པའི་སྙིང་པོ་ཅན། །འདི་ལྟའི་ངོ་མཚར་སུ་ཡིས་བསམ་མི་བྱ། །ཞེས་གསུངས་པ་ལྟར། ཡབ་ཡུམ་འདི་གཉིས་ལ་བུ་གཅིག་ལས་མེད་སྟབས་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟར་གཅེས་པར་བསྐྱངས། བྱིས་པའི་དུས་སུ་ངུ་བ་དང་བག་མེད་པའི་རོལ་རྩེད་སོགས་ལས་འདའ་བ་ཞིག་ཡིན་པར་དེའི་རྒན་རབས་ཀུན་ལ་གྲགས་ཤིང་ཐམས་ཅད་ཀྱིས་ངོ་མཚར་བའི་གནས་སུ་འཛིན་ཏོ། །ཡབ་སྔགས་འཆང་རིག་འཛིན་ཞིག་ཡིན་པས་ཆུང་ངུའི་དུས་ནས་ཡབ་ཀྱི་དྲུང་ནས་འབྲི་ཀློག་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་བདུན་སྟེང་ཁྱིམ་ལ་ཡིད་ཕྱུང་ནས་བྲོས་བྱོལ་དུ་མདོ་སྨད་ཀྱི་ཆོས་སྡེ་ཀུན་ལས་མཚན་སྙན་གྱི་རེ་ཁཱ་དགུང་དུ་བསྐྱོད་པའི་ནཱ་ལེན་དྲ་གཉིས་པ་ཞེས་ཡོངས་སུ་གྲགས་པ་སྡེ་ཚ་བཀྲ་ཤིས་ཆོས་སྡིངས་སུ་ཞབས་སོར་བསྒྱུར། རབ་བྱུང་གི་སློབ་དཔོན་མང་ཐོས་འདུལ་འཛིན་ཆེན་པོ་གསེར་ལག་པ་འཇམ་དབྱངས་རྒྱ་མཚོ་ལས་དགེ་ཚུལ་དང་བར་མ་རབ་བྱུང་སྡོམ་པ་ལེགས་པར་མནོས། སྨྲ་བའི་སེངྒེ་བྱ་མདོ་འབྲོག་རི་བ་ཚུལ་ཁྲིམས་རྒྱ་མཚོ་དང་། མཁས་བཙུན་བཟང་གསུམ་གྱི་བདག་ཉིད་ཆེན་མོ་ཨ་ཁུ་ལྷ་སྡེ་ཚང་སོགས་ཀྱི་ཞབས་ཀྱི་པད་མོར་ཉེ་བར་གཏུགས་ཏེ་བསྡུས་གྲྭ་སོགས་ཚད་མའི་གཞུང་ལ་རྡོ་རུས་ཐུག་པའི་སློབ་གཉེར་གནང་། ༡༩༤༠ ལོར་མདོ་སྨད་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཐུགས་བརྩོན་སློབ་གཉེར་ལ་རང་གི་དད་སྟོབས་དང་དམ་པ་དུ་མས་བསྐུལ་སློང་ལ་བརྟེན་ནས་ཕྱག་ཕེབས་མཛད། རྨད་བྱུང་ཐོས་བསམ་གླིང་གི་རྟགས་རིགས་འཛིན་གྲྭར་ཞུགས། ཡོངས་འཛིན་དུ་གཞུང་བརྒྱ་སྨྲ་བའི་དབང་པོ་ཨ་ཁུ་རྔ་བ་སྨོན་ལམ་ཚང་། ཡོངས་འཛིན་ཨ་ཁུ་གྲགས་པ་ཚང་། པཎ་ཆེན་ཡོངས་འཛིན་ཨ་ཁུ་འཇིགས་མེད་ཚང་། ཨ་ཁུ་ཐབས་མཁས་ཚང་སོགས་གུས་རྟག་བསམ་སྦྱོར་གཉིས་ཀྱིས་བསྟེན་ཏེ་ཉིན་མཚན་སྦྲེལ་ནས་བརྩོན་པ་དྲག་པོ་གནང་། ཇི་སྐད་དུ། ཞང་སྟོན་བསྟན་པ་རྒྱ་མཚོས། ཚིལ་བུ་ཐལ་མོས་བཞད་དགོངས་ཚོན་པོའི་ཤ། །མར་ཕྱུར་བཅུད་བཟང་བསྡུས་པའི་ཞུན་དང་ཐུད། །སྤུངས་པའི་དཀྱིལ་ན་གང་འཛོམས་གང་ལེགས་ཀྱིས། །བཀླུབས་པའི་གཅེས་ཕྲུག་ལང་ལ་ཤོར་བའི་ཚུལ། །མ་ཡིན་དྲག་སྟར་བསྡུས་པའི་ཁུ་བ་དང་། །ལམ་གཏོར་སྐམ་པོ་བརྡུངས་པའི་ཐུག་པ་སོགས། །ཟས་གོས་སྲོག་འཚོ་ཙམ་ལ་བརྟེན་ནས་སུ། །ཚ་གྲང་བཀྲེས་སྐོམ་དཀའ་སྤྱད་དང་དུ་བཞེས། །ཞེས་གསུངས་པ་དང་ཚུལ་མཐུན་གྱི་འཚོ་བ་ངན་ངོན་ལ་བརྟེན་ནས་ཐོས་བསམ་སློབ་གཉེར་ལྷོད་མེད་དུ་གནང་། དམ་པ་གང་གི་ཞལ་ནས། འཚོ་བའི་དཀའ་ངལ་ཕྲད་ན་ཡང་ང་ཐལ་བར་གྲོང་ཆོག་ལ་ཐེངས་གཅིག་མ་གཏོགས་སོང་མ་མྱོང་གསུངས། རྩོད་ངག་གད་རྒྱངས་མངོན་པར་བསྒྲགས་པས་རྒན་གཞོན་ཀུན་གྱིས་བསྔགས་པའི་རོལ་མོ་གང་མང་འཁྲོལ། ལྷག་པར་དབང་ལུང་མན་ངག་ཁྲིད་རྒྱུན་སོགས་༸མདོ་སྨད་བསྟན་པའི་བདག་པོ་ཨ་ལགས་བླ་ཁོ་རིན་པོ་ཆེ་༸རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་སྐུ་དྲིན་ཉག་གཅིག་ལ་བརྟེན་ནས་བུམ་པ་གང་བྱོའི་ཚུལ་དུ་ཐུགས་སུ་མནོས། གཞུང་ཆེན་བཀའ་པོད་ལྔ་དང་ལྷག་པར་མངོན་པའི་གཞུང་ལ་ཐུན་མོང་ལ་མ་ཡིན་པའི་མཁས་སྙན་གྱི་བ་དན་ཕྱོགས་བཅུར་གཡོས། ཞལ་ལ་ཐུན་མོང་གི་རིག་གནས་ཀྱི་སྐོར་སྒྲ་གཞུང་དང་སྙན་ངག་གི་བསྟན་བཅོས། རྩིས་སྐར་ནག་བོད་ཀྱི་གསོ་བ་རིག་པའི་གཞུང་ལ་སྦྱང་བ་ཕུལ་ཕྱིན་མཛད་པས་ལྔ་རིག་སྨྲ་བའི་དབང་པོར་གྱུར། དགུང་ལོ་གསར་བུའི་དུས་སུ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་ཆེ་ཁག་གི་རྩོད་རྒྱུགས་རྡོ་རམས་དམ་བཅའ་འཇོག་གནང་མཛད་པས་སྙན་པའི་གྲགས་པ་ཕྱོགས་བཅུའི་མཛེས་མའི་རྣ་རྒྱན་དུ་བཀོད། དགུང་ལོ་ ༣༣ པའི་བདུན་པའི་རིགས་གྲྭའི་སྐབས་རྔ་བའི་སྦྱིན་པ་རྒྱ་མཚོ་དང་དམ་པ་གཉིས་ཀྱིས་མངོན་པ་མཛོད་ཀྱི་ཚོགས་ལངས་མཛད་པས་ལེགས་སོའི་ཕྲེང་བ་རིང་མོ་ལུ་གུ་བརྒྱུད་དུ་སྤེལ། དགུང་ལོ་ ༣༥ ལྕགས་ཡོས་ལོར་ཧོར་གཙང་ཁྲི་རིན་པོ་ཆེས་བཀའ་རམས་སྐྱོར་དཔོན་དུ་བསྐོ་བཞག་སྩལ་ཅིང་འདུལ་བ་མདོ་རྩ་བ་ཐུགས་འཛིན་མཛད་དེ་མིང་དོན་གཉིས་ཀྱིས་ལྗོངས་འདིར་འཕགས་པ་ཉེ་བར་འཁོར་བྱོན་པ་ལྟ་བུ་མཛད། བཀའ་རམས་སྐྱོར་དཔོན་གྱི་ཐུགས་འགན་ལོ་མང་བཞེས་ཏེ་རྩོད་པའི་རྒྱུན་བཟང་ལེགས་སྤེལ་དུ་བསྐྱངས། ད་དུང་འབོ་རའི་སྒར་སྔོན་པོ་ཐང་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་གི་མཚན་ཉིད་དགེ་རྒན་དུ་ཕེབས་ནས་དེ་གའི་བཤད་སྒྲུབ་འཆད་ཉན་གང་ལེགས་སུ་སྤེལ། སྐབས་དེར་རང་ལོ་སོ་བདུན་སྟེང་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་ཉེར་བདུན་རྣམ་བརྒྱད་ཆུ་མོ་སྦྲུལ། སྤྱི་ལོ་ ༡༩༥༣ ལོར་མངོན་པ་མཛོད་ཀྱི་མཆན་འགྲེལ་ཉི་མའི་འོད་ཟེར་མཛད། ཡང་དེའི་ཕྱི་ལོ་མཛོད་ཀྱི་ཟུར་མཆན་ཡིད་ཀྱི་མུན་སེལ་ཀྱང་ལྗགས་རྩོམ་མཛད།
        སྤྱི་ལོ་ ༡༩༥༨ ཞེས་པའི་ཆབ་སྲིད་ཀྱི་རླུང་འཚུབ་སྐབས་འཁྲུངས་ཡུལ་བ་ཡན་རི་རྒན་ནང་དུ་ཕེབས་ནས་ཡུལ་མི་མང་བོས་གཅེས་སྐྱོང་ལ་བརྟེན་ནས་ལས་ཀར་མ་བཀོལ་བར་ཁང་མིག་གཅིག་སྒོར་བཞི་བཅུས་ཉོས་ཏེ་གཞུང་ཆེན་ལྔའི་རྩ་བ་དང་འགྲེལ་ཆུང་དོན་གསལ་སོགས་སྟོང་ཕྲག་ལྷག་སྐོར་སྦྱོངས་གནང་སྟེ་མི་ལོ་བཅུ་གསུམ་རིང་ལྷིང་འཇགས་སུ་བཞུགས། ༡༩༧༡ ལོ་ནས་བཟུང་གཞན་ཕན་གསོ་རིག་ལ་བརྟེན་ནས་སྨན་བཅོས་གནང་ཐོག་སྨན་རམས་པའི་མཚན་བཏགས་ཀྱང་ཐོབ་ཡོད། རྒྱ་བོད་སོགས་གསུམ་གཙོ་བོས་ཧེ་རིགས་དང་བཅས་པ་ནད་བརྒྱས་གཟིར་བའི་འགྲོ་བ་ཉམ་ཐག་རྣམས་ལ་དགའ་བདེ་རྒྱ་མཚོའི་དབུགས་དབྱུང་སྦྱིན། དེ་ལ་བརྟེན་ནས་ཁོང་ལ་ཆེད་དུ་དམིགས་ནས་བ་ཡན་རྫོང་བོད་ལུགས་སྨན་ཁང་སོགས་གསར་འཛུགས་གནང་ཐོག་ཐུགས་རྗེ་ལེགས་སྐྱེས་དང་བྱ་དགའ་ཡང་རླངས་འཁོར་སོགས་རིམ་པ་མང་པོ་ཕུལ་བས་བསྔགས་བརྗོད་ཀྱི་མེ་ཏོག་མཁའ་དབྱིངས་སུ་འཐོར། བ་ཡན་རྫོང་བོད་སྨན་ཁང་གི་དབུ་གཙོ་དང་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ལྷན་ཚོགས་ཀྱི་འགན་འཛིན་གཞོན་པའི་ཐུགས་འགན་ཡང་ཕུལ། ཚོགས་ཆེན་དེའི་གཙོ་བོས་བོད་སྤྱི་ལ་ཕན་པའི་གསུང་བཤད་ཀྱང་མང་པོ་གནང་མྱོང་། མ་ཟད་པཎ་ཆེན་སྐུ་ཕྲེང་བཅུ་པས་གསར་འཛུགས་གནང་བའི་མཚོ་སྔོན་ནང་བསྟན་སློབ་གླིང་གིས་དམིགས་བསལ་གདན་ཞུས་ལྟར་དགེ་རྒན་དུ་ཆེད་ཕེབས་གནང་སྟེ་ཕྱོགས་མཐའི་སློབ་མ་རྣམས་ལ་གཞུང་ཆེན་ལྔའི་གཙོས་ཉིད་ཀྱིས་མཛད་པའི་གསུང་རྩོམ་སོགས་དང་། དྲང་ངེས་ལེགས་བཤད་སྙིང་པོ་ཡང་ལན་མང་ཁྲིད། ཞར་ལ་སྐུ་འབུམ་བྱམས་པ་གླིང་དུ་བཞུགས་པའི་གེ་འདུན་མང་པོའི་འདོད་མོས་ལྟར་དབང་ལུང་མན་ངག་ཁྲིད་རྒྱུན་སོགས་རང་རང་འདོད་པ་ལྟར་ཚིམ་པར་བྱས། མཁས་གྲུབ་སྨྲ་བའི་ཉི་མས། ཚིག་སྤྱིའི་བཤད་སྒྲུབ་རྟགས་ཀྱི་དགེ་སྦྱོང་གིས། །ཐུབ་བསྟན་མིང་ཙམ་ལྷག་མར་གྱུར་པའི་དུས། །བསླབ་གསུམ་ལུང་རྟོགས་རྒྱལ་བའི་དམ་ཆོས་ཀུན། །ཁྱོད་ཀྱིས་ཉིན་མོར་མཛད་ལ་གསོལ་བ་འདེབས། །ཞེས་པ་ལྟར་སྨན་པས་བོར་བའི་ནད་པ་ལྟར་བཤད་སྒྲུབ་འཆད་ཉན་ཉམས་རྒུད་སྐབས་རྨང་ནས་གསོས་པའི་བཀའ་དྲིན་གཟུར་གནས་བློ་ལྡན་དག་གིས་བསམ་ན་བཀའ་དྲིན་བློ་ལས་འདས། བྱིན་རླབས་ཀྱི་མཚན་ཁ་འབར་བའི་གནས་གྲགས་ཅན་གཅན་ཚའི་མ་ཎི་ཞིག་གསོའི་ཐུགས་འགན་བདག་གིར་བཞེས་ཏེ་འགྲོ་བའི་བསོད་མས་ཀྱི་ཞིང་དུ་བསྐྲུན་ཕྱིར་འགྲོ་གྲོན་སྦྱིན་གཏོང་ཕངས་མེད་རྒྱ་ཆེར་བཏང་སྟེ་གཟི་དཔལ་འབར་བའི་མཆོད་སྡོང་ཆེན་མོ་གསར་བསྐྲུན་མཛད་པའི་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་ཆེ། ནང་རྟེན་གཙོ་བོ་ཤར་ཕྱོགས་པ་རིགས་པའི་དཔའ་བོ་མཉམ་མེད་ཙོང་ཁ་པ་ཆེན་པོའི་བླ་མའི་ཡང་གཙོ་༸ཆོས་རྗེ་དོན་གྲུབ་རིན་ཆེན་དཔལ་བའི་མ་ཎི་ཕྱག་འཁོར་གཟུངས་གཞུགས་སུ་ཕུལ། ཉིད་ཀྱིས་ཀྱང་བྱིན་རྟེན་གང་ཡོད་རྣམས་གཞུགས་སུ་གསོལ་ཏེ་ཐུགས་སྨོན་དྲི་མ་མེད་པའི་མཚམས་སྦྱར་གཟུངས་སྔགས་དུ་མས་དཀྲིས་ཏེ་མ་ཎིའི་ཆུ་འཁོར་འགྲོ་བའི་བསོད་ནམས་ཀྱི་ཡོལ་གོར་རྟེན་དང་བརྟེན་པར་བཅས་པ་ལེགས་གྲུབ་དགའ་སྟོན་ཚད་མེད་དང་བཅས་བྱུང་། ཚེས་བཟང་དུས་ཆེན་ཁག་ལ་དྲི་བཟང་ཕྱོགས་བཞིར་ཁྱབ་སྟེ་རྟེན་གཙོ་མ་ཎི་འཁོར་ལོ་ལས་བདུད་རྩིའི་རྒྱུན་བཟང་སིམ་སིམ་དུ་འབབ་བཞིན་ཡོད་པ་སྐྱེ་བོ་ཐ་མལ་བའི་སྣང་ངོར་ཡང་ལག་ཟིན་ལོངས་སྤྱད་དུ་ཡོད་པ་ནི་ཆོས་དང་ལས་འབྲས་ལ་ཡིད་ཆེས་ཀྱི་དན་རྟགས་སུ་མངོན་ནོ། །སྡེ་ཚ་དགོན་པ་སླར་གསོ་བྱུང་བ་ནས་བཟུང་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ཡང་སྒོས་སྡེ་འདིའི་འཆད་ཉན་ཡར་རྒྱས་ལ་དགོངས་ནས་སྐུ་ངལ་བརྒྱ་ཕྲག་ལ་འཛེམ་མེད་དུ་ཁོང་ཉིད་ཆོས་ཐོག་རེ་རེར་སྐུ་དངོས་སུ་ཕེབས་ནས་སྐབས་བབ་ཀྱི་རྩོད་མཚམས་སོགས་མཛུབ་ཁྲིད་ཐོག་འཛིན་གྲྭ་གོང་མ་རྣམས་ལ་གསེར་ཕྲེང་རྣམ་བཤད་གཞིར་བཟུང་ནས་ལུང་རྒྱུན་སོགས་གནང་། འདུ་ཁང་ཆེན་མོའི་ནང་དུ་ཟླ་གཅིག་ལྷག་བདེ་གསང་འཇིགས་གསུམ་གཙོ་བོའི་དབང་ལུང་གང་དཀོན་རྣམས་གནང་བས་པདྨའི་ཚལ་ལ་བུང་བ་འདུ་བ་བཞིན་ཕྱོགས་མཐའ་རྭ་རྒྱ་དགོན་སོགས་ནས་དགེ་སློབ་མང་པོ་འདུས། ཡང་སྡེ་འདིའི་འཆད་ཉན་ཇི་སྲིད་བསྟན་པ་ནམ་གནས་ཀྱི་བར་མི་ཉམས་ཡུན་བརྟན་ཐུགས་སྨོན་མཚམས་སྦྱར་དྲི་མ་མེད་པ་དང་བཅས་རྒན་ཚོགས་ལྷན་རྒྱས་དང་བཀའ་རམས་རྣམ་པ། འཛིན་གྲྭ་སོ་སོའི་སྐྱོར་དཔོན་བཅས་ཀྱིས་འཆད་ཉན་ཡར་རྒྱས་ཡོངས་ཆེད་མཆོག་གི་བཀའ་འཁྲོལ་ཡོང་བའི་གསོལ་བ་ནན་བསྐུལ་བཏབ་པ་ལྟར། ཆོས་འཕྲུལ་ཟླ་བ་ནས་ཉིན་བཞི་བཅུའི་རིང་སྐམ་ཚོགས་རྡོ་བཅལ་དམ་བཅའ་གསར་འཛུགས་གནང་། ཆུ་སྟོད་ཟླ་བའི་ཚེ་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན་ནས་བཟུང་ཚོགས་ལངས་དམ་བཅའ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཕྱག་སྲོལ་ལྟར་ཁོང་ཉིད་དངོས་སུ་ཕེབས་ནས་རྩོད་པའི་རྣམ་དཔྱོད་དང་ཚིག་གྲྭ་སྒྲོག་སྟངས་བཅས་ལེགས་པར་བསླབས། གྲྭ་ས་ཆེན་མོའི་ཕྱག་སྲོལ་ལྟར་ཞྭ་མོ་ཟླ་གམ་གྱི་སྲོལ་ཐོག་མར་གསར་འཛུགས་གནང་ཐོག་དགེ་འདུན་རེར་ཞྭ་མོ་རེ་རེ་གནང་སྟེ་འཆད་ཉན་རྒྱུན་སྐྱོང་དགོས་པའི་བཀའ་སློབ་བདུད་རྩིའི་རྒྱུན་བཟང་ཡང་ཡང་ཕབ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་འདུ་ཁང་ཆེན་མོ་ལེགས་གྲུབ་སྐབས་སྤྱི་གཞུང་གིས་གདན་ཞུས་ལྟར་དེ་གར་ཞབས་སོར་བསྒྱུར་ཏེ་ཟླ་གསུམ་རིང་དབྱར་གནས་དང་བཅས་པར་བཞུགས་ནས་རིགས་སྒྲའི་ཚོགས་དབུས་སུ་ཕེབས་ཏེ་བརྒལ་བརྟགས་རྩོད་པའི་ཆོས་ཀྱི་སྒྲ་ཆེན་བསྒྲགས། བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་ཆེ་ཁག་ཡོངས་ཀྱིས་ཆོས་འབྲེལ་ཞུས་ཤིང་ཞབས་ཀྱི་པདྨོར་ཉེ་བར་བཏུགས། དེ་གར་བཞུགས་རིང་གསུང་ཆོས་འགྲེལ་ཆེན་དྲི་མ་འོད། དྲང་ངེས་ལེགས་བཤད་སྙིང་པོ། རྣམ་འགྲེལ་རྩ་བ། བཀའ་རྒྱ་མ་ཡང་ཁ་ཤས་གནང་། དེ་བཞིན་མཛོད་འདུལ་སོགས་ཆེས་དཀོན་པའི་དཔེ་ཁྲིད་མཛད། དེ་གའི་གྲྭ་རྒན་ཁ་ཤས་ཀྱིས་དབང་ཞུས་སྐབས་ཉིད་ཀྱི་ཞལ་ནས། ངས་ཁྱེད་ཅག་ལ་དབང་གསུང་པ་ལས་དཔེ་ཁྲིད་བྱས་ན་ཕན་རླབས་ཆེ་གསུངས། རྗེ་གུང་ཐང་རིན་པོ་ཆེ་མཆོག་གིས་ཀྱང་ཁོང་གི་གཟིམ་ཤག་ཏུ་གདན་ཞུས་མགྲོན་འབོད་གསོལ་ཚིགས་རྒྱ་ཆེར་གཤམས་ཏེ། རྣམ་པ་གཉིས་ཀ་སྐུ་ན་ཕྲ་དུས་ནས་ཐུགས་འདྲིས་དང་འཛིན་གྲྭ་གཅིག་ཡིན་སྟབས་ལྷན་བཞུགས་སྐུ་རྩེད་བཀའ་མོལ་གནང་ནས་བཞུགས། རྗེ་གུང་ཐང་མཆོག་གིས་སྐུ་རྩེད་ལ་ཁྱེད་ང་ལ་རྟགས་གསལ་གཏོང་རྒྱུ་རེད་པཱ་གསུང་། ཁོང་གིས་དེ་རིང་ང་འགྲུལ་བ་ཡིན་སྟབས་རྟགས་གསལ་མི་གཏོང་རྗེས་མ་མི་ཤེས་གསུངས་ནས་ཐུགས་མཉེས་གཤིན་སྒོ་ནས་གསུང་གླེང་ཡུན་རིང་གནང་། ཡང་སྡེ་ཚ་དགོན་གྱི་གྲམ་པའི་ཆོས་རྭ་སྔར་སྲོལ་ལྟར་གསར་རྒྱག་ཐད་ཐུགས་ཁུར་ཆེ་བཞེས་ཐོག་འབྲེལ་ཡོད་ཁག་ལ་ལན་མང་གསུང་བས་ས་ཆ་སོགས་ལེགས་པར་ཐོབ། བསྟན་པ་རྒྱས་པ་དང་འགྲོ་བ་སྐྱིད་པའི་བདེ་རྩའི་རྒྱུ་ཁོ་ནར་དམིགས་ནས་ཁོང་གིས་ཕྱག་དངུལ་རྒྱ་སྒོར་བཞི་ཁྲི་ལྷག་གནང་སྟེ་ལྗོན་ཤིང་དང་མེ་ཏོག་སོགས་རྒྱས་པའི་ལུང་རིགས་དབྱངས་སྙན་བསྒྲགས་པའི་སྐྱེད་ཚལ་ཆོས་རའི་རྭ་བ་ལེགས་གྲུབ་དགའ་སྟོན་བྱུང་སྟེ། དེང་སྐབས་ཟབ་རྒྱས་སྨན་མཆོག་བདུད་རྩིའི་རོ་ལ་ཤེས་ལྡན་བུང་བ་གཞོན་ནུའི་ཁྱུ་ཚོགས་དག་གིས་ལེགས་བཤད་སྒྲ་དབྱངས་དར་དིར་སྒྲོག་བཞིན་པ་ནི་དམ་པ་གང་གི་བཀའ་དྲིན་ཉག་གཅིག་ཏུ་འཁུམས་སོ།།
         སངས་རྒྱས་ཀྱི་བསྟན་པ་གནས་མིན་གཞི་གསུམ་གྱི་ཉམས་ལེན་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་ལ་དགོངས་ནས་ཨོ་བསྭོ་སོགས་དགོན་པ་ཁག་ལ་གཞི་གསུམ་ཉམས་ལེན་གསར་འཛུགས་ཐོག་འདོན་པ་འཛུགས་སྟངས་ཆོ་གའི་དམིགས་རྣམ་སྐྱོང་ཚུལ་སོགས་བརྩེ་ཆེན་ཡེ་ཤེས་ཀྱིས་ཀུན་ནས་གདམས། ཕྱོགས་མཐའི་དགོན་པ་ཐལ་ངག་གི་སྒྲ་ཙམ་ཡང་རྣ་བའི་ཡུལ་དུ་མ་གྱུར་བ་ཧང་རྫོང་གསེར་ཐང་དམ་ཆོས་ཐོས་བསམ་གླིང་དགོན་པར་མཚན་ཉིད་ཐོག་མར་གསར་འཛུགས་སྐབས་དགེ་འདུན་འདུས་མང་སྤྱི་དང་ལྷ་སྡེ་མི་སྡེ་ཡོངས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དབང་ལུང་དུ་མ་དང་དད་ལྡན་མང་ཚོགས་འདུས་མང་ལ་དགེ་བསྙེན་དང་བསྙེན་གནས་ཀྱི་སྡོམ་པ་ལེགས་པར་གནང་སྟེ་ཐར་བའི་ས་བོན་གྱི་རྒྱུ་ཡོངས་སུ་སྨིན་པར་བྱས། སྙིགས་མའི་རང་མཚང་མཚོ་ལྟར་བརྡོལ་ཏེ་སངས་རྒྱས་ཀྱི་བསྟན་པ་འཇིག་ཉེན་ཧ་ཅང་ཆེ་བའི་སྐབས་མཆོག་གིས་ཐུགས་བསྐྱེད་ཀྱི་གོ་ཆ་བརྟན་པོ་བགོས་ཏེ་འཁོར་ལོ་གསུམ་གྱི་འཆད་ཉན་མཛད་བཟང་གངྒཱའི་རྒྱུན་ལ་བསྡེབས་ཏེ་ལོ་རེ་བཞིན་དགེ་ཚུལ་སློང་གི་སྡོམ་པ་བརྒྱ་ཕྲག་གནང་སྟེ་བསྟན་པའི་གཞི་མ་རྨང་ནས་ཚུགས་པར་བྱས། ཡང་ཀླུ་ཚང་དགོན་པ་སོགས་སུ་འགྲེལ་བ་བཞི་སྦྲགས་སོགས་དབང་ལུང་མན་ངག་དུ་མ་གནང་། དེ་བཞིན་འཁྱམ་རི་དགོན། ཆབ་ཆ་དགོན་གསར། གཡོན་རུ་དགོན་པ། ཁྲི་ཀའི་དགོན་པ་གང་མང་། མཚོ་སྔོན་པོ་ཕྱོགས། ཧང་ང་ཕྱོགས། ཀོའུ་བ་དགོན་པ། ལྷ་རིའི་དགོན་པ་སོགས་སུ་དབང་བཀའ་ཆོས་ལན་མང་གནང་། བ་ཡན་ཕྱོགས་ཀྱི་དགོན་སྡེ་མང་ཆེ་བ། དགོན་ལུང་ཆོས་སྡེ་སོགས་མཆོག་གི་ཞལ་གྱི་བདུད་རྩིའི་རོ་ལ་ལོངས་སུ་སྤྱོད་མཁན་དགོན་པ་དྲུག་ཅུ་ལྷག་ཡོད་པར་གྲགས། མདོར་ན་རྒྱལ་བའི་དམ་ཆོས་མ་ལུས་འཛིན་པ་ལ་ཐུགས་བསྐྱེད་ཀྱི་མཐུ་གྲུབ་པ་ལུང་རྟོགས་ཀྱི་ཡོན་ཏན་མཐའ་དག་ལ་དབང་འབྱོར་བའི་སེམས་དཔའ་ཆེན་པོ་རྗེ་བཙུན་ཡེ་ཤེས་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་སྐུ་ཚེ་གང་བོར་བསྟན་པ་རྒྱས་པ་དང་འགྲོ་བ་སྐྱིད་པའི་ཐུགས་འདུན་རེ་སྨོན་དང་བཅས་ ༡༩༩༥ ཟླ་ ༤ ཚེས་ ༡༣ ཉིན་མཛད་པ་ཐ་མ་བ་ཡན་རང་ཤག་ཏུ་གདུལ་བྱ་རྟག་འཛིན་ཅན་རྣམས་རྟག་འཛིན་གྱི་འཆིང་བ་དམ་པོ་གཅོད་ཕྱིར་སྟོང་བ་འོད་གསལ་ཆོས་སྐུ་མངོན་དུ་བྱས་ཏེ་གླིང་འདིའི་གདུལ་བྱ་རྫོགས་པས་སེངྒེ་འགྱིང་སྟབས་ཀྱིས་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ།།
      ཕྱི་རབས་ཀྱི་གདུལ་བྱའི་ཚོགས་ལ་ལེགས་བཤད་ཀྱི་སྐྱེས་གནང་བའི་གསུང་རྩོམ་སྐོར་ནི། སངས་རྒྱས་ཤཱཀྱ་ཐུབ་པའི་རྣམ་ཐར་པདྨ་དཀར་བོའི་ཕྲེང་བ། འདུལ་བའི་གཞི་གསུམ་ཉམས་ལེན་བརྗེད་བྱང་། སོར་མདོ་གླེང་གཞིའི་འགྲེལ་བ། ཁྱད་པར་འཕགས་བསྟོད་དང་ལྷ་ལས་ཕུལ་བྱུང་གཉིས་ཀྱི་འགྲེལ་བ། མངོན་རྟོགས་རྒྱན་གྱི་འགྲེལ་བ་ཚིག་དོན་གསལ་བའི་སྣང་བ། དབུ་མར་འཇུག་པའི་འགྲེལ་བ་དོན་གསལ། གཏན་ཚིགས་རིགས་པའི་སྣང་བ། འགྲེལ་རྐང་བརྒྱ་རྩ་བརྒྱད་ཀྱི་རྣམ་བཤད་གསུང་རབ་སྒྲོན་མེ། བློ་སྦྱོང་དོན་བདུན་མའི་འགྲེལ་བ་མན་ངག་བདུད་རྩིའི་རྒྱུན་བཟང་། མངོན་པ་མཛོད་ཀྱི་མཆན་འགྲེལ་ཉི་མའི་འོད་ཟེར། མཛོད་ཀྱི་ཟུར་མཆན་ཡིད་ཀྱི་མུན་སེལ། ཚད་མ་རྣམ་འགྲེལ་ལེའུ་གཉིས་པའི་འགྲེལ་བ་རིགས་པའི་མེ་ལོང་། ཆོས་གསུམ་གྱི་རྣམ་གཞག་མཁས་པའི་གསུང་རྒྱུན། ཕར་ཕྱིན་རྒྱ་མཚོའི་འཇུག་ངོགས། བརྒྱ་རྩའི་ཁྲིད་ཡིག སྨྲ་སྒོ་མཚོན་ཆའི་འགྲེལ་བ། འདུལ་བ་སྤྱིའི་རྣམ་བཞག་ཚངས་སྤྱོད་བདུད་རྩིའི་རོལ་མཚོ། རྒྱུད་བླ་མའི་འགྲེལ་བ་བསྡུས་དོན་རིན་ཆེན་སྒྲོན་མེ། ཀུན་རིག་གི་བསྙེན་ཡིག་ཕན་བདེའི་དཔལ་སྟེར། ལས་འབྲས་ཀྱི་རྣམ་བཞག་མང་ཐོས་རྒན་པོའི་འབེལ་གཏམ། གཞི་གསུམ་རྣམ་བཞག སྔགས་ཀྱི་ཟིན་བྲིས། གསོ་རིག་རྩ་བའི་རྒྱུད་ཀྱི་འགྲེལ་བ་སོགས་ཤིང་དཔར་དུ་བཀོད་པ་པོད་ལྔ་བཞུགས་སོ། །ཁོང་གིས་དངོས་སུ་གསུངས་པ་རྣམས་ཀྱིས་ཟུར་བརྒྱན་ཏེ་རྒྱལ་ཚང་སྤྲུལ་མིང་པས་བཀོད་པའོ། །འདི་ལས་རྒྱས་པར་གཟིགས་འདོད་ན་ཁོང་གི་རྣམ་ཐར་ཆེན་མོར་གཟིགས་པར་འཚལ།
སྨྲས་པ།
      ཅ་ཅོ་ངག་གི་རྫུན་གསོབ་བྲལ་བའི་དམ་ཆོས་བདུད་རྩི་བགོ་སྐལ་སྦྱིན།།
      ཆ་ལུགས་གཡོ་སྒྱུས་གཞན་ཡིག་སྒྱུར་བྱེད་བསླུ་བྲིད་སྤེལ་བས་སྦྱོར་བ་བྲལ།།
      ཇ་སོགས་འདོད་པའི་ཡོན་ཏན་དག་ནི་སྒྱུ་མའི་གྲོང་ཁྱེར་ལྟར་གཟིགས་པ།།
     ཉ་རྒྱས་ཟླ་བའི་དཔལ་དང་འགྲོགས་པའི་ཡོན་ཏན་ལྷུན་རྫོགས་ཁྱོད་མིན་སུ།།
     མཆོག་གི་མཚན་ལས་ནམ་ཡང་མི་འདའ་བར།།
     གུས་པས་རྩེ་གཅིག་ཉམས་སུ་བླངས་པ་ཡིས།།
     གསུང་གི་བདུད་རྩིའི་རོ་ཡིས་ཚིམ་གྱུར་ནས།།
     གཏན་བདེ་འཆི་མེད་དགའ་ཚལ་འཇུག་གྱུར་ཅིག།
 

                                             རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།


གསལ་འདེབས།                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།