ལོ་བརྒྱའི་བཙུན་པ་ཞུའེ་ཡོན་ངོ་མཚར་ཆེ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-01 20:12:32     རྩོམ་པ་པོ།   གྱི་ལིང་འཇིགས་མེད།    ཀློག་ཐེངས།  

b4a3-irtymmw2099711.jpg

   ཁོང་ནི་ཆིན་ཏའོ་ཀྭང་སྲིད་ལོ་ཉི་ཤུ་བ་སྟེ་སྤྱི་ལོ་1840ལོར་ཧྥུ་ཅན་དུ་འཁྲུངས། འདི་ལ་གཏམ་རྒྱུད་ངོ་མཚར་ཞིག་འདུག དེ་ཡང་ཁོང་གི་ཕ་ནི་བློ་རིག་ལྡན་ལ་ཡོན་ཏན་ཆེ་བས་དཔོན་ཐོབ་བླངས་མོད། ཕོ་ལོ་བཞི་བཅུར་བུད་ཀྱང་བུ་སྲིད་མ་བྱུང་བས་སེམས་སྐྱོ་སྟེ་ཏའོ་ལུགས་པ་དང་ལྷ་བ་མོ་བ་སོགས་ཉིན་རེ་བཞིན་ཁྱིམ་དུ་བསུས་ཀྱང་ཕན་པ་ཅི་ཡང་མ་བྱུང་། རྗེས་སུ་གྲོགས་པོ་ཞིག་གིས་བསྐུལ་བ་ལྟར་ཡུལ་དེའི་དགོན་པ་ཞིག་ཏུ་སོང་ཞིང་། སྤྱན་རས་གཟིགས་ཀྱི་ལྷ་ཁང་སོགས་ལ་མཆོད་མཇལ་ཞུས། ལྷ་ཁང་ཞིག་རལ་དུ་སོང་བ་རྣམས་ཉམས་གསོའི་ཐེབས་སུ་དངུལ་སྲང་ཉི་ཤུ་ཐམ་པ་བཅས་ཕུལ་བས་དགོན་བདག་གིས་ཀྱང་གལ་ཏེ་བུ་འདོད་ན་བསོད་ནམས་གསོག་དགོས། ཁྱིམ་དུ་སོང་ནས་ཀྱང་ཉིན་རེ་བཞིན་དགེ་བསྙེན་གྱི་སྡོམ་པ་ཡན་ལག་ལྔ་བསྲུང་བ་དང་། སྤྱན་རས་གཟིགས་ཀྱི་གཟུངས་བཏོན་ན་བུ་སྐྱེ་བར་འགྱུར་ཞེས་གསུངས་པས་ཁོང་གིས་ཀྱང་དེ་བཞིན་བསྒྲུབས། ཉིན་ཞིག་བཟའ་ཟླ་གཉིས་ལ་རྨི་ལམ་ངོ་མཚར་བ་ཞིག་དུས་གཅིག་ཏུ་བྱུང་ཞིང་ཕྱི་ཉིན་ནས་ཆུང་མ་ལ་མངལ་སྦྲུམ་པར་གྱུར།

    སྐབས་དེར་ཁོང་གི་གཞིས་ཐོག་ཏུ་ཁུག་རྟ་ཁྱུ་དང་ཁྱུ་བྱས་ནས་འབབ་པ་སོགས་ངོ་མཚར་བའི་རྟགས་སྣ་ཚོགས་བྱུང་ཞིང་། མཐར་ཆུང་མ་ཟླ་ཁ་གང་སྟེ་བཙས་པ་ན་མངལ་ཐུམ་གྱིས་བཏུམས་ཏེ་ཤ་ལོག་ཅིག་ཏུ་སྣང་བས་ཆུང་མ་འཇིགས་སྐྲག་དང་སྐྱོ་གདུང་དྲག་པོ་མནར་བས་ཚེ་ལས་འདས། ཕྱི་ཉིན་སྨན་བཙོང་མཁན་ཞིག་ཡོང་ནས་ངོ་མཚར་དང་བཅས་མངལ་ཐུམ་དྲས་པ་ན་ནང་དུ་བུ་ཡིད་དུ་འོང་བ་ཞིག་བཞུགས་ལ། དུས་དེར་འཇའ་ཁ་དོག་སྣ་ལྔ་བ་སོགས་དེར་ཡོད་ཀུན་གྱིས་མཐོང་ཐུབ་པ་མང་བོ་བྱུང་། དེ་ནས་སྨན་བཙོང་མཁན་གྱིས་བཤད་པ་ལྟར་བྱིས་པའི་མིང་ལ་ལིན་ཆིག་ཏུ་བཏགས་ཤིང་། ཉིན་གསུམ་གྱི་རྗེས་སུ་སླར་ཡང་ཧྥུ་མེན་ཏེ་དམངས་ཕྱུག་ཅེས་སུ་བཏགས། ཁོང་དགུང་ལོ་དྲུག་ལ་བུད་དུས་རྒྱའི་གནའ་རབས་ཀྱི་ཡུལ་ཆོས་བསྟན་པའི་བསྟན་བཅོས་ཡིག་འབྲུ་ཆིག་སྟོང་མའི་མདོ་དང་། དེ་བཞིན་ཡིག་གསུམ་མདོ། ཡ་རབས་བསྟན་པའི་མདོ། ཐང་གི་སྙན་ངག་སོགས་ལ་སྦྱངས་ཤིང་། དགུང་ལོ་བཅུ་བ་ལ་རྒྱའི་གཞུང་བཞི་མདོ་ལྔ་མཐའ་དག་ཚེགས་མེད་དུ་མཁྱེན། སྙན་རྩོམ་འབྲི་བ་དང་ཡིག་གཟུགས་འབྲི་བ་སོགས་ལའང་ཤིན་ཏུ་མཁས།

    ཁོང་གཞོན་ནུ་ཉིད་ནས་རབ་ཏུ་བྱུང་བ་མཐོང་ན་དགའ་ལ་ཡུལ་དེའི་དགེ་འདུན་པ་དག་ཀྱང་བྱིས་པ་དེ་ལ་ཤིན་ཏུ་དགའ། རྗེས་སུ་དགེ་སློང་ཞིག་གིས་ཁོ་ལ་ཤེར་སྙིང་བསྟན་ཅིང་ལན་གསུམ་བསླབས་པས་བློར་ངེས་པར་གྱུར།

    དགུང་ལོ་བཅུ་བདུན་སྐབས་རབ་ཏུ་བྱུང་འདོད་ཀྱིས་ལྐོག་ཏུ་བྲོས་ནའང་ཁུ་བོས་རྗེས་དེད་དེ་ཕྱིར་ཁྲིད། སྔ་ཕྱིར་ལན་མང་བོར་བྲོས་པས་མཐར་ཁོང་གི་ཕས་ཀྱང་ཐབས་གཞན་མ་རྙེད་པར་དགུང་ལོ་བཅུ་བདུན་སྟེང་ཁོང་ལ་ཆུང་མ་མཛེས་ལ་རང་བཞིན་བཟང་བ། ཤེས་རྒྱ་ཆེ་ལ་བློ་ཁོག་ཡངས་པ་ཞིག་བསུས། འོན་ཀྱང་ཁོང་ནི་སེམས་གཏིང་ནས་ཁྱིམ་པའི་འཚོ་བ་ལ་སྐྱོ་ཤས་དང་ངེས་འབྱུང་གཏིང་ནས་སྐྱེས་ཡོད་པས་ཆུང་མ་ལའང་དེ་ཙམ་ཁ་ཡ་མ་བྱས། དེ་བས་ཁོང་གི་ཡབ་ཀྱིས་སླར་ཡང་ཁོང་ལ་ཆུང་མ་གཉིས་པ་ཞིག་བསུས། འོན་ཀྱང་དེ་ལའང་ཁ་ཡ་མ་བྱས་པས་ཆུང་མ་གཉིས་ཀྱིས་ཁོང་ལ་རྒྱུ་མཚན་དྲིས། ཁོང་གིས་དེ་གཉིས་ལ་རང་ཉིད་རབ་ཏུ་བྱུང་འདོད་ཡོད་ཚུལ་དང་། དེ་བཞིན་ཆོས་མང་དུ་བཤད་པས་ཆུང་མ་གཉིས་ཀྱང་ཆོས་ལ་མཆོག་ཏུ་དད་ཅིང་རེ་ཞིག་དགའ་སྤྲོའི་ངང་གནས་པར་གྱུར།

     དགུང་ལོ་བཅུ་དགུ་ལོན་པའི་ལོ་སར་སྐབས་ཆུང་མ་གཉིས་རང་རང་གི་ཁྱིམ་དུ་བཟའ་མི་ལྷན་འཛོམས་ལ་ཆས་རྗེས་ཁོང་གིས་ཕ་སྤུན་ནུ་བོ་ཁྲིད་ཅིང་ལྐོག་ཏུ་བྲོས་ཏེ་ཧྥུ་ཅན་ཧྥུ་ཀྲུའུ་ཡི་ཀུའུ་ཧྲན་དགོན་པ་རུ་རབ་ཏུ་བྱུང་། དེ་ནས་ཁྱིམ་མི་རྗེས་སུ་སླེབས་པས་དགོན་པའི་རྒྱབ་ཀྱི་བྲག་ཕུག་ཏུ་བསྐུངས་ཏེ་མཚམས་ལ་བསྡད་དེ་ལོ་གསུམ་ལ་སྒྲིབ་སྦྱོང་གནང་།

    ཁོང་དགོན་པར་སླེབས་སྐབས་དགེ་འདུན་ལ་ཞབས་ཏོག་ཞུས་ཏེ་གྲྭ་བ་རྣམས་ཀྱི་གསོལ་ཆུ་ཚང་མ་ཁོང་གིས་བླངས། སྔོ་ཚལ་ར་བའི་ནང་གི་ལས་ཀ་མཐའ་དག་ལས། དེ་ནས་ཐབ་ཚང་གི་ལས་ཀ་ལས་པ་སོགས་དཀའ་སྤྱད་མང་དུ་གནང་། སྐབས་དེར་དགོན་པ་ན་ཀུའུ་ཡུའེ་ཞེས་པའི་དགེ་སློང་ཞིག་ཡོད་པ་དེའི་འཁྲིས་ནས་ལོ་བཞི་ལ་སློབ་གཉེར་གནང་ནའང་སྒྲུབ་པ་ཉམས་ལེན་ཐད་མི་ཤེས་ས་མང་བོར་འཕྲད་པས་ཁོང་གི་ཐུགས་ལ་གནའ་བོའི་སློབ་དཔོན་ཐང་ཞོན་ཙང་གིས་ཀྱང་རྒྱ་གར་དུ་ཕེབས་ཕྱིར་ལོ་བཅུའི་སྔོན་ནས་སྐད་རིགས་སློབ་པ་སོགས་དཀའ་སྤྱད་གནང་ཞིང་། ལེ་དབར་ཁྲི་ཕྲག་ལ་བསྐྱོད་པ་རེད། བདག་གིས་དཀའ་བ་ཅི་ཡང་སྤྱད་མི་འདུག་དགོངས་ཏེ་སླར་ཡང་ན་བཟའ་ཐབས་ཆག་ཙམ་བསྣམས་ཏེ་རི་རྒྱབ་ཀྱི་ཕུག་པར་ཕེབས། དེར་ལོ་གསུམ་ལ་དཀའ་བ་སྤྱད་པས་ན་བཟའ་ཐམས་ཅད་རལ་འདུག་ནའང་ཁོང་ལ་གྲང་ངར་གྱི་སྣང་བ་ཅི་ཡང་མ་བྱུང་། དེར་སྤྱན་རས་གཟིགས་ཀྱི་གཟུངས་གཙོ་བོར་བྱས་ནས་སྒྲུབ་པ་གནང་བས་མཐར་མིག་དང་རྣ་བ་ཇེ་གསལ་དང་། འགྲོ་བའི་ཚེ་ནའང་འདོམ་དོ་རེའི་མཚམས་ལ་དཀའ་ཚེགས་མེད་པར་ཕེབས་ཐུབ་པ་ལྟ་བུ་བྱུང་། དེ་ནས་ཁོང་ཡུལ་ངེས་མེད་ཀྱི་དགོན་པ་མང་བོར་ཕེབས་པ་ན་སྔར་དགོན་པ་ནས་ལོ་བཅུ་གཅིག་གི་རིང་ལ་ཉམས་ལེན་བྱས་པ་དེ་དག་གིས་ས་ཆོད་ཆེན་པོ་བྱུང་མེད་པ་མཁྱེན་པས། མཁས་པ་མང་བོར་བསྟེན་ཏེ་ནང་བའི་གཞུང་ལ་སློབ་གཉེར་གནང་། དེ་བཞིན་རི་བོ་རྩེ་ལྔ་དང་དཔལ་རི་རྩེ་དགུ་སོགས་གནས་ཆེན་མང་བོ་ཞབས་ཐང་དང་ཕྱག་འཚལ་ཞོར་ཕེབས།

    དེ་ལྟར་གླང་ཆེན་འགྱིང་རི་དང་རི་བོ་པོ་ཏ་ལ་སོགས་ལ་གནས་མཇལ་དང་སྒྲུབ་པ་ཉམས་ལེན་གནང་རྗེས་སླར་ཡང་དམ་པའི་ཆོས་ཀྱི་ཞིང་ཁམས་ཆོས་ལྡན་བོད་ཀྱི་ཡུལ་དུ་འབྱོན་པར་བཞེད་དེ་ཞབས་ཐང་ལ་ལྷ་སར་ཕེབས། ལྷ་ས་ནས་བོད་ཀྱི་དགེ་བཤེས་རྣམ་པ་དང་ཆོས་ཀྱི་བགྲོ་གླེང་གནང་འདོད་ནའང་སྐད་མི་གོ་བ་སོགས་ཀྱིས་རེ་འདུན་མ་འགྲུབ་པས་སླར་ཡང་བཀྲ་ཤིས་ལྷུན་པོ་སོགས་ལ་མཇལ་བཞིན་རི་བོ་ཧི་མ་ལ་ཡ་བརྒལ་ཏེ་འབྲུག་ཡུལ་དུ་བྱོན། དེ་ནས་བལ་ཡུལ་དང་རྒྱ་གར་ནང་བའི་གནས་ཆེན་མཐའ་དག་ལ་ཞིབ་མཇལ་ཞུས།

     རྒྱ་གར་གྱི་གནས་ཆེན་ཀུན་ལ་མཇལ་རྗེས་འབར་མ་བརྒྱུད་དེ་ཕྱིར་ཡུན་ནན་དུ་ལོག སྐབས་དེར་ཁོང་ཡུན་ནན་གྱི་ཏ་ལིས་ལ་འབྱོར། དེེར་རེ་ཞིག་བཞུགས་རྗེས་རི་བོ་བྱ་རྐང་ཅན་དུ་ཕེབས།

    དེ་ཡང་རི་བོ་བྱ་རྐང་ཅན་འདི་སྔོན་ཆད་དར་བའི་དུས་སུ་དགོན་པ36དང་ལྷ་ཁང72བཅས་ཁྱོན་དགོན་པ་བརྒྱ་དང་བརྒྱད་ཡོད་པར་བཤད་མོད། ཁོང་གནས་འདིར་ཕེབས་དུས་དགོན་པ་ཉེར་གསུམ་མ་གཏོགས་ལྷག་མེད། ཁོང་དགོན་འདབས་ནས་རི་རྩེ་བར་ཕེབས་ནའང་གྲྭ་བ་གཅིག་ཀྱང་མཐོང་རྒྱུ་མ་བྱུང་། དགོན་པའི་ནང་དུ་མི་འགའ་རེ་ཡོད་པ་དག་གིས་ཀྱང་ཤ་ཆང་ལ་བག་མེད་དུ་སྤྱོད། སྔོན་ཆད་གྲྭ་བ་སུམ་སྟོང་ལྷག་བཞུགས་པར་བཤད་པའི་གནས་འདི་ད་ལྟ་ཡོངས་སུ་ཉམས་ཚར་བ་གཟིགས་པས་ཁོང་གི་ཐུགས་ལ་སྐྱོ་ངལ་ཆེན་པོ་འཁྲུངས་ཤིང་རྗེས་སུ་གནས་འདི་སླར་གསོ་བྱ་ནུས་པའི་ཐུགས་སྨོན་གནང་།

    དེ་ནས་སླར་ཡང་སྤྱི་ལོ1902ལོར་ཁོང་རི་བོ་བྱ་རྐང་ཅན་དུ་ཕེབས། དེར་ཁོང་གིས་སློབ་དཔོན་ཅེ་ཁྲིན་ཞེས་པ་ངོ་ཤེས་ཤིང་། རང་ཉིད་ཀྱིས་རི་བོ་བྱ་རྐང་ཅན་ཉམས་གསོ་བྱ་འདུན་ཡོད་པ་གསུངས་པས་ཅེ་ཁྲིན་ཡང་རབ་ཏུ་དགའ་ནས་དེ་མ་ཐག་བཞུགས་ས་ལྟ་བུར་ས་ཆུང་ཆུང་ཞིག་ལ་གཙང་སྦྲ་བྱས་ཏེ་སྤྱིལ་བུ་ཞིག་ཕུབ་མོད། དེ་མ་ཐག་དགོན་པ་གཞན་གྱི་གྲྭ་བ་དག་ཡོང་སྟེ་ཁོ་ཚོའི་ས་ཡིན་ཞེས་སྡིགས་དམོད་བྱས་ཏེ་ས་ཕྱིར་འཕྲོགས་པས། འཕགས་པ་འོད་སྲུང་ཆེན་མོར་གསོལ་བ་བཏབ་ཅིང་རྗེས་སུ་ཡང་བསྐྱར་ཡོང་བའི་ཐུགས་སྨོན་དང་བཅས་ཕྱིར་ལོག

     སྤྱི་ལོ1904ལོར་ཁོང་སླར་ཡང་ཡུན་ནན་དུ་ཕེབས་ཤིང་ཁུང་མེན་ནས་ཆོས་གསུངས་པས་སྐྱེ་ཕོ་མོ་སུམ་སྟོང་ལྷག་གིས་ཁོང་གི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་ཞུས། དེ་ལྟར་རིམ་བཞིན་ཁུང་མེན་དུ་ཁོང་གི་གདུལ་བྱ་རྒྱས་ཤིང་མཚན་སྙན་འབར། སླར་ཡང་སྐྱེ་ཕོ་མོ་བཞི་སྟོང་ལྷག་གིས་སྐྱབས་འགྲོ་དང་དགེ་བསྙེན་གྱི་སྡོམ་པ་ཞུས། ལོ་དེའི་ཟླ་བརྒྱད་པར་ཁོང་སླར་ཡང་སྔར་གྱི་གྲོགས་པོ་སློབ་དཔོན་ཅེ་ཁྲིན་དང་མཉམ་དུ་རི་བོ་བྱ་རྐང་ཅན་དུ་ཕེབས།

    ཁོང་རི་བོ་བྱ་རྐང་ཅན་དུ་ཕེབས་པའི་དགོང་མོར་མཚན་ལམ་དུ་འཕགས་པ་འོད་སྲུང་ཆེན་མོ་དངོས་སུ་བྱོན་ཅིང་། གསེར་འོད་འཕྲོ་བའི་ཆོས་གོས་འདི་ནི་བཅོམ་ལྡན་འདས་ཀྱིས་བདག་ལ་གནང་ཞིང་། བདག་གིས་རི་འདིར་སྦས་ཡོད་པས་མ་རུལ་མ་རྙིང་བར་མ་འོངས་པ་ན་རྒྱལ་བ་བྱམས་པ་མགོན་པོ་འབྱོན་སྐབས་དེ་ལ་འབུལ་དགོས། ཁྱོད་ཀྱིས་གནས་འདིའི་ཆོས་གཞི་སླར་གསོ་བྱ་འདོད་པ་ཤིན་ཏུ་ལེགས། སྔར་སྟོན་པ་བཅོམ་ལྡན་འདས་ལའང་བདུད་ཀྱིས་བར་ཆད་བརྩམས་པ་མང་དུ་ཡོད་པ་བཞིན་ཁྱོད་ལའང་བར་ཆད་མང་དུ་རྩོམ་མཁན་ཡོད་ཀྱང་དཔའ་མ་ཞུམ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་མགོན་སྐྱོབ་འོག་རིང་མིན་གནས་འདིར་དམ་པའི་ཆོས་དར་ཞིང་རྒྱས་པར་འབྱུང་བས་སྙིང་སྟོབས་བསྐྱེད་ཅིག་ཅེས་གསུངས་པ་རྨིས་པས་དེ་མ་ཐག་གཉིད་ལས་སད་ཅིང་ཕྱག་འཚལ།

     དེ་ནས་བཟུང་ཁོང་དང་སློབ་དཔོན་ཅེ་ཁྲིན་རྣམ་གཉིས་ཀྱིས་ཉིན་རེ་བཞིན་ནགས་ནས་ཤིང་བཅད་ཅིང་། ས་འཁུར་ཏེ་རླུང་དང་ཆར་ལ་གཞོལ་ཐུབ་པའི་ཁང་བ་ཕུབ། གནས་མལ་དང་ཟས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ནའང་མི་ལོ་ཉིས་བརྒྱའི་རིང་ལ་དགེ་འདུན་པ་དགོན་པར་སྣེ་ལེན་བྱེད་པའི་ཕྱག་སྲོལ་ཉམས་པ་རྣམས་སླར་གསོས། འོན་ཀྱང་སྐྱེ་བོ་ངན་པས་ཕྲག་དོག་བྱས་ཏེ་ཁོང་གི་བཞུགས་མལ་དེ་ཡང་མེར་བསྲེགས་མོད། ཁོང་གི་སྐུ་ལ་མེ་སྐྱོན་ཅི་ཡང་མ་ཞུགས། ཁོང་གི་སློབ་མ་དག་གིས་གནས་ཚུལ་དེ་ཐོས་པས་འཕྲལ་དུ་ཡོང་སྟེ་བཞུགས་གནས་གསར་དུ་བསྐྲུན།

    དེ་ནས་བཟུང་ཁོང་གིས་རི་བོ་བྱ་རྐང་ཅན་འདིར་གནས་གཞི་ཟིན་ཏེ་རིམ་བཞིན་འཕྲིན་ལས་རྒྱས། དགོན་པ་སླར་གསོ་དང་རྒྱལ་བའི་བཀའ་རིན་པོ་ཆེ་ཡང་ཐའེ་ལེན་ཊའི་རྒྱལ་ས་མན་ཀུའུ་ནས་སྤྱན་དྲངས་ཏེ་རི་བོ་འདིར་བཞུགས་སུ་གསོལ་བ་སོགས་ཕྱག་རྗེས་ཤིན་ཏུ་ཆེ།

    ཁོང་ནི་རྒྱལ་ཁབ་གསར་བའི་ཙུང་ལི་ཀྲུའུ་ཨིན་ལེ་ཡི་བླ་མ་ཡིན་པས་མོའོ་ཙེ་ཏུང་གིས་ཀྱང་ཁྱོད་ཚུར་ཤོག་ཅེས་སྐད་བཏང་བར། གནའ་ནས་བཟུང་རྒྱལ་བོ་རྣམས་བླ་མའི་དྲུང་དུ་ཚུར་བྱོན་པ་ལས་བླ་མ་ཕར་བྱོན་པའི་ལོ་རྒྱུས་མེད་གསུངས་ཏེ་མ་བྱོན། སྐབས་ཤིག་ཞག་བདུན་ཅུ་རྩ་གྲངས་ལ་གསོལ་བ་སོགས་ཅི་ཡང་མ་གསོལ་བར་ཏིང་ངེ་འཛིན་ལ་བཞུགས། སློབ་མ་རྣམས་སྐྲག་སྟེ་ཅི་བྱ་གཏོལ་མེད་དུ་གྱུར། རྗེས་སུ་ཁོང་ཏིང་ངེ་འཛིན་ལས་བཞེངས་ཏེ་དགའ་ལྡན་ཡུལ་དུ་རྗེ་བཙུན་བྱམས་མགོན་གྱི་དྲུང་ནས་བྱམས་ཆོས་གསན་ཚུལ་སོགས་གསུངས།

    སྤྱི་ལོ་1959ལོར་གཟིམས་ཁང་དུ་འོད་ངོ་མཚར་བ་སྣ་ཚོགས་འཚེར་བ་སོགས་རྟགས་མཚན་ངོ་མཚར་བ་དང་བཅས་དགུང་ལོ་བརྒྱ་དང་ཉི་ཤུའི་སྟེང་སྐུ་གཤེགས། དམ་པ་འདི་བའི་རྣམ་ཐར་རྒྱས་པར་བཤད་ན་གླེགས་བམ་དུ་ལོངས་པ་ཞིག་ཡོད་ཀྱང་འདིར་ནི་རེ་ཞིག་རི་བོ་བྱ་རྐང་ཅན་དུ་ཕེབས་པའི་ཚུལ་མདོར་བསྡུས་ཏེ་བཀོད་པའོ། །

    《སྤྲིན་པའི་ལྷོ་མཐའ་ཉུལ་པའི་གཏམལས་བཤུས།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།