སྔགས་ཆེན་རིན་པོ་ཆེའི་མཛད་རྣམ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2015-12-06 23:33:20     རྩོམ་པ་པོ།   ཆོས་འཕེལ་བྱམས་པ།    ཀློག་ཐེངས།  

སྔགས་ཆེན་རིན་པོ་ཆེ.jpg

          རྗེ་བཙུན་བླ་མ་དམ་པ་སྔགས་ཆེན་རྡོ་རྗེ་འཆང་བློ་བཟང་ཆོས་གྲགསདཔལ་བཟང་པོའི་རྣམ་པ་ཐར་པ་མདོ་ཙམ་བརྗོད་པ་དད་པའི་པདྨ་འཛུམ་བྱེད་ངོ་མཚར་ཉིན་བྱེད་གསར་པའི་སྣང་བ་ཞེས་བྱ་བ་བཞུགས་སོ།།

༄༅། །བློ་ཆེན་ཀུན་བཟང་རྒྱལ་བ་ཙོང་ཁ་པའི། །
ཆོས་ཚུལ་སྙིང་པོ་དབེན་ས་སྙན་བརྒྱུད་ཀྱི། །
མཛོད་འཛིན་ཡོངས་སུ་གྲགས་པ་མཁས་པའི་དཔལ། །
རྗེ་བཙུན་བླ་མས་འོད་གསལ་དབྱིངས་ནས་དགོངས། །
གང་གི་ཐུགས་རྗེ་བདེ་བ་ཆེན་པོའི་དབྱིངས། ། 
སྐུ་གསུམ་གོ་འཕང་མཆོག་ཀྱང་སྐད་ཅིག་ལ། །
སྩོལ་མཛད་བླ་མ་རིན་ཆེན་ལྟ་བུའི་སྐུ། །
རྡོ་རྗེ་ཅན་ཞབས་པདྨོར་ཕྱག་འཚལ་ལོ། །
ཞེས་མཆོད་པར་བརྗོད་པ་སྔོན་དུ་བཏང་སྟེ། དོན་གྱི་སླད་དུ་མཚན་ནས་སྨོས་ན་བདག་གི་དྲིན་ཅན་རྩ་བའི་བླ་མ་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཆོས་གྲགས་མཆོག་ནི། གཞིས་རྩེ་གྲོང་ཁྱེར་དང་བར་ཐག་ཅུང་ཉེ་བའི་ཤར་ལྷོའི་ཕྱོགས་སུ་སྔོན་བྱོན་དམ་པ་དུ་མའི་བྱིན་གྱི་བརླབས་པའི་གནས་ལྕགས་དོས་ཞེས་བྱ་བ། ཞིང་པ་དུད་ཁྱིམ་མང་དུ་ཆགས་པའི་ཁྱིམ་གཞིས་རྒྱ་ལྷོར། ཡབ་རིག་འཛིན་སྔགས་བརྒྱུད་ལྷ་བུ་ཚེ་རིང་དང་ཡུམ་པ་སངས་སྲིད་དར་གཉིས་ཀྱི་སྲས་སུ་སྤྱི་ལོ༡༩༢༥ཤིང་གླང་བོད་ཟླ་༦ཚེས་༤ཉིན་སྐུ་བལྟམས། དགུང་ལོ་དགུ་ལ་ཕེབས་སྐབས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཆོས་བཞུགས་མཛད། གྲངས་ཆེ་དགེ་བའི་བཤེས་གཉེན་ཆེན་པོ་རྒན་ཉི་རྒྱལ་ལགས་འཚོ་བའི་དགེ་རྒན་དུ་བརྟེན་ནས་སྒྲིག་བཞུགས་ཆོས་སྤྱོད་ཁག་ཐུགས་འཛིན་རྒྱུགས་སྤྲོད་མཐར་ཕྱིན་མཛད། ཐོས་བསམ་གླིང་གྲྭ་ཚང་གི་མཁན་པོ་ཞལ་སྔ་ནས་ལེགས་གླིང་དཀེན་ཤེས་རབ་དར་རྒྱས་མཆོག་གི་དྲུང་ནས་ཚིགས་སྔ་མ་དགེ་ཚུལ་སྡོམ་པ་བཞེས་ཏེ། མཚན་ལ་བློ་བཟང་ཆོས་གྲགས་ཞེས་མཁན་པོ་རིན་པོ་ཆེའི་མཚན་ལས་ལོགས་སུ་འདོགས་པ་གནང་བ་ནི་ཡབ་རྗེ་༧རྒྱལ་བ་གཉིས་པའི་བསྟན་པར་དམིགས་པའི་དགོངས་གཞི་ཁྱད་པར་ཅན་ཡིན་པར་ངེས། དེ་ནས་ཐུགས་བསམ་ལ་འདི་ལྟ་བུ་དག་འཁྲུངས་པར་ངེས་ཏེ། རང་ཅག་སྟོན་པའི་བསྟན་པ་ལ་རབ་ཏུ་བྱུང་བ་རྣམས་ཀྱི་བྱ་བ་ནི་གཉིས་ཏེ། ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་ནོ་སྙམ་དུ་ལེགས་པར་དགོངས་ནས། དེ་ཡང་རྗེའི་ཞལ་སྔ་ནས་མཁན་པོ་ཤེས་རབ་དར་རྒྱས་མཆོག་དང་། ཐོས་གླིང་ཁྲི་པ་བློ་བཟང་ཤཱཀྱ། དེ་བཞིན་ལེགས་གླིང་དཀེན་བཟང་པོ་ལགས་སོགས་བཤེས་གཉེན་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་ནས། ཐོག་མར་རིག་པའི་སྒོ་མོ་འབྱེད་པའི་ཚད་མ་རྣམ་འགྲེལ་ལ་ཐུགས་སྦྱོང་མཛད་ཅིང་། མཁྱེན་རབ་མཚུངས་པ་མེད་པས་རིང་པོར་མི་ཐོགས་པར་སྡེ་བདུན་མདོ་དང་བཅས་པའི་དོན་ལ་མི་འཇིགས་པའི་སྤོབས་པ་ཐོབ། མཁན་རིན་པོ་ཆེ་ཞལ་སྔ་ནས་དངུལ་ཆུ་ཡོངས་འཛིན་མཆོག་མཁན་སློབ་སྦྲགས་མ་དང། ཁ་སྐོང་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་ཡོངས་སུ་བཞེས། བསྙེན་པར་རྫོགས་ནས་སོ་སོ་ཐར་པའི་སྡོམ་པའི་བཅས་མཚམས་ཕྲ་ཞིབ་ཐམས་ཅད་ཕྱག་ལེན་ལ་ཐེབས་པར་མཛད་པས། གངས་རིའི་ལྗོངས་ཀྱི་གནས་བརྟན་འདུལ་བ་འཛིན་པ་ཆེར་པོར་གྱུར། དེ་ནས་ཕར་ཕྱིན་དང་། དབུ་མ། མཛོད། འདུལ་བ་སོགས་གཞུང་ཆེན་རྣམས་ལ་ཡང་སློབ་གཉེར་དཔྱིས་ཕྱིན་པ་མཛད་དེ། ཚོགས་མང་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་ཚོགས་ལངས་དམ་བཅའ་ལན་མང་འཇོག་པར་མཛད། སྔར་བཞིན་གཞུང་དོན་རྣམས་ལ་རྟག་གུས་ཀྱི་བརྩོན་པ་མ་དོར་མའི་ཐོག སྐུ་ན་ཚོད་ཕྲ་མོའི་དུས་སྐབས་ནས་ཀྱང་དབང་ལུང་མན་ངག་གི་གནས་རྣམས་ལ་དཔྱད་འཚོལ་དང་གསན་བསམ་མཐར་ཐུག་པ་ཞིག་བྱེད་དགོས་སྙམ་པའི་ཐུགས་དམ་བརྟན་པོ་ཐུགས་ལ་རྒྱུན་མར་མངའ།
༧སྐྱབས་མགོན་རྒྱལ་བ་ཡབ་སྲས་དང་། ཡོངས་འཛིན་དངུལ་ཆུ་རིན་པོ་ཆེ། ཡོང་འཛིན་རྒྱ་ཡག་རིན་པོ་ཆེ། ཕུར་ལྕོག་ཡོངས་འཛིན་རིན་པོ་ཆེ། རྒྱ་སྤྲུལ་ཚེ་བརྟན་རྒྱལ་མཚན་རིན་པོ་ཆེ། ཕ་ར་མཁན་སྤྲུལ་རིན་པོ་ཆེ་སོགས་བཤེས་གཉེན་དུ་མའི་དྲུང་དུ་སྒོ་གསུམ་གུས་པ་ཆེན་པོས་ཞབས་ལ་གཏུགས་ཤིང་། ལུས་ལོངས་སྤྱོད་ལྟོས་མེད་དུ་ཕུལ་ནས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཆ་ལག་ཡོངས་སུ་རྫོགས་པ་གནང་དགོས་ཞེས་གསོལ་བ་ཤུགས་དྲག་ཏུ་འདེབས་པར་མཛད་པ་ན། ཡོངས་འཛིན་རིན་པོ་ཆེ་སོགས་ཀྱིས་ཀྱང་བསྟན་པ་དང་འགྲོ་བའི་དོན་རླབས་པོ་ཆེ་བསྒྲུབ་ནུས་པའི་སྐྱེ་བུ་དམ་པར་དགོངས་ཤིང་ཐུགས་དགྱེས་པ་ཆེན་པོས་ཞལ་གྱིས་བཞེས་ཏེ། བྱང་ཆུབ་ལམ་གྱི་རིམ་པའི་སྔོན་འགྲོ། དངོས་གཞི། དམིགས་སྐོར་ཐམས་ཅད་བླ་མ་གོང་མའི་མན་ངག་གིས་བརྒྱན་ཏེ་ཤིན་ཏུ་རྒྱས་པར་བསྩལ། དེའི་ཚེ་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་དང་། དལ་འབྱོར་བརྙེད་དཀའ་བ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས་ལ་སོགས་པའི་དམིགས་སྐོར་རེ་རེར་དྲན་པ་རྒྱུན་ཆགས་སུ་བསྟེན་ནས་དམིགས་རྣམ་སྐྱོང་བ་ལ་ཤིན་ཏུ་བརྩོན་པར་མཛད་པ་དང་། བླ་མས་གང་གསུང་བའི་ཚིག་ཟུར་ཕྲ་མོ་ཚུན་ཆད་ཀྱང་ནང་སེམས་རྒྱུད་ཁོ་ན་འདུལ་བའི་རིམ་པ་འཁྱེར་ཞིང་ཆོས་གསན་པའི་ཀུན་སློང་ཀུན་སྤྱོད་དག་མཛེས་ཤིང་། ཁྱད་པར་དུ་རྒྱུ་འབྲས་མན་ངག་བདུན་དང་། བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཐུགས་དམ་གྱི་མཐིལ་དུ་བཞེས།
གངས་ལྷ་རིན་པོ་ཆེ་བློ་བཟང་དཔལ་ལྡན་མཆོག་དང་། བཀའ་འགྱུར་བླ་མ་ལ་ཤུར་རིན་པོ་ཆེ། ངེས་པ་དོན་གྱི་གྲུབ་ཐོབ་དཀའ་ཆེན་ཞང་བློ་བཟང་ཡོན་ཏན་དཔལ་བཟང་པོ་སོགས་བཤེས་གཉེན་དུ་མའི་ཐུགས་མཉེས་པར་མཛད་དེ། རྒྱུད་སྡེ་བཞིའི་དབང་རྗེས་ཁྲིད་ལུང་མན་ངག་ཟབ་ཁྲིད་མཐའ་དག་ཡོངས་སུ་རྫོགས་པ་བུམ་པ་གང་བྱོལ་གྱིས་ཚུལ་དུ་འདོམས་པའི་མཐུ་ལས་རྒྱུད་སྡེ་བཞི་དང་། བསྐྱེད་རྫོགས་ཀྱི་གནས་རྣམས་ལ་ཐུན་བཞིའི་བརྩོན་པ་ཆུ་བོའི་རྒྱུན་བཞིན་འབད་པར་མ་ཟད། ཁྱད་པར་དུ་གསང་འདུས་འགྲེལ་པ་བཞི་སྦྲགས་དང་བདེ་མཆོག་སྦས་དོན་ཀུན་གསལ་གྱི་དཀའ་གནད་ཕྲ་ཞིབ་ཀུན་ལ་ཞིབ་ཏུ་གསན་སྦྱངས་མཛད་དེ། གདུལ་བྱ་གཞན་ལ་སྟོན་པ་ལ་གང་ཡང་མི་འཇིགས་པའི་གོ་འཕང་ལ་མངའ་བརྙེས། ཐ་ན་རིག་གསར་གྱི་དུས་སྐབས་སུ་ཡང་ཚུལ་ཁྲིམས་མིག་འབྲས་བཞིན་བསྲུངས་བ་དང་། དབང་དུས་སུ་ཇི་ལྟར་ཞལ་གྱི་བཞེས་པའི་དམ་བཅའ་ཕྲ་མོ་ཙམ་ཡང་མ་ཉམས་པར་སྐྱོང་བཞིན་པའི་ཐོག་གཏོར་མ་བརྒྱ་རྩ་ཆག་མེད་དུ་མཛད་པ་ནི་སོ་སྐྱེའི་བསམ་བརྗོད་ལས་འདས་པའི་མཛད་འཕྲིན་ཉག་ཅིག་གོ ལྷག་དོན་རྒྱལ་བ་འོད་དཔག་ཏུ་མེད་པའི་མཆོག་གི་སྤྲུལ་སྐུ་རྣམ་པར་རོལ་བ་ཀུན་གཟིགས་༧པན་ཆེན་བཅུ་པ་ཐམས་ཅད་མཁྱེན་པ་བློ་བཟང་འཕྲིས་ལས་ལྷུན་གྲུབ་ཆོས་ཀྱི་རྒྱན་མཚན་དཔལ་བཟང་པོ་མཆོག་གི་བཀའ་ལུང་ཟབ་མོ་སྤྱི་བོར་བསྣམས་ཏེ། གསང་སྔགས་རྒྱུད་པ་གྲྭ་ཚང་གི་ཁྲིར་ཕེབས། དེ་རྗེས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་མཁན་སློབ་འདུས་མང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་རྒྱུད་པའི་ཁྲིར་ཞབས་སོར་འཁོད། དེ་ནས་བསྟན་པའི་ཁུར་ཐེག་པའི་བླ་སྤྲུལ་ཁག་དང་། དགེ་བའི་བཤེས་གཉེན་ཆེན་པོ། བྱ་བཏང་རྣལ་འབྱོར་པ། ཆོས་འགྲིམས་བློ་གསར་བ། གདན་ས་ཆེན་པོ་གསུམ་དང་རྒྱུད་གྲྭ་སྟོད་སྨད་སོགས་མཐའ་དབུས་ཀྱི་དགོན་སྡེ་ཁག །གཞན་ཡང་དད་ལྡན་སེར་སྐྱ་མཆོག་དམན་མཐའ་ཡས་པ་ཞིག་གིས་གསོལ་བ་བཏབ་པ་ལྟར། ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་བརྗོད་ཀྱི་མི་ལངས་པ་ཞིག་སྩལ་བར་མཛད་ལ། དེ་མཐའ་དག་ནི་ཡི་གེའི་ལམ་དུ་འགོད་པར་ག་ལ་ནུས།དེ་ལྟར་ནའང་རང་གཞན་གྱི་དད་པའི་གསོས་སུ་གཙོ་ཆེ་བ་འགའ། ཟུར་ཙམ་སྨོས་པ་དང་ཆབས་ཅིག་ཚུལ་ཇི་ལྟ་བུས་སྩལ་བ་བཅས་མཚོན་ཙམ་གླེང་བའི་སྐབས་ཕྱེ་ན། དབུས་གྱུརགྱི་གདན་ས་ཆེན་པོ་གསུམ་དང་། དེ་དང་ཉེ་བའི་འདབས་སུ་འཁོད་པའི་རིས་སུ་མ་མཆིས་པའི་འདུས་སྡེ། གཙང་ཁུལ་གྱི་དགོན་སྡེ་ཁག་བཅས་སུ་སྐལ་བ་དང་ལྡན་པའི་གདུལ་བྱ་མང་པོར་རབ་བྱུང་བསྙེན་རྫོགས་དང་། དད་ལྡན་ཆོས་ཞུ་བ་སེར་སྐྱ་སྟོང་ཕྲག་བརྒལ་བར་སྐུ་ངལ་འཛེམས་མེད་ཀྱིས་ལམ་རིམ་དང་། བློ་སྦྱོང་། དབང་ལུང་རྗེས་གནང་། གསང་བདེ་འཇིག་གསུམ་གྱི་བསྐྱེད་རྫོགས་ཀྱི་ཁྲིད་སོགས་ཟབ་ཆོས་ཀྱི་བདུད་རྩིས་ཡོངས་སུ་འགེང་པར་མཛད་པ་ནི། ༧རྗེ་བདག་ཉིད་ཆེན་པོས། 
མཛད་པ་ཀུན་ལས་གསུང་གིས་ནི། །
མཛད་པ་མཆོག་ཡིན་དེ་ཡང་ནི། །
དེ་ཉིད་ཡིན་ཕྱིར་མཁས་པ་ཡིས། །
འདི་ལས་སངས་རྒྱས་རྗེས་དྲན་བྱོས། །
ཞེས་གསུངས་པར་ལྟར་བསྟན་པ་དང་འགྲོ་བའི་དོན་ཁོ་ནར་དགོངས་ནས་དམ་པ་འདི་ཉིད་ཀྱི་སྐུ་ཚེ་ཧྲིལ་པོའི་མཛད་པ་རླབས་པོ་ཆེ་བསྐྱངས་མུས་ཐོག སྔ་ཕྱིར་ཀྲུང་གོ་ནང་བསྟན་མཐུན་ཚོགས་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དང་། གཞི་རྩེ་ས་གནས་ནང་བསྟན་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སོགས་གནང་རྗེས། དེ་ནས་ལོ་དེའི་ཧོར་ཟླ་༨་པའི་ཚེས༢༥ཀྱི་སྔ་དྲོར་དགེ་སྦྱོང་གི་དངོས་པོ་ཆོས་གོས་གསུམ་ལེགས་པར་བསྣབས། སྔོན་བྱུང་སྟོན་པ་ཐུགས་རྗེ་ཅན་གྱི་རྣམ་ཐར་ཇི་འདྲ་བ་དེ་བཞིན་དུ་མཛད་པའི་སྒོ་ནས། ཇི་སྐད་དུ། སྐྱེས་རབས་ལས། གང་ལ་བདག་གི་ཡིད་ལ་འགྱོད་འགྱུར་བ། །དེ་ཉིད་བདག་གིས་བྱ་བ་ཡོངས་མི་དྲན། །དཀར་པོའི་ལས་ཀྱང་རབ་ཏུ་གོམས་པར་བྱས། །ཆོས་ལ་གནས་ན་འཆི་བར་སུ་ཞིག་འཇིགས། །ཞེས་གསུངས་པ་ལྟར་དགའ་ལྡན་ཞིང་དུ་བདེ་བར་གཤེགས་པའི་ཚོགས་དང་ལྷན་ཅིག་གདན་འཛོམས་པའི་སྒོ་ནས། གསང་བ་བསམ་གྱིས་མི་ཁྱབ་པའི་བཀོད་པ་སྒྱུ་འཕྲུལ་དྲ་བའི་རོལ་པ་མཁའ་ཁྱབ་སྟོན་པའི་ངོ་མཚར་མངོན་དུ་མཛད་པའི་སླད་དུ། བུ་ཕ་ཁྱིམ་དུ་འཇུག་པ་ལྟ་བུའི་དགའ་སྤྲོའི་གདེངས་དང་ལྡན་བཞིན་དུ་སྤྱི་ལོ་༢༠༠༩མེ་གླང་བོད་ཟླ་༨ཚེས༢༥ཉིན་ལྷ་ལྡན་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམས་པའི་ཚུལ་བསྟན་པའོ།།
དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །
སྐད་ཅིག་ཙམ་ཡང་ལོག་བལྟ་མི་སྐྱེ་ཞིང་། །
ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །
བླ་མའི་བྱིན་བརླབ་སེམས་ལ་འཇུག་པར་ཤོག ། 
ཅེས་མགོན་པོ་གང་གི་སློབ་བུའི་ཐ་ཤལ་བ་ཚ་བ་ཁྲི་སྤྲུལ་སྐྱེ་མིང་འཛིན་པ་ཆོས་འཕེལ་བྱམས་པ་ནས།བོད་རབ་བྱུང་༡༧པའི་བོད་ཟླ་༨པའི་ཚེས་༢༥སྤྱི་ལོ་༢༠༡༤ལོའི་སྤྱི་ཟླ་༡༠ཚེས༡༧ཉིན་དད་གདུང་མཆི་མ་ལྷུང་བཞིན་དུ་སུག་བྲིས་བགྱིས་པའོ།། །།

   རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།


གསལ་འདེབས།     རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།       དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།